ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གླེང་བ།

497


རྩོམ་པ་པོ།   ཤེད་བུ།

 

གཅིག སྔོན་དུ་སྒྲོན་འདོད་པ།

 

​ཁ་སང་སྤྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༢ ཉིན་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་དྲ་ལམ་ལ་ཤར་གཏོང་བྱས་པ་ནས་བགྲོ་གླེང་ཅུང་ཟད་ཤུགས་ཆེན་པོའི་རྣམ་པ་བྱུང་ཡོད། ཕྱོགས་གཅིག་གིས་སྐད་ཡིག་དང་མི་རིགས། དུས་རབས་བཅས་ཀྱི་འཕེལ་ཕྱོགས་སོགས་བསམ་བློ་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་གི་སྒོ་ནས་གདེང་འཇོག་དང་དགའ་འབོད་གནང་སོང་། ཕྱོགས་གཅིག་གིས་ཆབ་སྲིད་རང་དབང་གི་ངོས་ནས་བལྟས་ཤིང་དེ་འབྲེལ་གྱི་སྡོམ་བརྒྱབ། ལུང་བསྟན་གནང་། དོགས་པ་བ་བཅས་བྱས་སོང་།

​ བར་སྐབས་འདིར་དྲན་པར་འཁོར་བ་ནི། བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་ལ་ཕེབས་པ་འགས་རྒྱ་ནག་པེ་ཅིང་ནས་༸ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཇལ་བཅར་སྐབས། རིན་པོ་ཆེས་”ཁྱོད་རང་ཚོ་ཕྱིར་ཕེབས་ནས་ཕྱག་ལས་ག་རེ་གནང་ནའང་བབ་གཟིགས་གནང་དགོས། འདི་ཕྱོགས་ཀྱི་ལས་ཀ་ཡོད་ཚད་ལ་དགག་པ་མ་རྒྱག ཧི་མ་ལའི་ཕར་ཕྱོགས་ནས་བསམ་མི་ཐུབ་པ་མང་པོ་ཞིག་འདི་ན་ལས་བཞིན་ཡོད།” ཅེས་གསུངས་པ་དེ་རེད། བོད་ཕྱི་ནང་གཉིས་ནི་བོད་ཀྱི་གཤོག་པ་ཟུང་ཡིན་ལ། གཤོག་པ་གང་ལའང་རྨས་ཕོག་མི་རུང་། ཡིན་ནའང་། ཁ་ཤས་ཀྱིས་ཅི་ཞིག་མཁྱེན་ཁུལ་དང་གང་ཞིག་རྟོགས་ཁུལ་གྱིས་ལུང་བསྟན་གནང་རྐྱང་དང་། སྡོམ་ཚིག་གཡུག་རྐྱང་། ད་དུང་ཕྱོགས་གཅིག་ལ་རྒྱུགས་པ་ལེབ་རྡུང་བྱེད་པའི་ངང་ཚུལ་དེ་སྐྱི་གཡའ་ལ་འཇིགས་སུ་རུང་བ་མ་ཟད་འབྲས་བུ་གནག་པོའང་རེད།

​ ཡོངས་འཛིན་འཚོལ་བཤེར་མ་ལག་ནི་ཅིག་ཅིག་ཅིག་ཚང་གི་དྲིལ་བསྒྲགས་ལ་དམིགས་ཨེ་ཡོད་ཀྱི་རྣམ་རྟོག་དང་། གང་ཞིག་Google གྷོ་གྷལ་ལས་བཙལ་ཐུབ་ལ་ཡོངས་འཛིན་ལས་མི་ཐུབ་ཟེར་བ་སོགས་ལའང་སྙིང་པོ་ཅི་ཡང་མེད། དེ་ཡང་སྒྲུང་ཞིག་གིས་མཚོན་པར་འོས་ཏེ། སྔོན་ཆད་རྒྱ་ནག་གི་དབང་འོག་ནས་བོད་ཀྱི་རིག་གནས་སྲུང་སྐྱོབ་དང་དར་སྤེལ་གྱི་དགོས་མཁོར་དམིགས་ནས་དག་ཡིག་གསར་བསྒྲིགས་བསྒྲིགས་ཤིང་། དགོས་དབང་བབ་བསྟུན་གྱིས་ཆོས་ཕྱོགས་ཀྱི་མིང་ཚིག་དག་ལ་ཆོས་མེད་ཀྱི་ལྟ་བའི་སྒོ་ནས་འགྲེལ་བཤད་གནང་བ་ལ། བོད་ཕྱི་ཕྱོགས་ནས་མི་འདོད་པའི་རྣམ་པ་བསྟན་པ་དང་ཀུན་ནས་འདྲ་པོ་ཡོད། ཡིན་ནའང་། དག་ཆར་དཀའ་ངལ་འཕྲད་པའི་སྐབས་སུ་རེ་ས་དེ་ལས་མེད་རྐྱེན་དཔར་སློག་བསྐྱར་སློག་མང་པོ་བྱས་པ་བཞིན། ཡོངས་འཛིན་ཡང་འུ་ཚོས་བསྐྱར་བཤུ་དཔར་བཤུ་ཡི་མགོ་རྩོམ་པར་ལོ་མང་འགོར་རྒྱུ་མ་རེད།

​ ལོ་ཤས་གོང་དག་ཡིག་གསར་བསྒྲིགས་བསྐྱར་བསྒྲིགས་ཀྱིས་ཆོས་ཕྱོགས་ཀྱི་འགྲེལ་བཤད་དགོས་སར་དེ་ལུགས་འགྲེལ་བཤད་གནངས་པ་རེད། འདི་འགྱུར་བ་རེད། བསླབ་བྱ་རེད། ཉམས་མྱོང་རེད། ཡིན་ནའང་། ལོང་བར་གྱུར་པ་དག་ལ་བདེན་པ་གཅེར་བུར་འགྲེང་ཡང་ལྟ་བའི་མིག་ཟུང་ག་ལ་ལྡན། འདི་ཡང་ཕལ་ཆེར་ཆོས་ཉིད་རེད་པཱ།

