རི་བོ་བྱ་རྐང་གསར་དུ་རྙེད་པ།

1563

 
  རྩོམ་པ་པོ།  རྩིས་ཆེ་ལེགས་མཐོང་གིས། 
17321471_1343799925677504_110331166_n.jpg

            དེ་ཡང་ཐེག་པ་ཆེན་པོའི་ཤིང་རྟ་ཆེན་པོ་གཉིས་ལས་གཅིག་སྟེ་འཕགས་པ་ཐོགས་མེད་ནི་དགུང་ལོ་ཆུང་དུས་ནས་སངས་རྒྱས་ཀྱི་གསུང་རབ་ཀུན་ལ་མཁས་པར་གྱུར་ཀྱང་ཚིག་མང་ལ་དོན་ཟབ་པའི་ཤེར་ཕྱིན་གྱི་མདོ་སྡེའི་སྦས་དོན་རྣམས་ཚུལ་བཞིན་དུ་མ་རྟོགས་པས་དགའ་ལྡན་གྱི་གནས་སུ་བཞུགས་པའི་རྒྱལ་ཚབ་བྱམས་པ་མགོན་པོ་སྒྲུབ་པའི་དོན་དུ་རི་བོ་བྱ་རྐང་ཞེས་གྲགས་པའི་གནས་སུ་ཕེབས་ནས་རྩེ་གཅིག་ཏུ་སྒྲུབ་པ་མཛད། རྟགས་དང་མཚན་མ་གང་ཡང་མ་བྱུང་བས་ཐུགས་ཆད་ནས་ཐེངས་གསུམ་རི་ལས་འབབ་པར་བརྩམས་པ་ན་བྱ་སྒྲོ་དང་ཆུ་ཐིགས་ཀྱིས་བྲག་ཟད་པར་བྱས་པ་དང་། རས་བལ་གྱིས་ལྕགས་བརྡར་ནས་ཁབ་མང་དུ་བཟོ་བའི་རྒད་པོ་ཞིག་གིས། སྙིང་སྟོབས་ལྡན་པའི་སྐྱེས་བུ་ཡིས། །བསྒྲུབས་ན་མི་འགྲུབ་གང་ཡང་མེད། །ཅེས་སྨྲས་པ་བཅས་ཀྱིས་བརྩོན་པ་བསྐྱེད་དེ་ལོ་བཅུ་གཉིས་ཀྱི་རིང་དུ་རྒྱལ་བ་བྱམས་པ་བསྒྲུབས་ཀྱང་མ་གྲུབ། མཐར་ཁྱི་མོ་ལུས་སྨད་འབུས་ཟོས་པ་གཟིགས་པའི་རྐྱེན་གྱིས་སྙིང་རྗེ་ཆེན་པོ་འཁྲུངས་པ་ལ་བརྟེན་ནས་རྒྱལ་བ་བྱམས་པ་དངོས་སུ་མཇལ་ནས་དགའ་ལྡན་དུ་ཕེབས་ཤིང་བྱམས་ཆོས་སྡེ་ལྔ་གསན་པའི་རྣམ་ཐར་འདི་ནི་སྙན་གྲགས་ཤིན་ཏུ་ཆེ་བའི་ལོ་རྒྱུས་ཤིག་ཡིན་པས་ཞིབ་ཏུ་གླེང་མི་དགོས། 

འོན་ཀྱང་འཕགས་པ་ཐོགས་མེད་ནི་དེང་སང་Pakistan པ་ཀི་སི་ཐན་གྱི་ས་ཆ་Peshwar པེ་ཤ་ཝར་ཁུལ་དུ་འཁྲུངས་པ་ལ། རྒྱ་གར་ཡུལ་དབུས་སུ་ཡོད་པའི་རི་བོ་བྱ་རྐང་འདིར་ཕེབས་ནས་སྒྲུབ་པ་མཛད་པ་ལ་རྒྱུ་མཚན་གལ་ཆེན་ཡོད་པ་བཤད་མ་དགོས་ཤིང་། དེ་ཡང་གཙོ་བོ་སངས་རྒྱས་ཀྱི་སློབ་མའི་མཆོག་གནས་བརྟན་འོད་སྲུང་ཆེན་པོ་ཞེས་པ་སངས་རྒྱས་སྐུ་དངོས་ཀྱིས་ཆོས་གོས་བརྗེས་ཤིང་གདན་ཕྱེད་གནང་ནས་རྒྱལ་ཚབ་ཏུ་མངའ་གསོལ་བས་ཕྱིས་སུ་སྟོན་པའི་བཀའ་ཡི་བསྡུ་བ་མཛད་པ་པོ་གཙོ་བོར་གྱུར་པ་དེ་ཉིད་ཀྱི་རྣམ་ཐར་གྱིས་ཐུགས་རྒྱུད་བསྐུལ་བ་ཞིག་ཡིན་ངེས། དེ་ཡང་འོད་སྲུང་ཆེན་པོ་སྐུ་གཤེགས་ཚུལ་སྐོར་ལ་ཐེག་པ་ཆེ་ཆུང་ཐམས་ཅད་ཀྱི་གསུང་རབ་རྣམས་མཐུན་པ་བཞིན་བུ་སྟོན་གྱིས་ཆོས་བྱུང་ལས། “ལྷོ་བྱ་རྐང་གི་རི་ལ་འཛེགས་ཏེ། རི་གསུམ་གྱི་དབུས་སུ་རྩྭ་བཏིང་སྟེ། བཅོམ་ལྡན་འདས་ཀྱི་ཕྱག་དར་ཁྲོད་ཀྱི་སྣམ་སྦྱར་གྱོན་ཏེ། བྱམས་པའི་གསུང་རབ་རྒྱས་ཀྱི་བར་དུ་མི་ཉམས་པར་བྱིན་གྱིས་བརླབས་ཏེ་ཆོ་འཕྲུལ་དུ་མ་བསྟན་ནས་མྱ་ངན་ལས་འདས་སོ།” ཞེས་གསུངས་པ་ལྟར་འོད་སྲུང་ཆེན་པོ་འགོག་པའི་སྙོམས་འཇུག་ལ་བཞུགས་ནས་ད་ལྟའི་བར་རྒྱལ་བ་བྱམས་པ་བསྒུགས་ནས་བཞུགས་པའི་གནས་ཀྱང་འདི་ཉིད་ཡིན་པས་རེད།

