མངའ་རིས་སྐོར་གསུམ་བོད་ཁོངས་ནས་ཕྱིར་འབུད་གཏོང་བཞིན་འདུག

473

རྩོམ་པ་པོ།   ར་སེ་དཀོན་མཆོག་རྒྱ་མཚོ།

 

བོད་ཀྱི་ལོ་རྒྱུས་ཐོག་མངའ་རིས་ཞེས་པའི་ཐ་སྙད་འདི་བཙན་པོའི་དུས་ཀྱི་ཡིག་ཆ་ཁ་ཤས་ནང་གསལ་ཡོད་ཀྱང་ས་ཁོངས་དམིགས་བསལ་གྱི་མིང་དུ་མ་གྲུབ། བོད་སིལ་བུ་ཞེས་པའི་ཐ་སྙད་ཡིད་མུག་ལ། སེམས་སྐྱོ་བའི་དུས་རབས་དེའི་ནང་དུ་བོད་ཡུལ་ལ་སྟོད་སྨད་བར་གསུམ་དུ་ཕྱེས་པ་ལ་སྟོད་ཕྱོགས་ལ་མངའ་རིས་ཞེས་བཏགས་ཤིང་དེ་ལ་སྐོར་གསུམ་དུ་ཕྱེ་བའི་དུས་རིམ་སྔ་ཕྱིར་བྱུང་བས། མངའ་རིས་སྐོར་གསུམ་ལ་བོད་ཀྱི་ལོ་རྒྱུས་ཐོག་རྒྱ་ཆེ་བ་ནས་ཆུང་ངུར་གྱུར་པའི་དབང་གིས་ཆེ་འབྲིང་ཆུང་གསུམ་གྱི་ས་ཁམས་རྣམ་གཞག་ཐོན་པ་ལས། ད་ལྟ་བོད་རང་སྐྱོང་ལྗོངས་ཀྱི་ནུབ་རྒྱུད་དུ་གནས་པའི་མངའ་རིས་ས་གནས་ནི་སྐོར་གསུམ་ཆུང་ངུ་སྟེ། ཕྱིས་སུ་དགའ་ལྡན་ཕོ་བྲང་བའི་མངའ་ཁོངས་སུ་གཏོགས་པ་ལ་བཏགས་པ་ཅིག་རེད།

སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས་པ་འདི་ཆོས་དཔེ་དང་ལོ་རྒྱུས་ཚང་མར་འཁོད་ཅིང་དམངས་ཀྱི་ཁ་བྱང་ལག་བྱང་ལྟ་བུ་ཆགས་ཡོད་ནའང་། དེང་དུས་བསམ་བཞིན་དང་བསམ་བཞིན་མ་ཡིན་པ་གང་ལྟར་ཡང་མངའ་རིས་སྐོར་གསུམ་བོད་ཁོངས་ནས་ཕྱིར་འབུད་བཏང་དང་གཏོང་བཞིན་འདུག ད་ལྟ་དབུས་གཙང་དང་ལྷག་པར་དུ་ཁམས་ཁུལ། ཁྱད་པར་དུ་ཨ་མདོ་བའི་སྨྱུག་འཛིན་པ་དང་འཆད་སྟེགས་བཟུང་བ་པོ་རྣམས་ཀྱིས་མགྲིན་གཅིག་ཏུ་མདོ་དབུས་ཁམས་གསུམ་ཞེས་པའི་ས་ཁམས་ཀྱི་རྣམ་གཞག་འདིའི་འོག་ནས་བོད་ཀྱི་མི་རིགས་དང་། རིག་གནས། ལས་དབང་སོགས་རྟག་ཏུ་གླེང་བཞིན་འདུག དབུས་དང་ཁམས་ཁུལ། མདོ་སྨད་ཅེས་པ་ནི་ཁ་བྱང་ལག་བྱང་ཆགས་འདུག བོད་ཀྱི་ནུབ་ཁུལ་ནི་དབུས་ཡིན་པ་གསལ་པོར་ཆགས་འདུག་པ་ནི། ཁོང་ཚོས་རྩོམ་ཡིག་ཁག་དང་འཆད་ཁྲིད་སྒྲ་བརྙན་ཁག་ལ་གཟིགས་ན་གསལ་པོར་མཐོང་ཐུབ་ཀྱི་འདུག