​ ཡང་གཅིག་བཤད་ན། Google གྷོ་གྷལ་གྱི་བང་མཛོད་ནང་དུ་བོད་ཡིག་འབྲུ་རྡོག་གཅིག་མེད་ལ། ཡོངས་འཛིན་གྱི་བང་མཛོད་ནང་དུ་གང་ཅི་ཡོད་རིལ་གྱིས་བོད་ཡིག་ཡིན། Google ནང་ནས་འཚོལ་ཐུབ་པའི་ཡིག་ཆ་དེ་ཚང་མ་གྷོ་གྷལ་བརྒྱུད་དེ་འཚོལ་བ་ཙམ་ལས། གྷོ་གྷལ་རང་གི་ཡིག་ཆའི་བང་མཛོད་ལས་མཁོ་སྤྲོད་བྱེད་པ་མིན། དེ་བཞིན་ཡོངས་འཛིན་གྱི་འཚོལ་བཤེར་བརྒྱུད་ལྟ་མི་འདོད་པ་དེ་དག་ཀྱང་ཡོངས་འཛིན་བརྒྱུད་ནས་དེ་དག་མངོན་པ་ལས་ཡོངས་འཛིན་རང་གི་བང་མཛོད་ནང་ལ་ཉར་ནས་བསམ་བཞིན་དྲིལ་བསྒྲགས་ཀྱི་ངོ་བོར་མི་འདུག གནད་ཀ་འདི་དག་མ་ཤེས་པར་དགག་རྐྱང་དང་ལུང་བསྟན་རྒྱག་རྐྱང་བྱེད་པ་ནི་ཅོལ་ཆུང་གི་ལས་འབའ་ཞིག་མ་རེད་དམ།

 

གཉིས། འཚོལ་བཤེར་མ་ལག་ཅེས་པ་ཅི་ཞིག་རེད།

 

​ འཚོལ་བཤེར་མ་ལག་ཅེས་པ་ནི་ཅི་ཞིག་རེད་ཅེས་དྲི་བ་སྐོར་འཕེན་ཞིག་བྱས་ན། གསར་འགོད་པ་ཚོས་དྲ་ལམ་གསར་འགོད་པ་རེད་ཟེར་སྲིད་ལ། ཞིབ་འཇུག་པ་དག་གིས་ཞིབ་འཇུག་གི་རྒྱུ་ཆ་རེད། སློབ་མ་ཚོས་དགེ་རྒན་རེད། ཡུལ་སྐོར་བ་ཚོས་གནས་ཡིག་རེད་ཅེས་ལན་འདེབས་སྲིད་པ་ཡིན། དེ་དག་ནི་འཚོལ་བཤེར་མ་ལག་གིས་མི་རྣམས་ལ་གང་ལ་གང་འདོད་ཀྱི་ཤེས་བྱ་སྤྲད་པའི་ཉམས་མྱོང་དང་ལག་ལེན་གྱི་སྣང་ཚུལ་ཞིག་རེད། དེ་དག་ཚང་མ་ཐ་སྙད་གཅིག་གིས་སྟོན་དགོས་ན་ཡོངས་འཛིན་ཞེས་པ་འདིས་སྟོན་པར་འོས་པས། ངས་འཚོལ་བཤེར་མ་ལག་ཅེས་པ་ནི་ཡོངས་འཛིན་ནོ་ཞེས་ངོས་འཛིན་པར་འདོད། འདི་ལ་ལྟ་གྲུབ་ཀྱི་བཤད་སྟངས་ཅུང་འདྲེས་པས་གོ་དཀའ་ཚོད་ཀྱང། ངའི་རྩོམ་ཡིག་འདི་རིལ་གྱིས་བཀླགས་ན་ངེས་པའི་གོ་བ་ཞིག་ཐོབ་ཐུབ། ཡང་འཚོལ་བཤེར་མ་ལག་ཅིག་གླེང་བ་ལ་དེ་ཇི་ལྟར་བཟོས་པའི་བརྒྱུད་རིམ་ལ་ངེས་རྟོགས་ཅུང་ཡོད་དགོས་པ་ཡིན།དེ་ནི་དྲ་རྒྱ་ཞིག་བཟོས་པ་དང་དེབ་འགའ་རེ་དཔར་སྐྲུན་བྱེད་པ་ཙམ་མིན་པར། རྣམ་དཔྱོད་ཟབ་མོ་དང་། ལག་རྩལ་ངེས་ཅན།དཔལ་འབྱོར་ཕོན་ཆེན་བཅས་སུམ་སྦྲེལ་གྱི་གྲུབ་དོན་ཞིག་ཡིན། མིའི་རྣམ་དཔྱོད་ལ་མཐའ་མེད་པ་བཞིན་འཚོལ་བཤེར་མ་ལག་གི་ཁྱད་ཆོས་ལའང་མཐའ་མེད་པས་འཚོལ་བཤེར་མ་ལག་གི་ཚད་འདི་ཞེས་སྡོམ་ཚིག་འགོད་འོས་པ་ཞིག་མིན།

ཡིན་ནའང་། འཚོལ་བཤེར་མ་ལག་རེ་རེར་ཁ་གཡང་ངམ་རྨི་ལམ་རེ་ཡོད་པ་ཡིན། འཛམ་གླིང་གི་གྲགས་ཆེན་འཚོལ་བཤེར་མ་ལག་Google གྷོ་གྷལ་ལྟ་བུ་ཡིན་ན། “འཛམ་གླིང་གི་གནས་ཚུལ་ཡོངས་རྫོགས་མཁོ་སྒྲུབ་དང་གནས་ཚུལ་དེ་ཡོངས་ཁྱབ་རང་བཞིན་དུ་བེད་སྤྱོད་བདེ་བར་བྱེད་པ་དེ་ཡིན་”ཞེས་བསྒྲགས་ཡོད་ལ། དེང་སྐབས་ཁ་གཡང་འདི་འཚོལ་བཤེར་མ་ལག་ཅེས་པའི་ཚད་གཞི་ལྟ་བུར་ཡང་གྱུར་ཡོད། བྱེ་བྲག་འཚོལ་བཤེར་མ་ལག་ཅིག་བཟོ་བ་ལ་ཐུན་མོང་སྤྱི་ཁོག་གི་ལག་རྩལ་དང་། མ་ལག་རྩ་གནད་ཀྱི་ལག་རྩལ་དགོས་ཤིང་། འཚོལ་བཤེར་མ་ལག་གི་འཇོན་ཐང་ངམ་ཁྱད་ཆོས་རིལ་གྱིས་མ་ལག་རྩ་གནད་ཀྱི་ལག་རྩལ་དང་རྣམ་དཔྱོད་ལས་མངོན་དགོས་པ་ཡིན། ཤེས་ཡོན་དང་ལག་རྩལ། དཔལ་འབྱོར་སུམ་སྒྲིལ་གྱི་ཆ་རྐྱེན་དེ་མ་འཛོམས་པའི་རྐྱེན་གྱིས་འཚོལ་བཤེར་མ་ལག་མང་པོ་ཞིག་གསོན་མ་ཐུབ་པ། གསོན་རུང་གནས་མ་ཐུབ་པ། གནས་རུང་དར་རྒྱས་འབྱུང་མ་ཐུབ་པར་ཤི་མ་གསོན་གྱི་ངང་ཚུལ་དུ་ཡོད། ད་ལྟའི་འཛམ་གླིང་ནི་གློག་རྡུལ་འཇིག་རྟེན་དང་དྲ་ཐོག་གི་མི་རིགས་ཤིག་ཡིན་ལ། གློག་རྡུལ་འཇིག་རྟེན་གྱི་ཁམས་སུ་མི་རིགས་ཤིག་དང་སྐད་ཡིག་ཅིག་ཡུན་རིང་བོར་གསོན་པ་ལ་ངེས་པར་དྲ་ལམ་འཚོལ་བཤེར་མ་ལག་དང་དྲ་ལམ་རིག་མཛོད་དགོས་པ་ཡིན། ནུབ་ཕྱོགས་ལ་མཚོན་ན་མི་ཚང་གཅིག་གི་སྐྱེ་རྒྱུད་མཆེད་ཁོངས་རིག་མཛོད་དང་འཚོལ་བཤེར་མ་ལག་བརྒྱུད་ནས་ལོ་ཉིས་བརྒྱ་ལྷག་རེ་འདེད་ཐུབ། བོད་ལ་མཚོན་ན་ལོ་ཉིས་བརྒྱའི་རིང་གི་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད་ཙམ་འཚོལ་སའི་རིག་མཛོད་དང་འཚོལ་བཤེར་མ་ལག་གང་ཡང་བྱོན་མེད། འདི་ལ་རྗེས་ལུས་ཟེར་ཞིང་འདི་ཁ་བསྐང་བ་ལ་ད་གཟོད་དྲིན་ཆེན་ཞེས་འབོད་རིགས།