     འདས་པའི་དུས་སུ་གནས་འདིའི་སྙན་གྲགས་ཀྱིས་རྒྱ་གར་ཙམ་མ་ཟད་རྒྱ་ནག་སོགས་གང་སར་ཁྱབ་པས་རྒྱ་ནག་ནས་རྒྱ་གར་དུ་གནས་མཇལ་དུ་ཕེབས་པའི་བཙུན་པ་གཡི་ཅིང་གི་རྣམ་ཐར་དུ་བཙུན་པ་ཁོང་རྒྱ་ནག་ཏུ་ཡོད་སྐབས་ནས་གནས་འདི་མཇལ་བར་ཕེབས་པའི་གཟིམས་ལམ་བྱུང་ཚུལ་རྣམ་ཐར་དུ་འཁོད་ཡོད། དུས་རབས་བཅུ་གསུམ་པའི་ནང་དུ་གནས་འདིར་གསང་སྔགས་ཀྱི་གྲུབ་ཐོབ་ཀྱང་མང་དུ་བཞུགས་པ་ཁ་ཆེ་པཎ་ཆེན་གྱི་རྣམ་ཐར་དུ་གསལ་བ་དང་། དེ་རྗེས་དུས་རབས་བཅུ་དྲུག་པའི་ནང་བོད་དུ་བྱོན་པའི་བླ་མ་སངས་རྒྱས་སྦས་པའི་རྣམ་ཐར་གྱི་ནང་དུ་ཁོང་འདིར་ཕེབས་མྱོང་ཚུལ་འཁོད་པ་ལས་གཞན་དེ་རྗེས་ལོ་མང་རིང་འདིའི་སྐོར་གླེང་སློང་བྱས་པའི་ཡིག་ཆ་མེད་པ་དང་། ལྷག་པར་དུས་རབས་བཅུ་པའི་ནང་ཙམ་དུ་དེང་སང་ཡུན་ནན་དུ་ཡོད་པའི་རི་བོ་ཞིག་ལ་འདྲ་མཚུངས་ཀྱི་སྒོ་ནས་རི་བོ་བྱ་རྐང་ཞེས་གྲགས་པར་བརྟེན་ད་ལྟ་རྒྱ་ནག་པ་མང་པོ་རི་བོ་བྱ་རྐང་དངོས་དེ་རྒྱ་གར་དུ་ཡོད་པར་ཐོས་ན་ཧོན་འཐོར་གྱི་ཡོད།


         འོ་ན་ད་ལྟ་རི་བོ་བྱ་རྐང་དངོས་དེ་གང་དུ་ཡོད་དམ་སྙམ་ན།  ཇོ་ནང་ཏཱ་ར་ནཱ་ཐས་རྒྱ་གར་ཆོས་བྱུང་ལས་ཐོགས་མེད་ཀྱི་རྣམ་ཐར་ཐད་དུ། “གུར་པ་པརྦ་སྟེ། གསུང་རབ་ལས་ཀུག་ཀུ་ཊ་པཱ་ད་པརྦ་ཏ། རི་བོ་བྱ་རྐང་ཅན་དུ་གྲགས་པ།” ཞེས་གསུངས་པ་ལྟར། འདི་ལ་རྒྱ་གར་གྱི་སྐད་དུ་ཀུཀྐུ་ཊ་པཱ་ད་གི་རི་ཞེས་པ་སྟེ་བོད་སྐད་དུ་རི་བོ་བྱ་རྐང་ཞེས་ཀྱང་གྲགས་ཤིང་། གུ་རུ་པཱ་ད་ཞེས་ཀྱང་འབོད། ཀུཀྐུ་ཊ་ཞེས་པ་ནི་བྱ་དེ་ལ་གོ་བས་རྒྱ་ནག་གི་སྐད་དུ་ཡང་ཅི་ཛུ་ཧྲན་ཞེས་བྱ་དེ་ཕོའི་རྐང་པའི་རི་ཞེས་པར་བསྒྱུར་ཡོད། པཱ་ད་ཞེས་པ་ནི་རྐང་པ་ལ་གོ་བ་ལ་གུ་རུ་པཱ་ད་ཞེས་པ་འདི་བླ་མའི་ཞབས་ཞེས་པར་བསྒྱུར་ན་བཟང་བར་སྙམ། དེང་སང་རྒྱ་གར་བ་རྣམས་ཀྱིས་ལེགས་སྦྱར་རང་གི་མིང་རྙིང་པ་ལས་ཀྱང་གུ་རུ་པཱ་ད་ཞེས་འབོད་པའམ་ཡང་ན་དེ་བསྡུས་ནས་གུར་པ་ཞེས་འབོད་སྲོལ་ཆེ། 

