མཐོང་སྣང་ཚིག་གསུམ།

359

 

རྩོམ་པ་པོ།   ཉི་གཞོན།    

 

       དེ་རིང་དྲྭ་སྟེང་དུ་གློག་བརྙན་འདི་འདྲ་ཞིག་མཐོང་སོང་བ་བལྟས་ཚར་མ་ཐག་གྲོགས་པོ་དག་ལ་འོས་སྦྱོར་མི་ཞུ་ཐབས་མེད་ཆགས་སོང་།  ཨབ་གྷན་གྱི་འཁྲུག་ཟིང་བརྗོད་བྱར་བྱས་པའི་གློག་བརྙན《ས་གཞི་དང་ཐལ་རྡུལ》① ཞེས་པ་འདི་ལ་བལྟས་རྗེས་ཕྱི་གསལ་ནང་གསལ་ཅིག་ཏུ་མཐོང་། བརྗོད་གཞི་ཤིན་ཏུ་ཟབ་མོ་ཞིག་ལྟ་མཁན་ཡོད་དོ་ཅོག་གིས་བདེ་བླག་གིས་གོ་ནུས་པར་བྱས་ཡོད་འདུག   རྒྱ་ནག་སྐམ་སའི་གློག་བརྙན་ནང་བཞིན་ཟབ་མོ་ཞིག་ཤོད་ཀྱིན་པའི་བཟོ་སྟོན་གྱི་མི་འདུག   

       ཐེ་ཝན་གྱི་འཁྲབ་འཁྲིད་པ་སྐད་གྲགས་ཅན་ཧོའུ་ཞའོ་ཞན②ཟེར་བ་ཁོང་གིས་འདི་ལྟར་བཤད་མྱོང་། “གློག་བརྙན་གྱི་ཟབ་དོན་ནི་པར་གླིང་དུ་མངོན་པར་གསལ་བ་ཞིག་ཡིན་རིགས། གཞན་དུ་ན་དོན་ཟབ་པ་མ་ཡིན་ཏེ། མ་ངེས་པའི་ཁེད་ཅིག་ཏུ་གྱུར་པ་ཡིན།” ཅེས་པ་བདེན་པའི་གཏམ་དུ་སེམས།

     དེ་ནས་གློག་བརྙན་འདིའི་པར་གླིང་དང་འཁྲབ་ཚིག་ཧྲིལ་གྱིས་གནད་ཁེལ་རྐྱང་རྐྱང་ཡིན་འདུག ལྷག་མ་གཅིག་ཀྱང་མཐོང་མ་སོང་། གློག་བརྙན་འདི་ནི་འཁྲབ་འཁྲིད་པས་ཁོ་རང་གི་བརྩམས་སྒྲུང་གཞིར་བཟུང་སྟེ་ཡོ་རོབ་ཀྱི་གློག་བརྙན་པ་འགའ་རེ་དང་ལྷན་དུ་བཟོས་པ་ཡིན་སྐད། བགྲེས་པོ་དང་བྱིས་པ་དེ་གཉིས་ཆེད་ལས་འཁྲབ་སྟོན་པ་ཡིན་མི་སྲིད། འོན་ཏེ་འཁྲབ་རྩལ་དཔྱིས་ཕྱིན་འདུག 

      གློག་བརྙན་འདི་ལས་ཁྲག་དམར་འཛར་འཛར་གྱི་འཐབ་འཛིང་གི་པར་གླིང་མཐོང་རྒྱུ་མེད་ཀྱང་། ཡུལ་དེའི་ཡ་ང་བའི་ཆག་སྒོ་ང་ཚོའི་མིག་ལམ་དུ་རྗེན་རྗེན་དུ་བསྟན་བྱུང་བ་དེ་ནི་རྩལ་ཆེན་པོར་མཐོང་། མགོ་ནས་མཇུག་བར་རྡུལ་འཚུབ་ཀྱིས་གཡོགས་འདུག་པ་དེས་ཀྱང་ཡུལ་དེར་བྱུང་བའི་ཚད་མེད་ཀྱི་ཆག་འཇིག་ཅིག་སྟོན་བསམ་པ་ཡིན་ལས་ཆེ། དངོས་ཚུལ་ཇི་བཞིན་པའི་ཁོར་ཡུག་དང་། ཡུལ་ཅན་མི་སྣའི་རྣམ་རྟོག་གི་འགྱུར་བར་ལྟོས་ཆེ་བའི་ཡུལ་གྱི་གཟུགས་སྒྲའི་ཁྱད་པར་སོགས་ལས་གློག་བརྙན་བཟོ་པ་བོའི་དམིགས་བསམ་དང་ཞིབ་ཚགས་ངེས་ཅན་ཐོན་འདུག