 

གསུམ། ཡོངས་འཛིན་ཞེས་པའི་ཁ་བྱང་དང་འབྲེལ་ནས་གླེང་བ།

 

​མངོན་རྟོགས་རྒྱན་ལས། སེམས་མི་འགོང་བ་ཉིད་དང་ནི། །ངོ་བོ་ཉིད་མེད་སོགས་སྟོན་བྱེད། །དེ་ཡི་མི་མཐུན་ཕྱོགས་བོར་བ། །རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །ཞེས་བོད་ཀྱི་ནང་བའི་མཚན་ཉིད་རིག་པའི་ནང་དུ་ཡོངས་འཛིན་ཞེས་པ་དོན་དག་གསུམ་གྱི་སྒོ་ནས་ངོས་འཛིན་བྱས་ཡོད། སེམས་མི་འགོང་བ་ཞེས་སློབ་མར་རིག་པའི་གནས་ལུགས་ཅི་འདོད་དུ་འཇོ་ལ་སྐྱོ་ཤས་མེད་པ་སྟེེ་སྡུག་རུས་མིན་པའི་གུས་རྟག་གི་བརྩོན་འགྲུས་སྟོན་གྱིན་ཡོད་ལ། ངོ་བོ་ཉིད་མེད་སོགས་སྟོན་ཞེས་པས་ཆོས་རྣམས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་དང་སོགས་ཁོངས་སུ་ཤེས་པར་བྱ་བའི་གནས་མཐའ་དག་ཡོད། དེ་ཡི་མི་མཐུན་ཕྱོགས་བོར་བ་ཞེས་ཤེས་འཆལ་གྱི་ཕྱོགས་བོར་བ་སྟེ་ཁྱད་ཆོས་གསུམ་གྱི་སྒོ་ནས་ཡོངས་འཛིན་ཞེས་པ་ངོས་བཟུང་ཡོད།

​ སློབ་དཔོན་ཟམ་གདོང་རིན་པོ་ཆེས། “རྒྱ་གར་གྱི་ནང་པ་མིན་པའི་གྲུབ་མཐའ་གཞན་ནང་བླ་མ་དང༌། སློབ་དཔོན།མཁན་པོ་བཅས་ཀྱི་བརྡ་ཆད་ཡོད་ཀྱང༌། ཡོངས་འཛིན་ཟེར་བའི་བརྡ་ཆད་མ་མཐོང༌། ཡོངས་ཞེས་པ་སྤྱིར་ཐམས་ཅད་ལ་གོ་ཡང༌། ཐམས་ཅད་ཅེས་བརྗོད་དུས་གཅིག་ཀྱང་མ་ལུས་པའི་དོན་དེ་མི་སླེབས། ཡོངས་ཞེས་བརྗོད་དུས་གཅིག་ཀྱང་མ་ལྷག་པའི་དོན་ཡིན། འཛིན་པ་ཞེས་པ་ནི་ལག་པས་བཟུང་བ་ལྟ་བུས་མར་ཟགས་ཏུ་མ་བཅུག་པར་ཡར་བཏེགས་པ་ལ་གོ དབྱིན་སྐད་ལ་ཨཔ་ཧོལཌིup-holdཟེར་བ་དེ་རེད། དེས་ན་ཡོངས་འཛིན་ཞེས་པ་ནི་གཟུང་བྱའི་སློབ་མའི་ལུས་ངག་ཡིད་གསུམ་དང་འབྲེལ་བའི་གནས་ཚུལ་རྣམས་བཟུང་ཐུབ་མཁན་དང་བཏེགས་ཐུབ་མཁན་ཞིག་ལ་གོ་ཞིང༌། ཡོངས་འཛིན་ཞེས་པའི་ཚིག་དེ་ཧ་ལས་པའི་ཁྱབ་ཆེན་པོ་དང་རྒྱ་ཆེན་པོ་རེད། “ ཅེས་སྤྱི་ལོ་༢༠༠༦ ཕྱི་ཟླ་ ༣ ཚེས་ ༣༡ ཉིན་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་སྔོན་འགྲོའི་དགེ་རྒན་གྱི་ཟབ་སྦྱོང་ཐེངས་གཉིས་པར་འགྲེལ་བརྗོད་གནང་ཡོད།