       རྒྱ་གར་དུ་ཡོད་པའི་ནང་པའི་གནས་མང་པོ་ཁ་ཆེས་གཏོར། ཧིན་དུས་འཕྲོགས། ནང་པས་གནས་དངོས་ལ་སྣང་མེད་དང་འབྲེལ་གནས་གསར་པ་མང་པོ་གསར་བཟོ་བྱས་པ་སོགས་ཀྱིས་རི་བོ་བྱ་རྐང་འདི་ཡང་ལས་སླ་པོས་རྙེད་ཅིང་གཏན་འབེབས་བྱུང་བ་ཞིག་མ་ཡིན་པར་དེའི་སྔོན་དུ་རི་བོ་བྱ་རྐང་དུ་ངོས་བཟུང་བའི་ས་ཆ་གལ་ཆེན་གཉིས་ཡོད་པ་ལས། གཅིག་ནི་དུས་རབས་བཅུ་དགུ་པའི་ནང་དུ་ནང་པའི་གནས་རྙིང་མང་པོ་ངོས་འཛིན་གནང་མཁན་མཁས་པ་ཆེན་པོ་Alexander Cunningham ཀན་ནིང་གམ་གྱིས་ངོས་འཛིན་གནང་བ་སྟེ་ད་ལྟ་ག་ཡ་རུ་ཡོད་པ་ Pathraura པཐ་རོ་ར་ཞེས་འབོད་པའི་རི་དེ་ཡིན་པ་དང་། གཅིག་ནི་དེ་རྗེས་༡༨༩༩ ལོར་Sir Aural Stein ཨོ་རལ་སི་ཊེན་གིས་ངོས་འཛིན་བྱས་པ་སྟེ་བྷི་ཧར་གྱི་ལྷོ་ཕྱོགས་སུ་ཡོད་པའི་ Sobhnath སོ་བྷ་ནཐ་ཞེས་པའི་རི་བོ་དེ་ཡིན་ན་ཡང་། དེ་གཉིས་ལ་རྒྱའི་བཙུན་པ་རྣམས་ཀྱི་ལམ་ཡིག་ཏུ་འབྱུང་བའི་རི་བོ་ངོས་གཟར་བ་དང་། བྲག་ཕུག་སོགས་ལོ་རྒྱུས་ཀྱི་ནང་དུ་འཁོད་པའི་མཚན་ཉིད་དེ་དག་ཚང་མེད་པས་ཕྱིས་ཀྱི་མཁས་པ་རྣམས་ཀྱིས་ངོས་ལེན་གནང་མེད། 

        ད་ལྟ་ཡོངས་སུ་གྲགས་པ་འདི་ཉིད་ནི་རྒྱ་གར་ཤར་ཕྱོགས་ཀྱི་མངའ་སྡེ་བྷི་ཧར་ནང་རོལ་དུ་གནས་མཆོག་རྡོ་རྗེ་གདན་ནས་སྤྱི་ལེ་བཞི་བཅུའི་སར་ཡོད་ཅིང་། སྤྱི་ལོ་༡༩༠༦ ལོར་Streegopal Bose བྷོ་སེ་དང་། Rakhal Das Banerji བྷ་ནེར་ཇི་གཉིས་ཀྱིས་གསར་དུ་རྙེད་པ་ཞིག་རེད། ས་ཆ་འདི་ལ་ཕྱིས་སུ་ཡང་ས་གནས་ཀྱི་མི་ཚོས་གུར་པ་ཞེས་འབོད་པ་ནི་འདིའི་མིང་རྙིང་པར་གུ་རུ་པཱ་ད་ཞེས་གྲགས་པ་དང་མཐུན་པའི་ཐོག གནའ་རྫས་སྔོགས་འདོན་པས་བརྟག་དཔྱད་བྱས་པའི་བརྒྱུད་ཤེས་རྟོགས་བྱུང་བ་ལ་རི་བོའི་རྩེ་ལ་སངས་རྒྱས་ཀྱི་སྐུ་མང་དུ་ཡོད་ཅིང་། རྗེ་བཙུན་སྒྲོན་མའི་སྐུ་ཡང་རེ་ཟུང་ཡོད་པ་དང་། ད་དུང་མཆོད་རྟེན་གྱི་ཞིག་རོ་ཡང་མི་ཉུང་བ་རྙེད་སོན་བྱུང་ཡོད་ན་ཡང་ད་ལྟ་སྐུ་དེ་དག་ནི་གཅིག་ཀྱང་མ་ལྷག་པར་བོར་ཟིན་པར་བཤད། ཞབས་རྗེས་འགའ་ཤས་རྙེད་སོན་བྱུང་བ་ལ་རི་མོའི་ནང་དུ་བོད་ལུགས་ཀྱི་རི་མོའི་རྣམ་པ་ཡོད་པའི་རྡོ་རྗེ་དང་དྲིལ་བུ་སོགས་བརྐོས་ཡོད་པས་ན་ནང་པའི་ཞབས་རྗེས་ཡིན་པར་ངེས་ཀྱང་རི་མོ་དེ་དག་ཕྱིས་སུ་བརྐོས་པ་ཡིན་པའི་རྣམ་པ་གསལ།

        ད་དུང་གལ་ཆེ་ཤོས་ལ་ས་ཆ་འདིར་འོད་སྲུང་དང་ཐོགས་མེད་ཀྱི་རྣམ་ཐར་ནང་དུ་འཁོད་པའི་མཚན་ཉིད་རྣམས་ཚང་བའི་ཐོག ཤུན་ཙང་སོགས་རྒྱ་ནག་གི་གནས་སྐོར་བ་རྣམས་ཀྱི་ལམ་ཡིག་ཏུ་འཁོད་པའི་མཚན་ཉིད་རྣམས་ཀྱང་ཕལ་ཆེར་ཚང་ཡོད། ཕལ་ཆེར་ཞེས་བརྗོད་པའི་རྒྱུ་མཚན་ནི་ས་ཐག་གི་དབང་དུ་སྟེ་རྒྱ་ནག་གི་བླ་མ་རྣམས་གནས་སྐོར་ལ་ཕེབས་སྐབས་ས་ཐག་གི་ཚད་འཇལ་བར་ཆ་རྐྱེན་བཟང་པོ་མེད་པར་གཙོ་བོ་ཚོད་དཔག་ཙམ་དང་ཡང་ན་ས་གནས་ཀྱི་མི་ཚོའི་བཤད་སྲོལ་ཙམ་ལ་ཁུངས་བཅོལ་ནས་ལམ་ཡིག་ཏུ་བྲིས་པར་བརྟེན། ཆོས་སྣང་གི་ལམ་ཡིག་ཏུ་རི་བོ་བྱ་རྐང་ནི་རྡོ་རྗེ་གདན་ནས་ལྷོ་ཕྱོགས་སུ་ལི་གསུམ་གྱི་སར་ཡོད་པར་གསུངས་པ་ལ། རྒྱ་ནག་ལུགས་ཀྱི་ལི་རེ་ལ་མི་ལེ་གཅིག་གི་སུམ་ཆ་ཡོད་པས་འདི་ནི་དངོས་པོའི་གནས་ཚུལ་དང་མི་མཐུན་ཏེ་རྡོ་རྗེ་གདན་ནས་ལྷོ་ཕྱོགས་སུ་བརྩིས་ན་མི་ལེ་བརྒྱད་ཅུའི་ནང་རོལ་དུ་རི་བོ་གཅིག་ཀྱང་མེད་པས་སོ་ཞེས་མཁས་པ་རྣམས་གསུངས།