མདོ་སྨད་ན་སྨྱུག་འཛིན་པ་ཧ་ཅང་མང་ཞིང་། ཁམས་ཁུལ་ལའང་གང་ཙམ་འདུག་པ་ཚོས་ཡིག་ངག་གཉིས་ཀར་དབུས་དང་ཁམས་དང་མདོ་སྨད་གསུམ་ཞེས་ས་ཁྱབ་རྡོ་ཁྱབ་ཏུ་སྤེལ་བཞིན་འདུག འདི་དག་གིས་སྟོད་མངའ་རིས་དང་བར་དབུས་གཙང་ཞེས་པའི་རྣམ་གཞག་འདི་མ་ཐོས་མ་ཤེས་པ་ཡོད་མི་སྲིད་ནའང་། མིག་བཙུམ་སྟེ་གཙང་དང་ལྷག་ཏུ་མངའ་རིས་རྒྱང་དུ་འདོར་བ་འདི་ལ་དམིགས་ཡུལ་ཅི་ཞིག་ཡོད་དམ། བོད་སིལ་བུར་གཏོང་བཞིན་པ་ནི་མ་ཤེས་པ་ག་ལ་ཡིན། འོ་ན་མངའ་རིས་ནི་དབུས་སུ་གཏོགས་ཟེར་སྲིད་ན། སྔོན་དུས་ལྷ་བླ་མའི་དུས་སུ་མངའ་རིས་སྐོར་གསུམ་འབྲིང་པོ་ཡིན་དུས་དབུས་སུ་མ་གཏོགས་ལ། དུས་ཕྱིས་དགའ་ལྡན་ཕོ་བྲང་དུས་ཀྱང་སྟོད་མངའ་རིས་ཞེས་དམིགས་བསལ་སྤྱི་ཁྱབ་སྒར་དཔོན་མངག་སྟེ་སྐྱོང་བ་ལས་དབུས་ཁོངས་ལྟ་ཞོག གཙང་ཁོངས་ཡིན་ལུགས་ཀྱང་མ་དར། དེང་དུས་མངའ་རིས་ས་གནས་ཞེས་ལོགས་བཀར་བ་འདི་ཡང་། ས་ཁམས་སོགས་གང་ཅིར་མི་འདྲ་བའི་དབང་གིས་ལོས་ཡིན། དེ་ལུགས་སྣང་མེད་རྡོག་རོལ་དུ་གཏོང་བ་འདི་རིགས་ལ་བསམ་ཤེས་ཅི་ལྟར་བྱ་དགོས་སམ།

བོད་ཤར་ཕྱོགས་ཀྱི་ཤེས་ལྡན་པ་ཚོས་ས་ཁྲ་ལ་གཟིགས་ཐུབ་ན་མངའ་རིས་སྐོར་གསུམ་ས་ལེར་མཐོང་ཐུབ་མོད། བར་ཁམས་པ་འགའ་ཡིས་མངའ་རིས་ཀྱི་ལྟེ་བའི་གངས་ཏི་སེ་ལ་ཁོ་ཚོའི་དམངས་ཁྲོད་ངག་རྒྱུན་ལ་རྒྱ་གར་གངས་རི་ཟེར་རབས་གླེང་སྟེ། རྒྱ་གར་ཁོངས་སུ་གཏོགས་རབས་གླེང་ནས་རང་ལྟ་ཨེ་འགྲུབ་ལྟ་བར་ནན་གྱིས་འབད་པ་དང་། ཕྱིར་སྡོད་ཆེན་པོ་དང་ལོ་རྒྱུས་སྨྲ་བ་དབང་ཆེན་འགས་ལ་དྭགས་པ་དང་ཟངས་དཀར། པི་ཏི་པི་ཅོག ཡ་ཙེ། དོལ་པོ་སོགས་མངའ་རིས་སྐོར་གསུམ་ཆེ་བའི་ཁོངས་གཏོགས་ཀྱི་བོད་རིགས་རྣམས་ལ་རྟག་པར་ཧི་མ་ལ་ཡའི་མི་རིགས་ནི་བོད་ཀྱི་ཆོས་ལ་དད་པ་དང་བོད་ཡིག་ཀྱང་སྤྱོད་ཀྱི་ཡོད་ཅེས་བརྗོད་དེ། བོད་རིགས་འཁྲུལ་མེད་དེ་རྣམས་བོད་རིགས་མིན་པར་ནན་གྱིས་བསྒྲུབ་པ་འདི་རྣམས་ཀྱི་དམིགས་ཡུལ་དངོས་གང་ཡིན་ནམ། ལེགས་པར་བསམ་ན་དེ་དག་ལ་འཇིགས་སྣང་སྐྱེ་འོང་། ད་ལྟ་སྤ་ཀི་སི་ཐན་ཁོངས་ཀྱི་སྦལ་ཏི་བ་ཚོས་རང་ཉིད་བོད་རིགས་ཡིན་པ་ཤེས་ནས་བོད་ཡིག་སྦྱོང་བཞིན་པ་དང་། ལ་དྭགས་སོགས་ལ་ད་ལྟ་ནུབ་ཕྱོགས་པ་དང་ཤར་ཕྱོགས་ཉི་ཧོང་དང་ཀུ་རི་ཡ་སོགས་ཀྱིས་བོད་ཆུང་ངུར་འབོད་ཀྱིན་ཡོད་པ་མ་ཤེས་སམ།|

