དཔེ་ཆ་བརྩིགས་པའི་འདུ་ཤེས་དེ་དཔེ་ཆ་བལྟ་བའི་འདུ་ཤེས་སུ་འགྱུར་ཨེ་ཐུབ།

210

རྩོམ་པ་པོ།   ར་སེ་དཀོན་མཆོག་རྒྱ་མཚོ།

 

ང་ཚོ་བོད་རིགས་ནི་དཔེ་ཆ་དད་རྟེན་དུ་འཛིན་པའི་འདུ་ཤེས་སྲ་བརྟན་ཅན་གྱི་མི་རིགས་དང་།  དཔེ་ཆ་རྩ་ཆེན་དེ་དག་ལ་བལྟ་ཀློག་བྱ་རྒྱུར་དོ་སྣང་མེད་པའི་མི་རིགས་ཤིག་ཀྱང་རེད། དེ་ནི་སྲོལ་རྒྱུན་གྱི་འདུ་ཤེས་ཡིན་པས་ད་ལྟའང་རྒྱུན་བསྲིང་གིས་བཀའ་འགྱུར་དང་བསྟན་འགྱུར་ཤིང་པར་དང་། འཕྲུལ་པར་བླུ་མཁན་འཚང་ཀ་ཤིག་ཤིག་ཡོད་ལ། གསུང་འབུམ་ཁག་ལའང་དེ་བཞིན་ཡིན་ལ། དེང་རབས་ཅན་དེབ་གཟུགས་ཀྱི་བཀའ་བསྟན་དང་གསུང་འབུམ་ཧ་ཅང་མང་པོ་པར་སྐྲུན་གནང་འདུག དངོས་གནས་དགའ་བ་སྐྱེ་འོས་ཤིང་སྐལ་བཟང་རང་རེད་སྙམ། འོན་ཀྱང་དེ་རྣམས་ནི་དགོན་སྡེ་ལྷ་ཁང་ཁག་དང་། མི་སྒེར་གྱི་མཆོད་ཁང་དུ་མཆོད་ཡུལ་དུ་བརྩིགས་ཆས་སམ་སྒྲིག་ཆས་སུ་གྱུར་འདུག་ལ། གསེར་དང་དངུལ་བཞུན་མས་བཞེངས་པའང་མང་ལ། ལ་ལས་བོད་ཤོག་ཁོ་ནའི་ཐོག་པར་ནས་མཆོད་ཁང་ནང་བརྩིགས་ཏེ་རྩ་ཆེན་དུ་འཛིན་ཅིང་གཞན་ལའང་ངོམ་བཞིན་འདུག

ང་ཚོའི་མེས་པོ་ཚོས་རྒྱ་ཡིག་ནས་བོད་ཡིག་ཐོག་བསྒྱུར་བ་དང་། དེ་ནས་བྲིས་པར་སོགས་གནང་བ་ནི་བོད་རིགས་ཚང་མས་བལྟ་ཀློག་གནང་སྟེ། ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་སྐྱེ་ཐུབ་པའི་ཆེད་དུ་ཡིན་གྱི། གླེགས་བམ་གྱི་ཕུང་པོ་བརྩིག་རྒྱུའི་ཆེད་དུ་ཡིན་མི་སྲིད། ཡིན་ན་བོད་སྐད་དུ་མ་བསྒྱུར་ནའང་འགྲིག་སྟེ། རྒྱ་ཡིག་གི་གླེགས་བམ་བརྩིག་ཆོག། ངོ་མ་ང་ཚོར་གསུང་རབ་བལྟ་ཀློག་གི་གོམས་སྲོལ་མེད་པ་འདི་ཐབས་སྐྱོ་བོ་རེད། དེ་སྔ་ཡིག་རྨོངས་པ་མང་དྲག་པས་ཁག་མེད་ཀྱང་། དེང་དུས་ཡི་གེ་ཤེས་མཁན་མང་བས་དགོན་པ་དང་ལྷ་ཁང་དུ་གསུང་རབ་དཔེ་ཀློག་གི་ལམ་སྲོལ་འཛུགས་ན་ཆོག དཔེར་ན་རྒྱ་ནག་ཁྲིན་ཏུའི་འཇམ་དབྱངས་གླིང་དུ་བཀའ་འགྱུར་བལྟ་ཀློག་ཁང་ཡོད་ཅིང་། གླེག་བམ་རྣམས་སྟེགས་བུའི་ཐོག་བལྟ་བདེར་བཀྲམ་འདུག་པས་གང་བལྟ་འདོད་པ་དེའི་འགྲམ་དུ་བསྡད་ནས་ཀློག་ཆོག་ལ། རབ་བྱུང་ངམ་དགེ་བསྙེན་དང་དགེ་རྒན་སློབ་མ་སུས་ཀློག་ཀྱང་ཆོག་གི་ཡོད། རྒན་རྒོན་སོགས་བལྟ་ཀློག་བྱ་མཁན་ཡང་ཧ་ཅང་མང་པོ་འདུག