        ཐང་གི་བཙུན་པ་ཤུན་ཙང་ངམ་སྡེ་སྣོད་གསུམ་པས་རྡོ་རྗེ་གདན་གྱི་ཉེ་འགྲམ་ནས་འབབ་པའི་ཆུ་བོ་མོ་ཧ་ན་ནས་ལི་བརྒྱ་ཕྲག་ཙམ་གྱི་སར་ཡོད་པར་གསུངས་པ་ལ། ས་ཐག་གི་ཚད་གཞི་དེ་ནི་སྔར་བཤད་པའི་རི་གཉིས་ལ་ཅུང་ཟད་ཉེ་ན་ཡང་ཏག་ཏག་ཅིག་རི་བོ་གང་དུ་ཡང་ཁེལ་གྱི་མེད། དེ་ལས་ཀྱང་བཙུན་པ་གཡི་ཅིང་གིས་གསུངས་པ་དེ་ཉིད་གང་འཚམས་གནད་ལ་ཁེལ་བ་སྟེ། ཁོང་གིས་རི་བོ་བྱ་རྐང་ནི་ནཱ་ལནྡཱ་ནས་ལྷོ་ཕྱོགས་སུ་དཔག་ཚད་བདུན་གྱི་སར་ཡོད་པར་གསུངས་པ་ལ། དཔག་ཚད་བདུན་ལ་མི་ལེ་བཞི་བཅུ་ཙམ་ཡོད་ཅིང་། ད་ལྟའི་གུར་པ་ཡང་ནཱ་ལནྡཱ་ནས་ལྷོ་ཕྱོགས་སུ་བརྩིས་ནས་མི་ལེ་བཞི་བཅུའི་མཚམས་སུ་ཡོད། དེས་ན་ད་ལྟའི་གུར་པ་ཞེས་གྲགས་པ་འདི་ཉིད་རི་བོ་བྱ་རྐང་དུ་ངོས་བཟུང་ན་འོས་ཤིང་མཚམས་ཤོས་ཀྱི་རི་གཅིག་པུ་དེ་ཡིན་པས་ད་ལྟ་རྒྱ་གར་གཞུང་གི་གནས་ཆེན་གཟིག་རྟོག་སྡེ་ཚན་དག་གིས་ཀྱང་རི་བོ་བྱ་རྐང་དུ་ངོས་ལེན་གནང་ཡོད། རི་རྩེ་དེར་སྔར་ཧིན་དྷུ་ཆོས་ལུགས་ཀྱི་བདག་ཏུ་བཟུང་ནས་ཕྱི་པའི་ལྷ་ཁང་ཞིག་བཞེངས་པ་ནི་ལོ་བརྒྱ་ཕྲག་ཙམ་གྱི་སྔོན་དུ་ས་གནས་ཀྱི་རྒྱལ་པོ་ཞིག་གིས་བཞེངས་པར་བཤད། འོན་ཀྱང་ལ་དྭགས་ནས་ཡིན་པའི་དགེ་སློང་Ananda ཨཱ་ནནྡ་སོགས་ནང་བསྟན་ལ་ལྷག་བསམ་ཅན་འགའ་ཤས་ཀྱིས་དཀའ་སྤྱད་འབད་བརྩོན་གནང་ནས་ད་ལྟའི་ཆར་རི་རྩེ་ལ་ནང་པའི་མཆོད་རྟེན་ཞིག་དང་། སངས་རྒྱས་འོད་སྲུང་གི་སྐུ་འདྲ་སོགས་བཞེངས་ཡོད་པ་མ་ཟད། དེའི་དབུ་འབྱེད་ཀྱང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེས་གནང་བའི་ཚུལ་རྡོ་བརྐོས་ངོས་སུ་གསལ།