རང་རེའི་ཤར་ཕྱོགས་ཀྱི་ཤེས་ལྡན་པ་ཚོས་མངའ་རིས་ཆེ་འབྲིང་ལྟ་ཞོག མངའ་རིས་ཆུང་ངུའང་བོད་ཁོངས་ནས་ཕྱིར་འབུད་བཏང་དང་གཏོང་བཞིན་པ་དང་། ཕྱིར་སྡོད་པས་ལོ་རྒྱུས་ཚད་མའི་མངའ་རིས་ཆེ་འབྲིང་གཉིས་བོད་ནས་ཕྱིར་འབུད་བཏང་དང་གཏོང་བཞིན་པ་མངོན་སུམ་ཚད་གྲུབ་འདི་ནི་ངོ་ཚ་ཁྲེལ་མེད་དང་། མྱེས་པོའི་རྐང་འདྲེན་དང་། གདོང་དམར་བའི་རུས་དྲུད་མཁན་ཀླད་མེད་ཤ་དག་མ་ཡིན་ནམ། ཁོ་ཚོས་ཡིག་ངག་གཉིས་ནས་འདི་ལྟར་ཁ་ཕྲལ་གཏོང་བར་འབད་པར་བསམ་ན་སྒོར་མོ་མང་པོ་ཅིག་གིས་བྲིད་ཟིན་པར་ཡང་དོགས་སོ། །ད་ལྟ་མངའ་རིས་སུ་སྨྱུག་འཛིན་པ་ཉུང་བས་ཡིན་ནམ། ཁོང་རྣམས་གཞན་གྱིས་བོད་རིགས་ལས་ཕྱིར་འབུད་པའི་སྐད་ཆའམ། རྣམ་གཞག་ཁྲེལ་མེད་གདུག་རྩུབ་ཅན་དེ་དག་མ་མཐོང་བ་ཡིན་ནམ། གང་ལྟར་འདིའི་ཐད་ལ་ཚིག་གཅིག་གསུང་མཁན་མི་སྣང་མོད། འདི་ནི་རང་གི་ལོ་རྒྱུས་རང་གིས་རྩ་བརླག་གཏོང་བ་དང་། གཞན་གྱིས་ཁ་གཡར་ས་བཟོ་བའི་ནག་ཉེས་ཚབས་ཆེན་ཅིག་བསགས་ཟིན་པ་ཡིན་པ་ངོ་ཤེས་དགོས།

དཔེར་ན་ད་ལྟ་མཁན་པོ་དགེ་བཤེས་ཁ་ལྕེ་ངན་ལངས་ཤོར་བ་འགས། གང་སར་ས་དགེ་རྙིང་གསུམ་ཤ་དག་བཤད་དེ། བཀའ་བརྒྱུད་ཇོ་ནང་སོགས་མིང་ཙམ་མི་གླེང་བར་བོད་བརྒྱུད་ནང་པ་ལས་ཕྱིར་འབུད་པ་ལྟ་བུ། མདོ་དབུས་ཁམས་ཞེས་པ་འདི་ཡང་ཁ་ཕྲལ་བའི་ཐ་སྙད་གདུག་རྩུབ་ཅན་ཅིག་རེད། དེའི་ནང་བོད་ས་ཐ་དག་ཚུད་ཐུབ་མེད་པ་ཚང་མས་ཤེས་དགོས། གོང་ཞུས་མངའ་རིས་ཆེ་འབྲིང་ཆུང་དང་། ལྷོ་མོན་འབྲས་འབྲུག་སོགས་ཚུད་ཐུབ་ཀྱི་མེད། མདོ་དབུས་ཁམས་གསུམ་གྱི་ཐ་སྙད་ཡོང་ཁུངས་ནི་བོད་ཆོལ་ཀ་གསུམ་ཞེས་པ་འདི་རེད། ཆོལ་ཀ་གསུམ་ནི་བོད་སྐད་མ་རེད་ལ། བོད་རང་ཉིད་ཀྱིས་བཏགས་པའང་མ་རེད། འདི་ནི་སོག་པོའི་གོང་མས་བོད་དུམ་བུར་གཏུབ་ནས་བཏགས་པའི་སྐྱོ་མིང་རེད།