ལ་ལས་ལུང་མེད་ན་བལྟ་མི་རུང་ཟེར་ནའང་ལུང་གནང་མི་ཆོག་པའི་བཀག་རྒྱ་གང་དུ་ཡོད། ང་ཚོའི་ལོ་རྒྱུས་ནང་བརྟགས་ན་དུས་རབས་དགུ་པ་ནས་བཟུང་ཡུམ་འབུམ་པ་གཙོ་གྱུར་བཤུ་བའི་སྲོལ་གང་སར་དར་ཞིང་། བཀའ་བསྟན་ཕྱོགས་བསྒྲིགས་རབ་རིམ་གནང་སྟེ། བྲིས་མ་ཧ་ཅང་མང་ཞིང་ཤིང་པར་མང་པོ་བྱུང་ལ། ད་ལྟ་ལྷ་ས་དང་སྡེ་པར་གཉིས་ཡོད་ཅིང་ཁྱབ་རྒྱ་ཆེ་ནའང་། སྡེ་དགོན་ཚང་མས་མཆོད་ཡུལ་དུ་བཤམས་པ་ལས་རྒྱུན་དུ་བལྟ་ཀློག་གི་སྲོལ་མེད་པ་འདི་ང་ཚོའི་སྐྱོན་ཆ་ཆེ་ཤོས་དེ་རེད། མང་ཚོགས་ལྟ་ཞོག་གྲྭ་བཙུན་གྱིས་བཀའ་བསྟན་དང་གསུང་འབུམ་ཁག་ནང་ཅི་དང་ཅི་ཡོད་མི་ཤེས་པ་ཧ་ཅང་མང་བ་འདིས་མཚོན་ཡོད། དེས་ན་ལམ་ལུགས་འདི་བསྒྱུར་བཅོས་གཏོང་དགོས་རྒྱུ་ནི་ཁ་ཚ་དགོས་གཏུགས་རེད་སྙམ། དཔེར་ན་མི་ཚེ་རི་ལ་བསྡད་ཀྱང་རི་དྭགས་ངོ་མི་ཤེས་ཟེར་བ་ལྟར་ཆགས་པ་འདི་ངོས་བཟུང་ཐུབ་ན་བཟང་།