​དགེ་རྒན་རྡོ་ལྷས་ཡོངས་འཛིན་ཞེས་པའི་ཁ་བྱང་ཐད་འགྲེལ་བརྗོད་གནང་སྐབས། གློག་རྡུལ་དུས་རབས་འདིར་མི་རྣམས་ཀྱིས་འཚོལ་བཤེར་མ་ལག་ལ་བརྟེན་ནས་སློབ་སྦྱོང་བྱེད་ཀྱིན་ཡོད་ལ། མི་ཤེས་ན་འཚོལ་བཤེར་མ་ལག་ལ་དྲིས་ཆོག ཅེས་དགེ་རྒན་གྱི་ཁྱད་ཆོས་ལྡན་སྐོར་དང་། འཚོལ་བཤེར་མ་ལག་གིས་དྲ་མིག་ཡོངས་རྫོགས་བསྡུ་ལེན་ནམ་བཟུང་ནས་དྲ་ཞུགས་པ་རྣམས་ལ་གང་འདོད་ཅི་འདོད་དུ་སྟོན་གྱིན་ཡོད་པའི་ཁྱད་ཆོས་གཉིས་དང་འབྲེལ་ཏེ་ཡོངས་འཛིན་ཞེས་པ་འདི་དོན་ལ་གནས་བར་གླེང་བ་མ་ཟད། ཡོངས་འཛིན་དྲ་ངོས་སུ་བཀོད་པའི་ཡོངས་འཛིན་གྱི་འགྲེལ་བཤད་ལའང་ ”ཡོངས་འཛིན་ནི་ལམ་སྟོན་གྱི་བླ་མ་དང་གནད་བཀྲོལ་གྱི་དགེ་རྒན་ལ་གོ་བ་ལྟར། གཅིག་ནས་བོད་ཡིག་འཚོལ་བཤེར་མ་ལག་ནི་རྨོངས་ཀུན་སེལ་བར་བྱེད་པའི་དགེ་རྒན་ཞིག་དང་མཚུངས་པར་ང་ཚོའི་འཚོ་བ་དང་སློབ་སྦྱོང་། ལས་ཀའི་ཁྲོད་འཕྲད་པའི་དྲི་བ་གང་མང་ཞིག་ལ་ལན་ལྡོན་པར་བྱེད་ཅིང་། དྲ་གྲོགས་རྣམས་ཀྱི་འཚོལ་བཤེར་དགོས་མཁོ་སྐོང་བར་བྱེད་པས་ཡོངས་འཛིན་ཞེས་བཏགས།གཉིས་ནས་ཡོངས་འཛིན་ཞེས་པའི་མིང་དེ་སོ་སོར་ཕྲལ་ནས་བཤད་ན། ཡོངས་སུ་འཛིན་པར་བྱེད་པའི་དོན་སྟོན་པ་སྟེ། འཚོལ་བཤེར་མ་ལག་ནི་མཐར་གཏུག་ན“དྲ་རྒྱའི་འབུ་སྡོམ”གྱིས་ཆ་འཕྲིན་གྱི་ཆུ་གཏེར་ཆེན་པོའི་ཀླུང་དུ་དྲ་དམངས་རྣམས་ཀྱི་ཉེར་མཁོའི་ཆ་འཕྲིན་རེ་རེ་བཞིན་བཟུང་སྟེ་ང་ཚོར་འདོན་སྤྲོད་བྱེད་པ་ཞིག་ཡིན་པས་ཡོངས་འཛིན་ཞེས་དོན་བསྡུས་ནས་བཏགས་པའོ། །” ཞེས་འགྲེལ་་ཡོད།

ངས་འདི་ལྟར་ཡོངས་འཛིན་ཞེས་པའི་ཁ་བྱང་འདི་འགྲེལ་རིམ་གསུམ་ལ་གཏུགས་ནས་ཅུང་རྒྱས་པར་གླེང་བའི་རྒྱུ་མཚན་ནི། ཁ་བྱང་ཙམ་ལའང་ལྐུགས་པར་གྱུར་པ་དག་གིས་ལུང་བསྟན་གནང་མཚམས་འཇོག་རོགས་ཞེས་པའི་འབོད་སྐུལ་ཞིག་དང་། འཚོལ་བཤེར་མ་ལག་ཅེས་པ་ནི་ཡོངས་འཛིན་ནོ་ཞེས་བཤད་འདོད་པ་དེ་ཡིན། ཡང་། “མི་ཤེས་ན་རྒན་ལ་དྲིས། མི་རིག་ན་སྒང་ལ་བུད་”ཅེས་པའི་གཏམ་དཔེ་ཞིག་ཡོད་པ་བཞིན། ད་ནས་བཟུང་འུ་ཚོས་མི་ཤེས་ན་འཚོལ་བཤེར་མ་ལག་ལ་འདྲི་རྒྱུ་བྱ་ཅེས་གྲོས་ཁ་ཡང་འདོན་པ་ཡིན། ད་དུང་ཡོངས་འཛིན་གྱི་ལས་རྟགས་ཡོངས་འཛིན་ཞེས་པའི་ཡི་གེ་འདི་ཡེ་ཤེས་སྤྱན་གྱི་རྣམ་པར་བྲིས་པ་དང་། ཁ་པར་སོགས་སུ་ཕབ་ལེན་གྱི་APPལས་རྟགས་ལ་ཡོངས་འཛིན་གྱི་རྨང་གཞིའི་ཡི་གེ་ཡ་ཤེས་རབ་ཀྱི་ལྷ་མཆོག་འཇམ་པའི་དབྱངས་ཀྱི་ཕྱག་གི་རལ་གྲིའི་སྟེང་གི་མེ་ལྕེའི་རྣམ་པར་དང་གཞི་ལྡན་འཇམ་པའི་དབྱངས་ཀྱི་སྐུ་མདོག་ལི་ཁྲིས་མཚོན་པའི་རྣམ་པར་བྲིས་པ་སོགས་བོད་ཀྱི་རིག་གཞུང་གི་ཆེས་ཟབ་སར་འཛུལ་བའི་ཚུལ་དེ་དག བོད་ཀྱི་ཆོས་རིག་འོ་མའི་རྒྱ་མཚོ་ཆེན་པོར་བཙོས་བཞག་པའི་མཁས་རྒན་དག་ལས་བོད་སྐད་འཁྱོང་མི་འཁྱོང་བཤད་མཁན་གྱི་སྤྱི་འཐུས་དང་ཕྱི་དྲིལ་དྲུང་ཆེ་ཚོས་ཤེས་ནི་ཞིག་ག་ལ་ཡིན་སྙམ་ན་ཁྱེད་ཅག་ལ་སྐྱོ་ལྷང་ལྷང་གི་སྙིང་རྗེ་ཞིག་ངང་གིས་ཤོར་སོང་།

​ ཡང་google གྷོ་གྷལ་ནི་Googol ཡི་དག་ཆ་ཅུང་ཟད་བཅོས་ཏེ་བེད་སྤྱོད་བཏང་བ་ཞིག་རེད་ལ། Googol ཡི་ནང་དོན་ནི་ཨང་ཀི་གཅིག་གི་རྗེས་ལ། ཀླད་ཀོར་བརྒྱ་ཐམ་པ་ཡོང་བའི་གྲངས་གནས་ཤིག་གི་མིང་རེད། (འདི་ལ་གཟིགས།https://en.wikipedia.org/wiki/Googol)