       སྤྱིར་ན། གློག་བརྙན་ནི་སྒྱུ་རྩལ་བརྩམས་ཆོས་ཤིག་ཏུ་བགྲང་དགོས་ཚེ་དེ་ལའང་རི་བོང་སྤུ་ལ་མཐོང་བ་རྣམ་གསུམ་གྱི་དཔེ་ཇི་བཞིན་མཐོང་སྣང་འདྲ་མིན་སླེབས་ངེས་ཀྱང་། ང་ཚོས་མཐོང་བ་ནི་ཉེས་སྐྱོན་ཏོག་ཙམ་འགེལ་དུ་མེད་པའི་སྐྱེ་བོ་གྲངས་མེད་ཅིག་ཡ་ང་བའི་ཆག་སྒོ་དང་ཟད་མི་ཤེས་པའི་དཀའ་སྡུག་གི་འོབས་སུ་བརྫངས་འདུག་པ་དེ་དང་། དངོས་གནས་གསོན་པ་ལས་འཆི་བ་སླ་བའི་གནས་བབ་བློ་ངོར་མི་ཤོང་བ་དེ་དག་རེད་དེ། དེ་འདྲའི་དམྱལ་བ་མངོན་སུམ་མཐོང་བའི་འབྲས་བུ་དེ་རྒྱུ་དང་རྐྱེན་གང་ཞིག་གིས་བསྐྲུན་པ་ཡིན་ནམ།

      དེ་ལྟ་མོད་ཤི་གསོན་གཉིས་ཀྱི་བར་མཚམས་སུ་གཞོམ་གཞིག་མི་ཐུབ་པའི་ཤ་དུང་རུས་དུང་གི་བརྩེ་སེམས་དྲོན་མོ་ཞིག་ཚ་ལམ་མེར་གནས་འདུག་པ་དེ་ནི་ང་ཚོའི་ཡིད་སེམས་དབང་མེད་འགུགས་པའི་ལྕགས་ཀྱུ་ལྟ་བུར་མི་འགྲོའམ།

      ལོས་ཡིན་ཏེ། གློག་བརྙན་འདིའི་ཕྱི་ནང་གསང་གསུམ་ཚང་མ་ཁོ་ཚོ་ཨབ་གྷན་པའི་གནས་ཚུལ་རྐྱང་བ་ནི་ག་ལ་ཡིན། དཀའ་སྡུག ཆག་སྒོ། འཇིགས་སྣང་སོགས་ནི་ཁོ་ཚོ་དང་ང་ཚོ། ང་ཚོ་དང་གཞན་དག་སྟེ་འགྲོ་མི་ཐུན་མོང་གི་གཡོལ་དཀའི་གནད་དོན་ཞིག་ཏུ་ཆགས་ཡོད་པ་མ་ཡིན་ནམ། སོ་སོའི་མིག་མདུན་དུ་སྐབས་དང་སྐབས་སུ་འབྱུང་བཞིན་པའི་དངོས་ཡོད་གཏམ་རྒྱུད་ཅིག་མ་ཡིན་ནམ།  དེས་ན་གཏམ་རྒྱུད་དེ་དག་མ་ངེས་པའི་ཁེད་ལྟ་བུ་ཞིག་ནི་གཏན་ནས་ཡིན་མི་འོས་ཏེ། གློག་བརྙན་འདི་བཞིན་དུ་དམར་རྗེན་རྗེན་གྱི་དངོས་ཚུལ་རང་ཡིན་ན་འགྲིག

     དེས་ན་ང་རང་ཚོས་ཀྱང་རྩལ་གྱིས་ལོངས་ན་སྐྱེ་བོ་བྱེ་བྲག་པའི་ཆག་སྒོ་བྱེ་བྲག་པ་དང་དཀའ་སྡུག་བྱེ་བྲག་པ་བརྗོད་པའི་ཁུར་བཞེས་རྒྱུ་བྱུང་ན་ཅི་མ་རུང་སྙམ་པ་ཡང་བྱུང་། དེ་ལའང་། འགྲོ་གྲོན་ཉུང་ངུ་། ལག་རྩལ་རགས་མོ། གཏམ་རྒྱུད་སླ་མོ། ལྕི་འདེགས་ཡང་འཇོག་གི་ལམ་ནས་ལས་སུ་བྱ་བ་གང་དེར་ཞུགས་ན་ནི། རང་བཞིན་གྱིས་གནད་དོན་འཚུབ་པོ། གནས་ལུགས་ཟབ་མོ། བརྗོད་བྱ་ཡངས་པོ་ཞིག་ཤུགས་ནས་འགྲུབ་ཡོང་བ་རེད་སྙམ་སོང་། གཞན་གློག་བརྙན་འདི་ལ་རང་ཅག་ཚོར་མཐོང་ཆོས་མཐུན་སྣང་མང་དུ་འདུག་ངེས་ན་འདིར་མང་པོ་སྤྲོ་བའི་དགོས་པ་མི་འདུག་སྙམ།

                                       2017/2/23/ཉིན། 


 
① རྒྱ་ནག་སྐད་དུ阿公带我回家ཞེས་དང་། 土地与尘埃ཞེས་ཀྱང་བསྒྱུར་འདུག 

②侯孝贤  

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།
0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།