         གནས་འདི་གསར་དུ་རྙེད་པ་ཡིན་པས་བོད་ཀྱི་གནས་སྐོར་བ་འདིར་འགྲོ་མཁན་ཉུང་ན་ཡང་། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ་ནི་སྲོལ་རྒྱུན་གྱི་བླ་མ་བཅོས་ལྷད་མེད་པ་ཞིག་ཡིན་པ་བཞིན་གནས་གཟིགས་ལ་ཕེབས་པར་མོས་པ་དང་སྤྲོ་བ་ཤིན་ཏུ་ཆེ་བས་ལོ་ཤས་ཀྱི་སྔོན་དུ་ཁོང་ཁྲ་འགུ་རིན་པོ་ཆེ་དང་ལྷན་དུ་རི་བོ་བྱ་རྐང་ལ་ལན་གཅིག་ཕེབས་པ་ལ་དེ་དུས་ངོས་ཀྱང་སྐུ་འཁོར་གྱི་གྲལ་དུ་ཡོད་ཀྱང་རི་བོའི་རྩེ་བར་དུ་འཛེགས་པའི་དུས་ཚོད་མ་བྱུང་བས་ཅུང་ཟད་འདོད་པ་ཁེངས་པ་ཞིག་མ་བྱུང་། ཐེངས་འདིར་སླར་ཡང་སྤྱི་ལོ་༢༠༡༧ ཟླ་༡ ཚེས་༢ ཉིན་མོར་རྒྱལ་ཚབ་རིན་པོ་ཆེ་དང་འབོ་དཀར་མཁན་པོ་བློ་གྲོས་དོན་ཡོད་བཅས་གནས་འདིར་ཕེབས་པ་ལ་ངོས་ཀྱིས་ཀྱང་གོ་སྐབས་བླངས། ཆུ་ཚོད་བདུན་པ་མ་ཟིན་ཙམ་དུ་རླངས་འཁོར་ཆུང་བར་ཞུགས་ཏེ་རྡོ་རྗེ་གདན་ནས་ཐོན་པ་ལ། ཆུ་ཚོད་བརྒྱད་པ་ཡས་མས་ཙམ་དུ་རི་བོ་བྱ་རྐང་གི་ཉེ་འདབ་ཏུ་ཡོད་པའི་མེ་འཁོར་གྱི་ལམ་བརྒལ་ནས་རི་འདབས་སུ་འབྱོར། རིན་པོ་ཆེ་རྣམ་པ་ནི་རྒྱ་གར་བ་འགའ་ཤས་ཀྱིས་འདོ་ལི་ལ་བཏེགས་ནས་རི་ངོས་ནས་གདན་འདྲེན་ཞུ་བཞིན་པ་ལ་གཞན་གྲྭ་བཙུན་བརྒྱ་ཕྲག་བཞི་ལྔ་དང་། རྒྱ་ནག་གིས་མཚོན་པའི་འཛམ་གླིང་ཡུལ་གྲུ་འདྲ་མིན་ནས་ཡིན་པའི་རྒྱ་རིགས་གཙོ་བོར་གྱུར་པའི་དད་ལྡན་པ་ཡང་བརྒྱ་ཕྲག་ཡས་མས་རྣམས་སྔོན་ནས་གྱེན་དུ་འཛེགས་ཏེ་གང་མཚམས་སླེབས་ཟིན་པ་མཐོང་།

         རི་བོ་དེའི་མཐོ་ཚད་ལ་ཕུཊ་གཅིག་སྟོང་ལྷག་ཙམ་ཡོད་པར་བཤད་ཅིང་། རི་འདབས་ནས་མཇལ་དུས་རི་གསུམ་གྱི་རྩེ་མོ་དེ་ལ་བྱ་དེའི་རྐང་པའི་གཟུགས་དབྱིབས་ལྟ་བུ་ཡོད་པ་མཇལ་རྒྱུ་འདུག ད་ལྟའི་ཆར་ནགས་ཚལ་དཀྱིལ་ནས་ཤར་མར་རི་རྩེའི་བར་ཐེ་ཝན་ནས་ཡིན་པའི་སྦྱིན་བདག་ཅིག་གིས་རྡོ་ཡི་སྐས་འཛེགས་བཟོས་ནས་ཡོད་པ་ལ་ས་གནས་ཀྱི་སྤྲང་པོ་ཁ་བདེ་བ་དག་གིས་སྐས་འཛེགས་རིམ་པ་ཆིག་སྟོང་དྲུག་བརྒྱ་དང་བདུན་བརྒྱ་ཙམ་ཡོད་ཟེར། ངོས་ནི་འཛེགས་མ་ཐག་ཐང་ཆད་ཅིང་དབུགས་ཧལ་བ་སོགས་ཀྱིས་རང་གིས་རང་ལ་ཁྲེལ་དགོད་ཤོར་ཞིང་། རྒྱ་རིགས་འགའ་ཤས་ཀྱིས་ཀྱང་གནས་དེ་འདི་འདྲ་ཞིག་ཡོད་པ་དེ་སྔོན་མ་ཤེས་མ་གཏོགས་གཞན་དེ་རིང་འདིར་སླེབས་ས་མེད་ཟེར་བ་ཐོས། འོན་ཀྱང་མུ་མཐུད་འཛེགས་པས་ད་སྟེ་ལོ་ཆིག་སྟོང་ལྔ་བརྒྱ་ཙམ་གྱི་གོང་དུ་འདིར་གནས་སྐོར་ལ་འབྱོར་བ་བཙུན་པ་སྡེ་སྣོད་གསུམ་པས་ནུབ་ཕྱོགས་ལམ་ཡིག་ཏུ། “རི་བོ་འདི་ཉིད་ཤིན་ཏུ་མཐོ་ཞིང་ངོས་མི་མཉམ། ལུང་གཤོང་དང་གཅོང་རོང་རྣམས་འབིག་པར་དཀའ། ཕྱོགས་རྣམས་ནས་འུར་ཟིང་སྒྲོག་པའི་ཆར་ཆུ་མཐུར་དུ་འབབ། ཤིང་ནགས་མཐུག་པོས་ལུང་གཤོང་ཐམས་ཅད་བཏུམས། བྲག་ཕུག་གི་མཐོ་ཚད་ཀྱི་བར་དུ་སྡོང་ལྡུམ་གྱིས་ཡོངས་སུ་འཁྲིལ། དེ་དག་ལས་ནམ་མཁར་ལྡིང་བ་ནི་རི་བོ་རྩེ་གསུམ་པ་ཞིག་གོ། དེ་དག་གི་རྩེ་མོ་རྣམས་ནི་འཆི་མེད་ལམ་གྱི་མཁའ་རླངས་ཀྱིས་བསྐོར་ནས་སྤྲིན་ཕུང་གི་དཀྱིལ་ནས་རྩེ་མོ་རྣམས་མཐོང་མི་ཐུབ་པའི་ཚུལ་དུ་ཡོད།”གུང་མགོན་པོ་སྐྱབས་ཀྱིས་བསྒྱུར་བའི་བོད་འགྱུར་ནི་ཆ་མ་ཚང་བ་དང་བཟོ་བཅོས་བྱས་པའི་འགྱུར་ཡིན་པ་བཞིན་འདི་དག་ལྟ་བུ་གལ་གནད་ཅན་མང་པོ་འཁོད་མེད” ཅེས་སོགས་གསུངས་པ་རྣམས་གཞན་རང་འཇགས་ལ་ངེད་རྣམས་ཕྱིན་སྐབས་གནམ་གཤིས་བཟང་བས་སྨུག་པ་ནི་ཞྭ་མོ་ཙམ་ཡང་མ་མཐོང་།  