百度པེ་ཏོའུ་ནི། སུང་རྒྱལ་རབས་སྐབས་ཀྱི་རྩོམ་པ་པོ་辛弃疾ཀྱི་རྩོམ་众里寻她千百度,蓦然回首,那人却在灯火阑珊处 འདིའི་ཚིག་སྣེ་ཞིག་བཅད་དེ་བཏགས་པ་རེད། བོད་སྐད་ཏ་མ་ཏིག་བཤད་མཁན་གྱི་ཁྱོད་ཅག་ཕྱི་མ་འདི་གཉིས་ལ་ཆེས་རྒྱུས་ཡོད་ཡིན་པས་མ་བཀོད་ཀྱང་འོས་མོད། དོན་དག་གཅིག་ལ་སྐད་ཡིག་གསུམ་གྱི་ནང་ནས་རང་རང་གི་ཆེད་མཁས་མི་སྣས་མིང་བཏགས་པ་ཞིག་རེད། འདི་གསུམ་བསྡུར་དཔྱད་ཅིག་བྱས་ནའང་ད་རེས་བོད་ཀྱི་འཚོལ་བཤེར་མ་ལག་གི་གཙོ་གནད་རྩོམ་སྒྲིག་པའི་རྣམ་དཔྱོད་ཀྱིས་ཡིད་རབ་འཕྲོག་པར་འགྱུར་བས་ཆེད་དུ་བཀོད་པ་ཡིན།

 

བཞི་པ། འཚོལ་བཤེར་མ་ལག་གསུམ་གཤིབ་བསྡུར་གྱིས་ངོ་སྤྲོད་པ།

 

​ཡོངས་འཛིན་དང་Google གྷོ་གྷལ་ད་དུང་百度པེ་ཏུའུ། འདི་གསུམ་ནི་འཚོལ་བཤེར་མ་ལག་གསུམ་ཡིན་ལ། ད་ལྟའི་བོད་པ་ཚོས་འདི་གསུམ་ག་བེད་སྤྱོད་གཏོང་གིན་ཡོད། གཤམ་ནས་འདི་གསུམ་གཤིབ་བསྡུར་ཐུང་ངུ་ཞིག་བྱེད།

​ Google གྷོ་གྷལ་ནི། སྤྱི་ལོ་༡༩༩༨ ཟླ་ ༩ ཚེས་ ༤ ཉིན་གསར་ཏུ་བྱུང་བའི་འཛམ་གླིང་གི་ཆེས་གྲགས་ཆེ་བའི་འཚོལ་བཤེར་མ་ལག་ཅིག་ཡིན། འཚོལ་བཤེར་མ་ལག་འདིས་འཛམ་བུ་གླིང་གི་མི་བུའི་ཁེ་དབང་སྲུང་སྐྱོབ་ཀྱི་འགན་ཐེག་ཡོད་པ་མ་ཟད། མི་རེ་རེའི་འཚོ་བ་དང་ངོ་བོ་དབྱེར་མེད་དུ་འདྲེས་ཡོད། དཔེར་ན། ཁྱོད་ཀྱིས་རྒུན་ཆང་འཐུང་མ་ཤེས་པར་མགོ་བོ་ན་ནའང་དེའི་བཅོས་ཐབས་ཀྱི་ལམ་སྟོན་ཡོད་ལ། འཕྲུལ་རྟའི་འཛེར་མ་ཞིག་སྤྲོད་མ་ཤེས་ནའང་ཡིག་ལམ་བརྙན་ལམ་གཉིས་ནས་ར་སྤྲོད་བྱེད་པ་ཡིན། དེ་ལྟར་ཞབས་ཞུའི་རྣམ་གྲངས་རྒྱ་ཆེ་ལ་ནོར་འཁྲུལ་ཉུང་བ། བློ་གཏད་རིགས་པའི་ཆ་ནས་ཀུན་གྱིས་བསྔགས་འོས་སུ་གྱུར་ཡོད།

​ པེ་ཏུའུ་ནི། སྤྱི་ལོ་ ༢༠༠༠ ཟླ་དང་པོའི་ནང་གསར་ཏུ་ཐོན་ཞིང་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་འཚོལ་བཤེར་མ་ལག་ཅིག་ཡིན། པེ་ཏུའུ་ནི་ཆེས་རུལ་སུངས་ཀྱི་མ་ལག་གྲགས་ཆེ་བ་དེ་ཡང་ཡིན། ཆབ་སྲིད་ཐད་ལྟ་ཞིབ་ཧ་ཅང་གཟབ་ནན་ཅན་དང་ཚོང་ལོག་དང་ཆགས་སྲེད་ཀྱི་རིགས་སོགས་འགྲོ་བ་མིའི་བདེ་ཐང་ལ་གནོད་གཞིའི་རིགས་ལ་གུ་ཡང་དང་རྒྱབ་ལངས་བྱེད་མཁན་གྱི་མ་ལག་ཅིག་ཡིན། པེ་ཏུའུ་འགྲོ་སོང་སྲིད་གཞུང་དང་ཡོང་སྒོ་ཁྱབ་བསྒྲགས་ལས་ཡོང་གི་ཡོད་ཕྱིར། སྲིད་གཞུང་གི་བཀའ་གསུང་ཅི་སྒྲུབ་དང་། ཁྱབ་བསྒྲགས་ལ་བརྟག་དཔྱད་དང་འགན་འཁུར་མེད་པར་དངུལ་འབབ་ལ་ལྟོས་པ་ཞིག་ཡིན་ཕྱིར།ཚོང་ལོག་གི་བརྡ་ཁྱབ་སྤེལ་སའི་སྡིངས་ཆ་འཛོར་ཤོས་དེ་ཡང་ཆགས་ཡོད། ད་དུང་གཞོན་སྐྱེས་ཀྱི་བློ་ཁ་འགུག་ཕྱིར་ཆགས་སྲེད་རིགས་ཀྱི་བརྙན་དང་རོལ་དབྱངས། རྩེད་མོ་སོགས་ཉར་འཇོག་གི་བང་མཛོད་ཅིག་ཡིན། དེའི་ཕྱིར། ཉི་ཧོང་ནང་དུ་པེ་ཏུའུ་ཡན་ལག་ཕྱིར་འཕུད་བྱས་ཡོད་ལ། འགྲོ་བ་མིའི་ཁེ་དབང་ལ་བརྩི་བཀུར་ཅན་གྱི་རྒྱལ་ཁབ་གང་དུའང་ཡན་ལག་འཛུགས་ཐུབ་མེད།

