རྩོམ་པ་པོ། ཚངས་དབང་དགེ་འདུན་བསྟན་པ།
སྤྱིར་བོད་ཟམ་ལ་རིགས་ཀྱི་སྒོ་ནས་དབྱེ་ན་གཉིས་ཡོད་པ་འདྲ་སྟེ། ཤིང་ཟམ་དང་ལྕགས་ཟམ་མོ།། ཟམ་པ་ནི་འཛུགས་སྐྲུན་གྱི་ལས་སུ་གཏོགས་ཤིང་གནའ་བོའི་སྐབས་སུ་བཟོ་བཀོད་སྒྱུ་རྩལ་གྱི་ཁོངས་སུ་གཏོགས་པ་ཡིན།
གནའ་བོའི་བོད་ཀྱི་ཟམ་པ་འཛུགས་སྐྲུན་ནི་ལྟོས་འཇོག་གིས་བཤད་ན། སྔོན་མཐོན་གྱི་གྲས་ཡིན། རྒྱལ་རབས་གསལ་མེ་རུ། “རྒྱལ་པོའི་སྐུ་མཁར་དང་། བཙུན་མོའི་སྐུ་མཁར་གཉིས་ཀྱི་བར་ལྕགས་ཟམ་གྱིས་སྦྲེལ། དེའི་འོག་ན་དར་དང་། རྔ་ཡབ། དྲིལ་བུ་གཡེར་ཁའི་འཁྲོལ་བ།” ཞེས་པར་གཞིགས་ན། བོད་བཙན་པོའི་སྐབས་ནས་ལྕགས་ཟམ་དར་རྒྱས་བྱུང་ཡོད་པ་ཤེས་ཐུབ།
ལར་བོད་ཟམ་མང་ཤོས་ནི་ས་གནས་དཔོན་པོ་དང་མི་སྒེར་གྱིས་བཙུགས་པ་སོགས་ཅི་རིགས་ཡོད། ས་གནས་དཔོན་གྱིས་བགྱིས་པའི་ཟམ་པ་ནི། ཉང་ཆུ་ཟམ་པ་མིག་དྲུག་ལྟ་བུ་རེད། དེ་ནི་རྒྱལ་རྩེའི་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱིས་བཙུགས་པ་དང་། མི་སྒེར་གྱིས་བྱས་པ་ནི་ལྷ་རྩེའི་ལྕགས་ཟམ་ལྟ་བུ་སྟེ། ཐང་སྟོང་རྒྱལ་པོས་བྱས་པ་ལྟ་བུ་རེད།
གནའ་བོའི་དབུས་གཙང་གི་གཞས་ཚིག་ནང་དུ་ཟམ་པ་དང་འབྲེལ་བའི་ནང་དོན་དུ་མ་ཞིག་སྣང་སྟེ། དཔེར་ན།
གནས་རི་གསུམ་པ་ཉི་ཤང་འགུར་རྟ་རི།།
དབང་ཕྱུག་མི་ལ་རས་པའི་སྒྲུབ་གནས་རེད།།
ཁྱི་ར་རས་པ་རྗེས་སུ་བཟུང་གནས་རེད།།
གནས་རི་བཞི་པ་ལྕགས་ཟམ་ཆུ་བོ་རི།།
གྲུབ་དབང་ཐང་སྟོང་རྒྱལ་པོའི་བཞུགས་གནས་རེད།།
ཟམ་ཆེན་ཟམ་ཆུང་བཀའ་བཀོད་གནང་ས་རེད།།
ཅེས་པ་དང་།
ཐང་སྟོང་རྒྱལ་པོའི་རྣམ་ཐར་ཁག་ཏུ་གསལ་བ་ལྟར་ན། ཐང་སྟོང་རྒྱལ་པོས་སྐུ་ཚེ་གང་བོར་བོད་ཡུལ་དུ་ལྕགས་ཟམ་ལྔ་བཅུ་ང་བརྒྱད་དང་། གྲུ་ཤན་བརྒྱ་དང་བཅོ་བརྒྱད། ཤིང་ཟམ་དྲུག་ཅུ་ཙམ་བཙུགས་ཤིང་བཟོས་ཞེས་བཤད།