          བཙུན་པ་སྡེ་སྣོད་གསུམ་པའི་སྔོན་དུ་རི་བོ་བྱ་རྐང་ལ་ཕེབས་གནང་མཁན་རྒྱའི་བཙུན་པ་ཆོས་སྣང་གིས་ལམ་ཡིག་ཏུ། “རི་བོ་ཚང་ཚིང་དེ་ཉིད་མཐུག་ཅིང་འཛིང་ཆེ། ཁྱད་པར་དུ་སེང་གེ་དང་། སྟག སྤྱང་ཀི་སོགས་མྱུལ་ནས་ཡོད་པས་བག་ཟོན་ཤིན་ཏུ་མི་ཆེ་བར་བགྲོད་ཐུབ་མི་སྲིད།” ཅེས་གསུངས་པ་ལྟར་སྔར་ནས་གནས་འདིར་ལས་སླ་པོས་འགྲོ་ཐུབ་པ་ཞིག་མིན་ལས་ཆེ་ཡང་། སྔར་ལ་ལྟོས་ན་ད་ལྟའི་ཆར་ཧ་ཅང་གིས་སྟབས་བདེ་བ་དང་ཉེན་ཁ་ཆུང་བར་གྱུར་ཡོད་པར་མངོན། དེ་ལྟར་ན་ཡང་རིའི་གཟུགས་དབྱིབས་ནི་རང་འཇག་ཡིན་པ་བཤད་མ་དགོས་པ་བཞིན་སྤྱི་ལོ་༡༨༡༢ ལོར་དབྱིན་ལན་ཌིའི་ཉམས་ཞིབ་པ་Francis Buchanan བྷུ་ཀེ་ནན་ཞེས་པ་འདིར་ཡོང་སྐབས་འཛེགས་མ་ཐུབ་པས། “རི་རྩེ་དེ་ཤིན་ཏུ་མཐོ་ཞིང་འབར་འབུར་མང་བས་ངོས་རང་འཛེགས་མ་ཐུབ།” ཅེས་བྲིས་ཡོད། ངེད་ཚོའི་ཁྲོད་དུ་ཡང་གྲྭ་ཆུང་འགའ་ཤས་རྩེད་མོ་རྩེ་བཞིན་པ་ལས་གཞན་ཡར་འཛེགས་དུས་དབུགས་མི་ཧལ་བ་དང་མར་འབབ་དུས་རྐང་པ་མི་འདར་མཁན་ཉུང་བར་མཐོང་། འོན་ཀྱང་སྟབས་ལེགས་པ་ཞིག་ལ་རི་རྩེར་འབྱོར་མ་ཐུབ་མཁན་སུ་ཡང་མ་བྱུང་བས་རྟེན་འབྲེལ་བཟང་བར་མངོན། རི་འདབས་ནས་འཛེགས་པའི་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་གྱི་རྗེས་སུ་རི་བོའི་རྩེ་མ་ཐུག་ཙམ་དུ་འབྱོར་བ་ན་བྲག་རི་སྒོ་ཅུང་ཟད་དོད་པ་ལ་དཀྱིལ་ནས་གྲིས་གཤགས་པ་ལྟ་བུའི་བར་སྟོང་ངོ་མཚར་ཅན་ཞིག་འདུག་པ་ལ། དེ་ནི་བཙུན་པ་སྡེ་སྣོད་གསུམ་པས་སྔོན་གནས་བརྟན་འོད་སྲུང་གིས་བྲག་ལ་བེར་ཀས་བསྣུན་ཏེ་ལམ་ཕྱེས་པར་གསུངས་པ་དེ་ཉིད་ཡིན་པར་གདོན་མི་ཟ།

           ནང་དུ་འཛུལ་བ་ན་བཙུན་པ་སྡེ་སྣོད་གསུམ་པས་གནས་བརྟན་འོད་སྲུང་ཆེན་པོ་སླར་ཡང་བྲག་ཕར་འཁྱིལ་ཚུར་འཁྱིལ་བྱས་པའི་དཀྱིལ་ནས་བགྲོད་ལམ་རྙེད་དེ་བྱང་ཤར་གྱི་རི་རྩེ་ནས་ཕྱིར་ཐོན་པར་གསུངས་པ་བཞིན་བྲག་གི་བར་སྟོང་དེ་ནས་ཡར་མར་ཁ་ཤས་འཁྱོག་ཅིང་འཛེགས་ཏེ་ཕྱི་རོལ་ཏུ་ཐོན་པ་ན་ཉི་འོད་འཕྲོ་བའི་རི་ཡི་རྩེ་མོར་དངོས་སུ་སླེབས། རི་གསུམ་གྱི་རྩེ་མོ་དེ་ནས་གཡས་གཡོན་གྱི་རི་གཉིས་པོར་ཕར་ཚུར་མཇལ་བ་ན་གཉིས་ཀས་རང་རང་གི་གཟི་བརྗིད་ངོམ་བཞིན་པ་ལྟ་བུའི་རྔམ་བརྗིད་ཆེ་བར་མངོན། ད་དུང་དེ་ལས་ཀྱང་ཐག་རིང་པོའི་བར་དུ་མཐོང་ཐུབ་པའི་འཛད་མཐའ་མེད་པའི་སྤང་ལྗོངས་དེ་དག་ལ་བལྟས་ན་གནས་སྐབས་རིང་འཇིག་རྟེན་ན་རང་ཉིད་ལས་མཐོ་བ་ཨེ་ཡོད་ན་སྙམ་པའི་ཁེངས་པ་ཞིག་ཀྱང་སྟེར་ཞིང་། དེ་ནི་ཉོན་མོངས་ལས་བྱུང་བའི་ཁེངས་པ་ཞིག་མ་ཡིན་པར་དད་མོས་ཀྱི་དགའ་ཚོར་དང་ལོ་རྒྱུས་ཀྱི་དྲན་གསོས་སྟེར་བའི་ཁེངས་པ་ཞིག་ཡིན་པར་མངོན།