​ ༢༠༠༢ ལོར་པེ་ཏུའུ་རྒྱ་ནག་དང་མཉམ་འབྲེལ་གྱིས་Google རྒྱ་ནག་ནང་ནས་ཕྱི་འབུད་བྱས་ཡོད། ༢༠༡༠ ལོར་རྒྱ་ནག་ནང་གསར་དུ་ཐོན་པའི་འཚོལ་བཤེར་མ་ལག་ 即刻搜索 ལ་རྒྱ་གཞུང་གིས་དུང་ཕྱུར་༢༠ ལྷག་གི་འགྲོ་སོང་བཏང་ནའང་པེ་ཏུའུ་ཡི་གནོད་ཤུགས་འོག་ལོ་གསུམ་ལས་སྡོད་མ་ཐུབ་པར་སྒོ་རྒྱག་གཏན་འཁེལ་བ་མ་ཟད། དེའི་འགྲོ་སོང་ཕྱེད་ཀ་ད་ལྟ་པེ་ཏུའུ་ལ་ཐོབ་ཀྱི་ཡོད་པའི་གནས་ཚུལ་ཡང་འཁྱར་གྱིན་ཡོད།

​ད་ལྟའི་བར་ཏུ་པེ་ཏུའུ་ལ་དེབ་སྐྱེལ་བྱས་པའི་མི་ཁྲི་བདུན་ཅུ་ལྷག་གི་གསང་བ་ཕྱིར་ཤོར་བཅུག་ཡོད་ལ། བརྒྱུད་ལམ་གཞན་གྱི་རྩོམ་དང་བརྙན་གྱི་བདག་དབང་ལ་བཙན་འཛུལ་བྱས་པར་རྩོམ་པ་པོ་韩寒 སོགས་ཀྱིས་དགག་རྒྱག་གི་རྩོམ་ཡིག་མང་དུ་སྤེལ་ཡོད།

​ ༢༠༡༣།༡༡།༡༣ ཉིན་ནས་优酷;土豆集团;搜狐视频; 腾讯视频; སོགས་རྒྱ་ནག་ནང་ཁུལ་གྱི་དྲ་ལམ་མ་ལག་བཅུ་ལྷག་མཉམ་འབྲེལ་གྱིས་གཞན་གྱི་བརྙན་མིག་དང་བདག་དབང་བརྐུ་འཁྱེར་སྐོར་ལ་ངོ་རྒོལ་དང་། དེ་དག་ལ་སྒོར་དུང་ཕྱུར་གསུམ་གྱི་སྐྱིན་ཚབ་འཇལ་དགོས་པ་སོགས་ཀྱི་གཏུག་བཤེར་གྱོད་གཞིའི་གྲངས་ཀ་བརྒྱ་ལྷག་བྱུང་། imge net ཚང་གིས་ཀྱང་༢༠༡༥ ལོར་པེ་ཏུའུ་འདྲ་པར་གྱི་སྤུས་ཚད་སོགས་ཀྱི་འགྲན་བསྡུར་ནང་ཞུགས་སྐབས་སྒྲིག་འགལ་བྱས་རྐྱེན་༢༠༡༦ ནས་བཟུང་འགྲན་བསྡུར་ནང་ཞུགས་མི་ཆོག་པར་བྱས་ཡོད།

​ ལྷག་པར་ ༢༠༡༦།༥།༡། ཉིན་ནས་བཟུང་པེ་ཏུའུ་ནང་ཞུགས་པ་ལ་དངོས་མིང་དང་། དངུལ་ཁང་ཨང་སོགས་དགོས་པའི་ཆ་རྐྱེན་མང་དུ་བྱས་ཕྱིར། དྲ་ཞུགས་པ་དག་གིས་རང་རང་གི་གསང་བ་ཤོར་བར་སེམས་ཁྲལ་དང་ངོ་རྒོལ་བྱེད་ཀྱིན་ཡོད།

​ ཡོངས་འཛིན་ནི་༢༠༡༦།༨།༢༢ ཉིན་གསར་ཏུ་ཐོན་པའི་བོད་ཡིག་གི་འཚོལ་བཤེར་མ་ལག་ཅིག་ཡིན། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་མགོ་གཙོ་སྐུ་ཞབས་ཚེ་ལོས་དབུ་ཁྲིད་པའི་འོག་ལས་ཁུངས་གསུམ་མཉམ་འབྲེལ་གྱིས་སྒྲུབ་པའི་འཚོལ་བཤེར་མ་ལག་ཅིག་ཡིན། འདི་ནི་མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ལས་དོན་གྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་བོད་ཡིག་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་གྲུབ་ཆ་གལ་ཆེན་ཞིག་དང་མཚོ་ལྷོ་ཁུལ་གྱི་ལས་གཞི་གལ་ཆེན་ཞིག་ཏུ་ངོས་འཛིན་གྱིན་ཡོད་ཕྱིར། རྒྱལ་ཁབ་དང་ཁུལ་རིམ་པ་ནས་ཀྱང་མ་རྩ་གང་འཚམ་གཏོང་གིན་ཡོད་ཚོད་གདའ། ཡིན་ནའང་།འདི་ནི་རྒྱལ་ཁབ་ཅིག་གི་ལས་གཞིའི་ཁྱབ་ཁོངས་ན་ཡོད་པ་ཙམ་ལས་དོན་དངོས་གནས་ཚུལ་ནི། མི་རིགས་དང་སྐད་ཡིག་གི་ཕྱིར་ཏུ་ཡོད་ཚད་བློས་བཏང་བའི་མི་སྣ་འགའ་ཤས་ཀྱི་དཀའ་སྤྱད་དང་སྡུག་རུས་ཀྱིས་གྲུབ་པ་ཞིག་རེད། འདིའི་མ་ལག་རྩ་གནད་ཀྱི་འགན་འཁུར་བ་དགེ་རྒན་ཆེན་མོ་རྡོ་ལྷ་ལགས་སུ་བཅར་འདྲི་སྐབས། ལོ་གསུམ་གྱི་རིང་གཟའ་སྤེན་པ་དང་ཉི་མ།རྒྱལ་ཁབ་ཀྱི་དུས་ཆེན་གུང་གསེང་སོགས་ཀྱང་མ་བཏང་བར་ཉིན་རེར་ཆུ་ཚོད་བཅུ་གཉིས་ཡན་གྱི་དུས་ཚོད་བཏང་ནས།འཚོལ་བཤེར་མ་ལག་ཅིག་ལ་ཚང་དགོས་པ་དང་མཁོ་བའི་ལས་རིགས་ཅི་ཡོད་ཁ་གསབ་ཀྱི་ལྷག་ལས་བྱས་པ་འཆར་གཞིའི་ལས་ཀ་ལས་བརྒལ་བའི་འགྲེལ་བརྗོད་གནང་གིན་འདུག སྤྱིར་ན་ལྷག་བསམ་དང་དཀའ་ལས་ཙམ་ལས་ཀའི་གྲུབ་འབྲས་ཀྱི་འགྲེལ་བཤད་དུ་མི་འགྲོ་ནའང་། ང་ཚོའི་མིག་གི་སྤྱོད་ཡུལ་དུ་མངོན་པའི་གྲུབ་འབྲས་འདི་སུ་ཞིག་གི་རྔུལ་ཆུ་ལས་བྱུང་བར་ངོས་འཛིན་གསལ་པོ་ཞིག་དགོས་པའང་ཇི་འདྲའི་གལ་ཆེན་ཞིག་རེད།