ཀརྨ་པ་སྐུ་ཕྲེང་གོང་མ་(བཞི་པ་དང་ལྔ་པའི་སྐབས)འགས་ཀྱང་བོད་ཡུལ་དུ་ལྕགས་ཟམ་འགའ་བཙུགས་པའི་གནས་ཚུལ་རྣམ་ཐར་ཁག་ཏུ་གསལ་བ་དང་། གཞན་འབྲུག་པ་པདྨ་དཀར་པོས་ཀྱང་ཟམ་པ་བཙུགས་པའི་ལོ་རྒྱུས་རྣམ་ཐར་དུ་གསལ་ལོ།།
དེང་སང་བོད་ཡུལ་ན་གནའ་བོའི་བོད་ཀྱི་ཤིང་ཟམ་ཁྱད་པར་ཅན་དེ་འདྲ་ལྷག་ཡོད་པ་ཤིན་ཏུ་ཉུང་། བསྐྱར་གསོའི་སྐབས་སུ་རྨང་ནས་ཞིག་པ་དང་ཡང་ན་སྔོན་མའི་རྣམ་པ་སོར་བཞག་མི་བྱེད་པར་ངོ་བོ་འགྱུར་བ་སོགས་ཀྱི་རྐྱེན་གྱིས་ཡོངས་སུ་ཉམས་འདུག ཡིན་ནའང་། སྔོན་གྱི་བོད་ཟམ་དང་འབྲུག་ཟམ་གཉིས་ཀྱི་བཟོ་བཀོད་ཀྱི་རྣམ་པ་དང་བཟོ་དབྱིབས་ཧ་ལམ་གཅིག་པ་རེད། དེའི་ཕྱིར། དེང་གི་འབྲུག་པའི་ཤིང་ཟམ་རྣམ་ལ་བལྟས་ན་བོད་ཀྱི་ཤིང་ཟམ་དེ་དག་གང་འདྲ་ཡིན་པ་སྤྱི་དོན་ཞིག་ཤེས་ཐུབ་སྙམ།
ཐང་སྟོང་རྒྱལ་པོས་ཅི་ཞིག་ལ་དེ་འདྲའི་ཟམ་ཆེན་ཟམ་ཆུང་མང་པོ་ཞིག་འཛུགས་དགོས་པ་ནི། ཐེངས་ཤིག་ལ་ཁོང་སྐྱིད་ཆུར་བརྒལ་སྐབས་གྲུ་གླ་མེད་པས། མཉན་པས་ཁོ་ལ་གྲུ་ཤིང་གིས་མང་དུ་བརྡུངས་པས། ཁོས་ན་ཟུག་མ་བཟོད་པར་ཞུ་བ་ཞུས་ཀྱང་མཉན་པས་གྲུ་གླ་མེད་ན་གྲུ་ལ་བསྡད་དོན་ཅི་ཞེས་ཡང་ཡང་བརྡུངས་པ་ལ། ཁོང་གི་སེམས་ལ་ང་དང་ང་འདྲ་བའི་གྲུ་གླ་མེད་པ་མང་པོས་འདི་ལྟར་སྡུག་བསྔལ་མྱང་དགོས་པ་རེད་བསམས་ནས་ཟམ་པ་འཛུགས་རྒྱུའི་ཀུན་སློང་ཐོག་མ་དེ་ནས་སྐྱེས་གསུངས།
གཤམ་དུ་ངས་འདི་ནས་བོད་ཀྱི་ཟམ་པ་ཞིག་ངོ་སྤྲོད་ཞུ་རྒྱུ་ཡིན། དེ་ནི་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱིས་བཙུགས་པའི་ཉང་ཆུའི་ཟམ་པ་མིག་དྲུག་མ་བྱ་བ་དེ་ཡིན། ཟམ་པ་དེ་ཇི་ལྟར་འཛུགས་པའི་ལོ་རྒྱུས་མདོར་བསྡུས་ཤིག་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱི་རྣམ་ཐར་དུ་གསལ་བས། ང་ཚོས་ཐོག་མར་དེ་རུ་ཇི་ལྟར་བཤད་ཡོད་ཚུལ་རྒྱུས་ལོན་རགས་ཙམ་བྱ།