        རི་རྩེའི་ས་རྒྱ་ཆུང་བས་ངེད་ཚོའི་གནས་རོགས་རྣམས་ལང་མ་སྡོད་ཅི་རིགས་པ་བྱས་པ་ལ་རྒྱལ་ཚབ་རིན་པོ་ཆེས་ཐོག་མར་མདོ་འདོན་པ་སོགས་མཛད་ནས་གནས་བཤད་གསུང་མགོ་ཚུགས། དེ་ཡང་རྒྱལ་ཚབ་རིན་པོ་ཆེ་ནི་དུས་རྒྱུན་གནད་ཡོད་མི་སྣ་དང་སྦྱིན་བདག་གལ་ཆེན་རྣམས་དང་ལྷན་དུ་མཇལ་ཁ་གནང་དུས་ཀྱང་སུན་སྣང་སྟོན་མཛད་ན་ཡང་གནས་སྐོར་ལ་ཕེབས་སྐབས་ཕེབས་ལམ་མི་བདེ། ལམ་ཐག་རིང་། ཞལ་ལག་སྐྱོ་བ་སོགས་གང་བྱུང་ཡང་སྐུ་ཐང་ཆད་པ་སོགས་ཀྱི་རྣམ་འགྱུར་ཅུང་ཟད་ཙམ་ཡང་མི་སྟོན་ཞིང་། དུས་རྒྱུན་མཇལ་ཁ་བ་ཕལ་མོ་ཆེར་གནད་འགག་ཡོད་ལ་མེད་ཀྱི་བཀའ་མོལ་ཚིག་རེ་གཉིས་ཙམ་གསུངས་ནས་ཙོག་གེར་བཞུགས་གནང་མཁན་ཞིག་ཡིན་ན་ཡང་། གནས་བཤད་སོགས་གནང་དུས་ཧ་ཅང་ཐུགས་མཉེས་པོས་ཆོས་དང་འབྲེལ་བའི་གཏམ་མང་པོ་ཞིག་གསུང་གནང་སྲོལ་ཡོད་པས། ཐེངས་འདིར་ཡང་ཁོང་གིས་དུས་རྒྱུན་དང་མཚུངས་པར་རི་བོ་བྱ་རྐང་གི་རྩེ་མོ་རུ་གནས་མཇལ་བ་བརྒྱ་ཕྲག་འགའ་ཤས་ལ་ལུང་རྟོགས་སྤྲུལ་སྐུས་རྒྱ་སྐད་དང་བླ་མ་ཨེ་རིཀ་གིས་དབྱིན་སྐད་དུ་བསྒྱུར་བའི་སྒོ་ནས་འོད་སྲུང་ཆེན་པོའི་རྣམ་ཐར་རི་བོ་བྱ་རྐང་དང་འབྲེལ་བ་གསོན་ཉམས་ཆེ་ལ་སྙན་འཇེབས་ལྡན་་ཞིག་གསུངས།

         རྒྱལ་ཚབ་རིན་པོ་ཆེས་ཞིབ་ཕྲ་གསུངས་པ་ལྟར་ནང་བསྟན་གྱི་གསུང་རབ་རྣམས་སུ་མ་འོངས་པར་རྒྱལ་བ་བྱམས་པས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ཀྱང་སློབ་མ་རྣམས་དགྲ་བཅོམ་པའི་འབྲས་བུ་ཐོབ་མཁན་སུ་ཡང་མི་འབྱུང་བ་ལ་ཐབས་གཞན་མེད་པར་དགེ་འདུན་བྱེ་བ་དགུ་བཅུས་བསྐོར་ནས་རི་བོ་བྱ་རྐང་གི་རི་རྩེ་འདིར་ཕེབས། གནས་བརྟན་འོད་སྲུང་ཆེན་པོའི་སྐུ་ལུས་རི་བོ་ལས་ཕྱིར་གདན་དྲངས་ཏེ་བྱམས་པ་ཉིད་ཀྱི་ཕྱག་མཐིལ་དུ་བཞག་ནས་དགེ་འདུན་པ་རྣམས་ལ་སངས་རྒྱས་ཤཱཀ་ཐུབ་ཀྱི་ཉན་ཐོས་སྦྱངས་པའི་ཡོན་ཏན་ཅན་གྱི་མཆོག་ཏུ་གྱུར་པའོ་ཞེས་བསྟན་པ་ན་དགེ་འདུན་པ་མང་པོས་ལུས་ཆུང་ཆུང་འདི་ལས་ཀྱང་མེད་པས་ཡོན་ཏན་གྱི་ཚོགས་དེ་ལྟ་བུ་ཐོབ་འདུག་བསམ་པས་དད་པ་དྲག་པོ་སྐྱེས་ཏེ་ད་གཟོད་དགེ་འདུན་གྲངས་མེད་པ་ཞིག་གིས་དགྲ་བཅོམ་པའི་འབྲས་བུ་འཐོབ་པའི་ཚུལ་ནང་པའི་གསུང་རབ་རྣམས་སུ་འབྱུང་། ད་དུང་པ་ལིའི་གསུང་རབ་ནང་དུ་འབྱུང་བ་ལྟར་ན་སྐབས་དེ་དུས་ཀྱི་མིིའི་ལུས་ཚད་ཤིན་ཏུ་ཆེ་བས་ཐོག་མར་གནས་བརྟན་འོད་སྲུང་ཆེན་པོའི་སྐུ་གདུང་བསྟན་པ་ན་དགེ་སློང་འགའ་ཤས་བཞད་མོ་ཤོར་བ་དང་། སངས་རྒྱས་ཤཱཀ་ཐུབ་ཀྱི་ཆོས་གོས་ནི་དེ་དག་གི་མཛུབ་མོ་གཉིས་འགེབ་ཐུབ་པ་ཙམ་གྱི་ཚད་གཞི་ལས་མེད་པས་སངས་རྒྱས་དེ་དེ་འདྲའི་ཆུང་ཆུང་ཞིག་ཡོད་འདུག་སྙམ་ནས་ངོ་མཚར་བྱེད་པར་འགྱུར་ཚུལ་གསུངས། དེར་བརྟེན་ནང་ཆོས་ནས་འབྱུང་བའི་གཏམ་རྒྱུད་རྣམས་དང་མཐུན་པར་ནུབ་ཕྱོགས་ཀྱི་མཁས་པ་རྣམས་ཀྱིས་འདིའི་གནས་བཤད་བྲིས་པར་འོད་སྲུང་ཆེན་པོས་རྒྱལ་བ་བྱམས་པ་སྒུག་གནང་ས་ཞེས་བྲིས་ཡོད་པ་ལྟར་འགྲེལ་བཤད་འདི་ནི་གནས་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་རེད། མདོར་ན་གནས་མང་པོ་ཞིག་ནི་འདས་པའི་ལོ་རྒྱུས་ཙམ་ལ་མ་གཏོགས་འབྲེལ་བ་མེད་ཀྱང་རི་བོ་བྱ་རྐང་དང་རྡོ་རྗེ་གདན་ལྟ་བུ་ནི་འདས་པ་ཙམ་མ་ཡིན་པར་མ་འོངས་པ་ལ་ཡང་འབྲེལ་བ་ཤིན་ཏུ་ཆེ་བའི་གནས་ཡིན་པས་གཞན་ལས་གལ་ཆེ།