​ འདི་ནི་བོད་མི་རིགས་དང་བོད་སྐད་ཡིག་གི་ཆེས་ཆེ་བའི་ཐོལ་བརྒལ་ཞིག་དང་ལེགས་འགྲུབ་ཅིག་ཡིན། སྤྱི་ལོ་ ༢༠༡༡ ལོར་བོད་ནང་ལ་བོད་ཡིག་གི་དྲ་རྒྱ་རིགས་༢༥༠ ལྷག་གྲངས་ལེན་རྩིས་བཤེར་བྱེད་ཐུབ་ཡོད། ཡིན་ནའང་། ད་ལྟའི་བར་ཏུ་དེ་དག་འཚོལ་བཤེར་མ་ལག་གཅིག་གི་ཁྱབ་ཁོངས་ནས་ལྟ་ཉུལ་བྱེད་ཐུབ་ཀྱི་མེད། བོད་ཡིག་གི་མིང་མཚམས་རང་འབྱེད་དང་། ཚེག་ཁྱིམ་བསྡོམས་རྩིས། དོན་གཅིག་པ་ཕྱོགས་བསྒྲིགས། རྒྱལ་སྤྱིའི་ཨང་རྟགས་ཅན་གྱི་ཡིག་གཟུགས་ཏུ་མ་འཁོད་པ་དག་ཀྱང་རང་འགུལ་རང་བསྒྱུར་གྱིས་མྱུར་གཟིགས་ཐུབ་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད།

​ བོད་ལྗོངས་སློབ་གྲྭ་ཆེན་མོ་དང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་བཅས་སུ་བོད་ཀྱི་ཆ་འཕྲིན་ཞིབ་འཇུག་ཁང་བཙུགས་ནས་ལོ་བཅུ་ལྷག་རེ་བརྒལ་ཡོད། ཡིན་ནའང་།ཞིབ་འཇུག་གི་གྲུབ་འབྲས་དང་། ལག་རྩལ། རིག་རྩལ་བཅས་པ་ད་ལྟའི་བར་དྲ་ལམ་ནས་མངོན་ཐུབ་མེད་མོད་ཡོངས་འཛིན་བརྒྱུད་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་གི་འབྲས་བུ་མངོན་པར་བྱས་ཏེ་བོད་ཡིག་གི་བང་མཛོད་ཉར་བའི་འཚོལ་བཤེར་མ་ལག་འདི་གྲུབ་པར་བྱས་པ་རེད། ད་ལྟའི་དུས་རབས་ནི་དྲ་ལམ་གྱི་དུས་རབས་ཡིན་ལ། སྐད་ཡིག་དང་མི་རིགས་གང་ཞིག་ཡིན་ཡང་དྲ་ལམ་ནས་མངོན་གྱུར་བྱེད་མ་ཐུབ་ན་འཆི་བ་ལ་མངོན་དུ་ཕྱོགས་པ་ཡིན། རྒྱུ་མཚན་དེ་དག་གི་དབང་གིས་འདི་ནི་ལེགས་འགྲུབ་ཆེན་པོ་ཞིག་རེད་ཅེས་མགྲིན་པ་འདེགས་པར་འདོད།

​ ལྷག་པར་ཡོངས་འཛིན་འཚོལ་བཤེར་མ་ལག་དབུ་འབྱེད་སྐབས་དབུ་འཛིན་ཚེ་ལོ་ལགས་ཀྱིས་”ཕྱིས་སུ་ཡོངས་འཛིན་འཚོལ་བཤེར་མུ་མཐུད་དུ་ཇེ་རྒྱས་ཇེ་ལེགས་སུ་བཏང་སྟེ་བོད་ཀྱི་གཙུག་ལག་རིག་གནས་མ་ལུས་གཞི་གཅིག་ཏུ་བསྡུ་ཞིང་བསྡོམས་པར་བྱེད་པ་དང་། ཉེ་བར་འཇུག་བདེ་བའི་སྡིངས་ཆ་ཆེན་པོ་ཞིག་ལ་བསྒྱུར་ངེས་ཡིན་”ཞེས་ཡོངས་འཛིན་གྱི་མ་འོངས་པའིི་རྨི་ལམ་དང་ཆོད་སེམས་བསྒྲགས་ཡོད།

 

ལྔ་པ། བོད་ཡིག་བཀོལ་སྤྱོད་ཀྱི་ཐད་ནས་ཡོངས་འཛིན་དང་གྷོ་གྷལ་བསྡུར་བ།

 

བོད་ཡིག་བཀོལ་སྤྱོད་ཐད་ནས་ཡོངས་འཛིན་དང་Google གྷོ་གྷལ་གཉིསམབསྡུར་དཔྱད་བྱས་ནས་སྐད་ཆ་བཤད་མཁན་མང་པོ་དག་ལ་དོན་ཚན་ཁ་ཤས་སྟེང་ནས་གྷོ་གྷལ་དང་བསྡུར་བ་བྱས་ཡོད།

1)​ ཡོངས་འཛིན་ནང་བོད་ཡིག་ལ་འབྲེལ་ཡོད་འཚོལ་བཤེར་ཡོད་ལ་ Google ནང་མེད། དཔེར་ན། ཡོངས་འཛིན་ནང་གངས་རི་བཙལ་ན། གངས་རི་དང་འབྲེལ་ཡོད་གངས་རི་དཀར་པོ། གངས་རིན་པོ་ཆེ། གངས་ས་བསྐོར་བ་སོགས་འབྲེལ་ཡོད་འཚོལ་བཤེར་བརྒྱུད་ནས་བཙལ་ཐུབ། དེ་ནི་Google ནང་good བཙལ་ན་ related searches. འབྲེལ་ཡོད་འཚོལ་བཤེར་ནང་good meaning, good thoughts, སོགས་ཤར་བ་ལྟ་བུ་ཡིན།