ཁོས་གྲྭ་བཙུན་ལ་བཀུར་བ་བཏབ་ཀྱི་འདུག་ཟེར་མཁན་ཧ་ཅང་མང་ནའང་། བཀའ་བསྟན་ནི་ནང་པའི་བླ་མ་གྲ་བཙུན་གྱི་སློབ་གཞིའམ། དེང་གི་སྐད་ཆ་ལྟར་ན་སློབ་དེབ་དངོས་རེད། གསུང་རབ་རྩོམ་བསྒྱུར་སྤེལ་གསུམ་པར་སྐྲུན་སོགས་ནི་དད་ལྡན་པའི་ཤེས་ཡོན་རྒྱས་ཐབས་རེད། འབུམ་རྒྱས་འབྲིང་བསྡུས་གསུམ་སོགས་ནི་རིམ་གྲོའི་ཆེད་དུ་གསུང་མེད་ལ། རིམ་གྲོའི་ཆེད་དུ་བསྒྱུར་བ་འང་མིན། ཤེས་རབ་ཀྱིས་རྒྱུ་མ་རིག་པ་དང་འབྲས་བུ་སྡུག་བསྔལ་ལས་གྲོལ་བའི་ཆེད་དུ་རེད་ལ། བོད་མིའི་ཤའི་མིག་གི་སྟེང་དུ་ཤེས་རབ་ཀྱི་མིག་གཅིག་བསྣན་ཐུབ་པའི་ཆེད་དུ་མ་ཡིན་ནམ། ཡིད་སྐྱོ་ཞིང་སེམས་ཕམ་ཤོས་ནི་བཀའ་བསྟན་གསུང་འབུམ་མང་པོ་དེ་ཙམ་ཡོད་ཀྱང་། ཕྱི་ཚུལ་དུ་མཆོད་གཤོམ་ནང་དུ་བཞུགས་སུ་གསོལ་ཡོད་ནའང་། དེ་ནི་འབྲི་བ་དང་བཞུགས་པའི་ཕན་ཡོན་ཁོ་ན་ལ་དམིགས་པ་ལས། ཀློག་པ་དང་ཀུན་ཆུབ་པའི་ཕན་ཡོན་གཙོར་མ་བཏོན་པས་ལན་ན། དོན་དུ་ང་ཚོའི་འཚོ་བ་དངོས་དང་རྒྱང་བཀྱེད་དེ་བརྩིག་བྱའི་རྫས་ཙམ་དུ་འགྱུར་བཞིན་པ་འདི་རེད།

ཕྱོགས་གཞན་ནས་བོད་དུ་ཕྱིས་སུ་གསར་ཆོས་མང་པོ་ཅིག་འདོན་གྱེར་དང་འཆད་ཉན་བྱེད་སྲོལ་ཆེར་དར་འདུག་ནའང་། བཀའ་བསྟན་དང་གསུང་རབ་རྙིང་པ་རྣམས་བལྟ་ཀློག་གི་སྲོལ་ཡོངས་ཁྱབ་མེད་པས། གསར་པ་དང་རྙིང་པའི་བར་ཁྱད་པར་ཅི་དང་ཅི་ཡོད། དུས་རབས་སོ་སོར་འགྱུར་བ་ཅི་དང་ཅི་ཡོད། རྙིང་གསར་བར་འགྱང་ཁྱད་གང་འདྲ་ཡོད་མེད་ཀྱང་མི་ཤེས་པར། ཟབ་མྱུར་གྱི་འུར་ཁོ་ན་ཡིད་རྟོན་པས་ཆོག་པར་རློམ་བཞིན་ཡོད་ན། བོད་དུ་བཀའ་བསྟན་གྱི་དཔེ་ཆའི་རི་བོའམ་རི་རབ་ཡོད་ཀྱང་། དད་པའི་རྟེན་ཙམ་དུ་གྱུར་ཟིན་པ་ནི་མངོན་སུམ་ཡིན་ན། ནང་བསྟན་ཇི་སྲིད་ཡུན་གནས་ཡོང་དགོས་ན་སྔར་བཞིན་བརྩིགས་བཞག་པས་འགྲིག་གམ།

ཡང་ན་སྡེ་དགོན་ཆོས་གྲྭ་སོ་སོར་དཔེ་ཀློག་ཁང་དུ་སེར་སྐྱ་ཀུན་ལ་ཕག་གྲུའི་བླ་མ་པད་དཀར་བཟང་པོའི་མདོ་སྡེ་སྤྱི་རྣམ་དུ་མདོ་རྣམས་ཀྱི་ནང་དོན་གནད་བསྡུས་རེ་ངོ་སྤྲོད་བྱས་པ་ལྟར་ཚང་མར་ངོ་སྤྲོད་དང་བལྟ་ཀློག་གིས་མཆོད་མཇལ་གྱི་ཚབ་ཏུ་གསུང་རབ་སྡེ་ཚན་སོ་སོར་མཇལ་ཁ་ཞུ་བའི་ལམ་སྲོལ་ཆགས་ཐབས་གནང་ན་ཅིས་མ་ལེགས། རྨོངས་པ་རྣམས་ཕྱིའི་མཆོད་ཁང་དང་སྐུ་འདྲས་ཡིད་འཕྲོག་པ་ལྟར་ནང་གི་གསུང་རབ་ཀྱི་ངོ་མཚར་གྱིས་ཡིད་དབང་འཕྲོག་ངེས་རེད། ཆོས་རྒྱལ་ལོ་པན་རྣམས་དང་མཁས་གྲུབ་ཚོའི་ཐུགས་དགོངས་རྫོགས་ཐུབ་སྟེ། ཁོང་ཚོས་བསྒྱུར་སྤེལ་རྩོམ་གསུམ་གྱི་དམིགས་ཡུལ་ནི་མཆོད་ཁང་སྦུག་ཏུ་བརྩིགས་རྒྱུ་དེ་མ་ཡིན། ཚང་མས་བལྟ་ཀློག་གིས་ནང་དོན་རྟོགས་ཐུབ་རྒྱུའི་ཆེད་དུ་མ་ཡིན་ནམ།