“ཆོས་རྒྱལ་དགུང་ལོ་ཉི་ཤུ་རྩ་དྲུག་བཞེས་པ་ཤིང་ཕོ་རྟའི་ལོ་ལ།(1414)སྲིད་པའི་མཚོ་ལས་སྒྲོལ་བར་འདོད་པའི་འགྲོ་བ་རྣམས། ཕ་རོལ་དུ་ཕྱིན་པ་དྲུག་གི་ལམ་ལ་བརྟེན་ན་དེ་ཉིད་ལས་ཐར་ཏེ། མཐར་བྱང་ཆུབ་ཆེན་པོ་ཐོབ་པར་འགྱུར་ཞེས་པའི་བརྡར་ཆུ་བོ་ཆེན་པོ་ཉང་ཆུ་ལ་བཀོད་པས་ཕུལ་ཏུ་ཕྱིན་པའི་ཟམ་ཆེན། མིག་དྲུག་དང་ལྡན་པའི་དབུས་ན། བྱང་ཆུབ་ཆེན་པོའི་མཆོད་རྟེན་ཁྲི་ལམ་ཅན་དུ་བཞུགས་པའི་ནང་། ཀུན་རིག་རྩ་བའི་དཀྱིལ་འཁོར། ཤཱཀྱ་སེང་གེའི་སྐུའི་དཀྱིལ་འཁོར། ཚེ་དཔག་མེད་གསུང་གི་དཀྱིལ་འཁོར། ཕྱག་ན་རྡོ་རྗེ་ཐུགས་ཀྱི་དཀྱིལ་འཁོར། མེ་ལྟར་འབར་བ་འཕྲིན་ལས་ཀྱི་དཀྱིལ་འཁོར། རྡོ་རྗེ་མི་འཁྲུགས་པའི་དཀྱིལ་འཁོར། གཙུག་ཏོར་དྲི་མ་མེད་པའི་དཀྱིལ་འཁོར། དོན་ཡོད་ཞགས་པ་ལྷ་ལྔའི་དཀྱིལ་འཁོར་རྣམས་སྟེང་ཕྱོགས་ཀྱི་ངོས་ལ་བཞུགས་ཤིང་། ལོགས་རྣམས་ལ་འདྲེན་མཆོག་ཤཱཀྱའི་རྒྱལ་པོ། རྡོ་རྗེ་སེམས་དཔའ། སངས་རྒྱས་སྨན་གྱི་བླ། ” ཞེས་གསལ།
གོང་འཁོད་ཀྱི་ནང་དོན་ལས་ང་ཚོས་གསལ་བོར་ཤེས་ཐུབ་པ་ཞིག་ནི། ཉང་ཆུའི་ཟམ་པ་མིག་དྲུག་མ་ནི་ཟམ་པ་ཙམ་མ་ཡིན་པར། བཟོ་བཀོད་ཀྱི་ཕྱིའི་དབྱིབས་ནི་མཆོད་རྟེན་གྱི་རྣམ་པ་དང་། ནང་དུ་དཀྱིལ་འཁོར་མང་པོ་བྲིས་ཡོད་པ་མ་ཟད། ཤཱཀྱ་ཐུབ་པ་དང་། སྡིག་སྦྱོང་གི་ལྷ་རྡོ་རྗེ་སེམས་དཔའ། སྨན་བླ་སོགས་ཀྱི་སྐུ་བརྙན་ཡང་ལྡེབས་རིས་སུ་བྲིས་ཡོད་པ་དང་། ཆུ་ལ་བརྒལ་བའི་འཇིགས་སྣང་ནི་འཁོར་བའི་སྡུག་བསྔལ་ལས་ཐར་བ་དང་དཔེ་དོན་མཚུངས་པའི་གནས་ལུགས་ངོ་སྤྲོད་བྱས་ཡོད་པ་རེད། ད་དུང་མིག་དྲུག་དང་མིག་དགུ་སོགས་ཀྱང་ཆེད་དུ་རིགས་དྲུག་དང་ཕྱིན་དྲུག་དང་ཐེག་དགུ་སོགས་ཀྱི་མཚོན་དོན་ཡིན་པ་སོགས་ཀྱང་བཤད་མ་དགོས་པ་ཞིག་རེད།
དེས་ན་བོད་ཀྱི་མིས་བྱས་པའི་བཟོ་བཀོད་སྒྱུ་རྩལ་གྱི་ཁྱད་ཆོས་ནི་ཕྱིའི་རྣམ་པ་གཅིག་པུ་ཙམ་མ་ཡིན་པར།ནང་སེམས་ཀྱི་འཇིག་རྟེན་གྱི་གནས་ལུགས་དུ་མ་ཞིག་ཕྱི་ལ་མངོན་པར་མཚོན་པ་ཞིག་ཡིན་པ་གོང་བཤད་ཀྱི་ནང་དོན་ཁག་ལ་བརྟགས་ན་ཤེས་ནུས་སོ།།
2017/3/017/ ལ།