ཆོལ་ཀ་གསུམ་ཟེར་བ་འདིའི་ནང་མངའ་རིས་སྐོར་རྣམས་སོགས་རྩ་བ་ནས་ཚུད་ཡོད་པ་མ་རེད། ཕྱི་ནང་གང་སར་ཆེ་ཕྲ་ཕལ་མོ་ཆེས་བོད་ཆོལ་ཁ་གསུམ་ཞེས་པ་ཁོ་ན་ལབ་རྒྱུར་དགའ་བ་ནི་བོད་ཀྱི་ལོ་རྒྱུས་དངོས་མི་ཤེས་ཤིང་། ཅོལ་ཆུང་གྲགས་པའི་རྗེས་འབྲངས་མོན་ཕྲུག་ཡལ་བོར་དངོས་ཀྱི་རྟགས་ཡིན་པས། དེ་རྣམས་ནི་རང་མིང་བརླག་པའི་ངོ་ཚ་དང་། ཀླད་སྟོང་ཤ་དག་ཡིན་པ་ཤེས་དགོས། གལ་ཏེ་གཞོན་པ་ཀླད་མེད་མང་པོས་བོད་ཆོལ་ཁ་གསུམ་ཞེས་པའི་རྣམ་གཞག་ནག་པོ་འདི་ཉིད་དགུང་དུ་འཕྱར་བ་ནི། ངན་ལངས་ཤོར་བའི་ངག་ཙམ་མ་ཡིན་པར་རང་གིས་རང་བརླག་པའི་དཔང་རྟགས་ཡིན་པ་ཤེས་པ་དང་། བོད་ཆ་ཚང་བའི་གཏམ་དོན་ཡིན་ན་ནི་ལོ་རྒྱུས་ངོ་མ་ལ་སྦྱངས། ས་ཁྲ་ངོ་མ་ལ་བལྟས་ཏེ་ཡིག་ངག་གཉིས་ཀ་ནས་ལམ་སེང་བསྒྱུར་བཅོས་བྱ་དགོས།

གལ་ཏེ་བོད་ཀྱི་ལོ་རྒྱུས་ཚད་ལྡན་ལ་གཞི་བཅོལ་ནས། མངའ་རིས་སྐོར་གསུམ་ཆེ་འབྲིང་གསུམ་ནི་བོད་ཀྱི་ལོ་རྒྱུས་ནང་གསལ་དབུས་ཁོངས་ཡིན་པའི་དཔང་རྟགས་ཁུངས་སྐྱེལ་ཡོད་ན་སྟོན་ཅིག གལ་ཏེ་དབུ་རུའི་ནང་ཚན་ལྟ་ཞོག གཙང་ཁོངས་ཡིན་པའི་དཔང་རྟགས་ཀྱང་མེད་ན། ཆོལ་ཁ་གསུམ་གྱི་རྣམ་གཞག་གདུག་རྩུབ་ཅན་གྱི་རྗེས་སུ་མི་འབྲངས་བ་དང་། ལོ་རྒྱུས་འཁྱོག་བཤད་ཀྱི་རྣམ་གཞག་མདོ་དབུས་ཁམས་གསུམ་ཞེས་པ་ཐ་ཆད་འདི་ཉིད་མི་སྤྱོད་པ་གལ་ཆེ་ལ། དུས་འདིར་ཕྱི་ནང་གང་སར་མངའ་རིས་སྐོར་གསུམ་སོགས་བོད་ཁོངས་ནས་ཕྱིར་འབུད་གཏོང་བའི་ལས་ངན་འདི་དང་འདི་ལྟ་བུ་མི་རྩོམ་པར་མཚམས་འཇོག་པར་སྙིང་ནས་རེ་བ་ཞུའོ།

མི་བུ་ཤེས་རབ་དཔལ་གྱིས་༢༠༡༦ ་༡༢་

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།
0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།