ད་ལྟ་རྒྱལ་སྤྱིའི་ཐོག་མི་རིགས་མང་པོའི་ཚན་རིག་པས་ང་ཚོའི་བཀའ་བསྟན་གསུང་འབུམ་གྱི་གླེགས་བམ་རྣམས་ཉིན་ལྟར་ཀློག་སྟེ། པར་གཞི་དང་འགྱུར་འདྲ་མིན། སྔ་ཕྱིའི་དུས་སོགས་དཔྱད་བསྡུར་ཞིབ་འཇུག་བྱ་གི་ཡོད། ང་ཚོའི་མང་ཚོགས་ནི་རྩ་ཆེན་ཡིན་ཟེར་ནའང་ལོ་ངོ་སྟོང་ཕྲག་ནང་རང་གི་དད་རྟེན་དེའི་ནང་ཅི་ཡོད་མི་ཤེས་པར་འདས་ཡོད། དེས་ན་བསམ་ཚུལ་འདི་ཙམ་གླེང་བ་ནི་ང་ལ་དབང་བའི་ཐོབ་ཐང་ཡིན་ལ། གང་སར་དད་པའི་རྟེན་དུ་གྱུར་པ་ལས་མ་རིག་སྤོང་བའི་ཤེས་རབ་ཀྱི་སྟོབས་སུ་གྱུར་མེད་པ་འདི་ནི་ང་ཚོའི་མིག་མདུན་ལྷགས་པའི་གནད་དོན་ཆེན་པོ་ཅིག་ཆགས་འདུག པར་ནས་འགྱེད་བཞག་པས་མི་འགྲིག་ལ། བརྩིགས་ནས་ཕྱག་མཆོད་བྱས་པས་ཀྱང་མི་འགྲིག་སྟེ། ང་ཚོ་ལ་ཡོད་པ་ནང་ཆོས་ཁོ་ན་ཡིན་ཟེར་ན་ཡང་བརྩིག་བཞག་ན་ཤེས་རབ་ཀྱི་སྣང་བ་རང་འབར་མི་སྲིད་པའི་དབང་གིས་ལོ་རྒྱུས་ལ་ཕྱིར་རྟོག  ད་ལྟ་ལ་གདོང་གཏད། མ་འོངས་པར་རྒྱང་བལྟས་ཏེ། འཚོ་བ་དངོས་དང་ཁ་བྲལ་ནས་རིག་དངོས་ཀྱི་རྣམ་པས་རྒྱང་བཀྱེད་པར་ཕངས་ཏེ་སྤྱི་སེམས་ཀྱིས་སྨྲས་པ་ཡིན་ལ། ཚུལ་འདིས་ལོ་རྒྱུས་ཐོག་ང་ཚོའི་བཞུད་ལམ་འདི་ཉིད་ལ་འགྱུར་བ་མང་པོ་བྱུང་སྟེ། ད་ལྟ་ལམ་ངོ་མ་དང་ཐག་ཇེ་རིང་ཇེ་རིང་དུ་གྱེས་པ་གསལ་བཤད་བྱས་སོ།།

༢༠༡༦་༡༢་༥མི་ཆུང་ཤེས་རབ་དཔལ་གྱིསོ།།

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།
0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།