        ངོས་ནས་ཀྱང་ཕྱོགས་གང་ནས་བསམ་ཡང་གནས་འདིར་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་རྩ་བ་ཚར་གཅིག་བཏོན་ན་བཟང་ཤོས་སུ་མཐོང་སྟེ་བཏོན་པས་སྐར་མ་བདུན་མ་ཟིན་ཙམ་འགོར་ཞིང་དེས་ད་རེས་འདིར་གནས་མཇལ་ལ་སླེབས་པའི་དོན་གོ་ཆོད་པའི་ཚོར་སྣང་བྱུང་། འདི་རུ་ནང་པའི་གནས་སྐོར་བ་ཚོས་ཕྱོགས་ཐམས་ཅད་ལ་མཛེས་སྡུག་ལྡན་པའི་རླུང་རྟ་དང་དར་ལྕོགས་ཀྱིས་བརྒྱན་པ་ནི་རྗེས་སུ་ཡི་རང་གི་ཡུལ་ལོས་ཡིན་ཀྱང་། ས་ཐག་རིང་པོ་ནས་འདིའི་བར་དུ་སླེབས་པ་ལ་ཕྱག་འཚལ་བ་དང་མཆོད་པ་འབུལ་བ་སོགས་བྱེད་བཞིན་དུ་གནས་ཀྱི་ཁོར་ཡུག་ཐམས་ཅད་ཆུའི་འགྱིག་དམ་དང་སྐམ་ཟས་ཀྱི་ཤུབ་སོགས་གད་སྙིགས་འདྲ་མིན་གྱིས་ཡོངས་སུ་མི་གཙང་བ་བཟོས་པ་འདི་ལ་སེམས་ཕམ་བྱུང་། ཕྱི་དྲོ་ཙམ་དུ་ཚང་མས་གསོལ་བ་སྨོན་ལམ་འདེབས་པ་སོགས་བྱས་ཟིན་རྗེས། རླུང་གིས་ཁྱེར་བའི་ཤིང་ལོ་བཞིན་ལས་ཀྱི་རླུང་གིས་དེད་པའི་ངེད་ཅག་རྣམས་སླར་རང་གནས་སུ་ལོག་ཕྱིར་ཕྱི་བལྟས་བྱེད་བཞིན་རི་བོ་ལས་གཅིག་རྗེས་གཉིས་མཐུད་ཀྱིས་བབས། གཅིག་བྱས་ན་མ་འོངས་པར་རྒྱལ་བ་བྱམས་པ་གནས་འདིར་ཕེབས་སྐབས་ངེད་ཚོ་མི་ཉུང་བ་ཞིག་ཀྱང་འཁོར་གྱི་ཁྲོད་དུ་སླེབས་ནས་གནས་བརྟན་འོད་སྲུང་ཆེན་པོའི་སྐུ་གདུང་དངོས་སུ་མཇལ་བའི་སྐལ་བ་བྱུང་ན་དེ་ནི་ཅི་འདྲའི་ངོ་མཚར་ཞིག་ཡིན་ངེས།

      གལ་སྲིད་ང་ཡང་དེའི་ནང་གི་གཅིག་ཡིན་ན་ངས་རེ་ཞིག་ཁུ་སིམ་པོས་སེམས་ནང་ནས། འོད་སྲུང་ཆེན་པོ། ག་ལེར་བཞུགས། མྱུར་དུ་མཇལ་བའི་སྨོན་ལམ་ཡོད་ཅེས་སྨྲ་བར་འདོད།

སྤྱི་ལོ་༢༠༡༧ ཟླ་༣ ཚེས་༨ ཉིན།

 

( མཆན། འདིའི་ནང་དུ་རི་བོ་བྱ་རྐང་རྙེད་ཚུལ་གྱི་ལོ་རྒྱུས་རྣམས་ནི་གཙོ་བོ་S.Dhammika གིས་བརྩམས་པའི་དཔྱད་རྩོམ་དབྱིན་ཡིག་ཐོག་ཏུ་བྲིས་པ་དང་། ལ་དྭགས་ཀྱི་བླ་མ་ཨཱ་ནནྡཱ་ཞེས་པ་ཧིན་དྷུའི་སྐད་སྨྲ་བ་དེ་ཉིད་ལ་ངོས་ཀྱིས་བཅར་འདྲི་ཞུས་པ་དེ་གཉིས་ལ་གཙོ་བོ་ཁུངས་བཅོལ་ནས་བྲིས་པ་ཡིན།)

 

རྫ་ཆུའི་རླབས་སྒྲའི་པར་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།