2) ​ཡོངས་འཛིན་ལ་བོད་ཡིག་གི་མིང་བརྡ་དོན་གཅིག་པ་འཚོལ་བའི་ནུས་པ་ཡོད། Google ལ་མེད། དཔེར་ན། ཡོངས་འཛིན་ནང་གངས་རི་བཙལ་ན། གངས་རི་དང་དོན་གཅིག་པའི་ཀེ་ལ་ཤ་དང་། ཁ་བའི་རི། ས་འཛིན་དཀར་པོ་སོགས་གངས་རི་དང་དོན་གཅིག་པ་དག་ཀྱང་འཚོལ་བཤེར་གདམ་ང་ཅན་གྱི་ཚུལ་དུ་ཡི་གེ་དམར་པོའི་རྣམ་པར་འཆར་ཡོང་། ད་དུང་རིགས་གཅིག་པའི་སྡེ་ཚན་ཡང་འཚོལ་བཤེར་ཐུབ་པ་ཡིན།

3) ​ཡོངས་འཛིན་འཚོལ་བཤེར་མ་ལག་གིས་བོད་ཡིག་ནོར་བ་དག་བཅོས་བྱེད་ཐུབ། Google གྱིས་མི་ཐུབ། དཔེར་ན།ཡོངས་འཛིན་ནང་གངས་རི་བཙལ་ཕྱིར་ཡིག་ནོར་གྱིས་གང་རི་བྲིས་ཏེ་བཙལ་ན། ཁྱེད་ཀྱིས་བཙལ་འདོད་པ་ནི་”གངས་རི་”ཡིན་ནམ། བཙལ་འབྲས་ནི། “གངས་རི་” ཡིན་མོད། ཁྱེད་ཀྱིས་སྔར་བཞིན་”གང་རི་”འཚོལ་རྒྱུ་ཡིན་ནམ། ཞེས་མངོན།

4)​ ཡོངས་འཛིན་ལ་བོད་ཡིག་གི་མིང་བརྡའི་ལོ་ཙཱ་ཡོད་ལ། Google ནང་མེད། དཔེར་ན། ཡོངས་འཛིན་ནང་གངས་རི་བཙལ་ན། ལོ་ཙཱ། རྒྱ་ཡིག 雪山དབྱིན་ཡིག snow mountain ཞེས་སྐད་གཉིས་ཤན་སྦྱར་གྱིས་ཤར་ཡོང་།

5)​ ཡོངས་འཛིན་ལ་བོད་ཡིག་གི་མིང་བརྡ་འཚོལ་བཤེར་རིགས་སྟོབས་ཡོད་ལ། Google. ལ་མེད། དཔེར་ན། ཡོངས་འཛིན་ནང་གངས་རི་བཙལ་ན། དེའི་རྒྱས་འགྲེལ་དང་། དཔྱད་གཞིའི་ཡིག་ཆ། བརྡ་འབྲེལ་སྡོམ་རྩིས་གསུམ་གྱི་སྒོ་ནས་བཙལ་ཐུབ།དང་པོ། རྒྱས་འགྲེལ་སྐབས་སུ་དག་ཡིག་གསར་བསྒྲིགས་དང་། བོད་ཡིག་ཚིག་གཏེར་རྒྱ་མཚོ་གཉིས་ལས་ལུང་དྲངས་ཏེ་གངས་རིའི་དོན་འགྲེལ་ཡོད། གཉིས་པ། དཔྱད་གཞིའི་ཡིག་ཆ་ཞེས་པའི་ནང་དེབ་དེ་གཉིས་གང་དུ་དཔར་དང་ག་དུས་དཔར། སུས་དཔར་བ་སོགས་ཀྱང་གསལ་པོར་འཁོད་ཡོད། གསུམ་པ། བརྡ་འབྲེལ་སྡོམ་རྩིས་ཞེས་པར། ཀློག་གྲངས། རྩོམ་སྒྲིག་ཁ་གྲངས་།དག་བཅོས་ཀྱི་ཟླ་ཚེས། སུས་རྩོམ་སྒྲིག་བྱས་པ་བཅས་ཞིབ་པར་འཁོད་ཡོད། འཚོལ་བྱ་དེ་ཁུངས་ལྡན། གསལ་པོ། སྟབས་བདེ་འདི་འདྲ་ཞིག་གི་སྒོ་ནས་གློག་རྩིས་རིགས་ལམ་ལ་དྲངས་ནས་བསྟན་པར་ད་གཟོད་འཚོལ་བཤེར་རིགས་སྟོབས་ཞེས་བརྡ་སྦྱོར་འོས།

6) ​ཡོངས་འཛིན་ལ་བོད་ཡིག་གི་རིག་མཛོད་ཡོད་ལ། Google. ལ་མེེད། རིག་མཛོད་ནང་རིག་གནས། ལོ་རྒྱུས། སློབ་གསོ།ལུས་རྩལ། ལག་རྩལ། སྒྱུ་རྩལ། འཚོ་བ། མི་སྣ། ས་ཁམས། སྤྱི་ཚོགས། ཚན་རིག་བཅས་སྡེ་ཚན་གྲངས་མང་ཞིང་། དེ་རེ་རེ་བཞིན་གོང་གི་ཁྱད་ཆོས་ལྔ་བའི་ནང་གི་འཚོལ་བཤེར་རིགས་སྟོབས་དེའི་སྒོ་ནས་ཉར་ཚགས་གནང་འདུག

7) ​ཡོངས་འཛིན་ལ་བོད་ཡིག་གི་ཡིག་ཚང་ཡོད་ལ། Google ལ་མེད། ཡིག་ཚང་ནང་དུའང་། སྡེ་ཚན་ལོ་རྒྱུས་ལྟ་བུར་མཚོན་ནའང་སྡེ་ཚན་མང་དག་གིས་དབྱེ་ཞིབ་ཞིབ་བཤེར་ཚད་ལྡན་གྱི་རྣམ་པར་མངོན།

༨) ​ཡོངས་འཛིན་ལ་བོད་ཡིག་གི་དྲི་བ་དྲིས་ལན་ཡོད་ལ། Google ལ་མེད། འདི་ནི་དྲ་ཞུགས་པ་རང་ཉིད་ཀྱི་དོགས་གནས་འདྲི་ས་དང་ལན་འདེབས་བྱེད་ས་ཞིག་ཡིན། ཁྱད་ཆོས་ཐ་མ་འདི་གསུམ་ནི་དྲ་དམངས་དང་དྲ་བདག་ཐུན་མོང་གི་འཇོན་ཐང་ངོམས་སའི་གར་སྟེགས་ཤ་སྟག་ཡིན།

༩) ​ཡོངས་འཛིན་ནང་ལ་ཏིང་ཡི་གེའི་སྟེང་ནས་བོད་ཡིག་གཏག་ནའང་ནང་དོན་དེ་མངོན་ཐུབ་པ་ལས་ཁྱོད་ཀྱི་ཁ་པར་དང་གློག་ཀླད་ནང་བོད་ཡིག་ཡོད་མེད་ལ་འབྲེལ་བ་མེད་པར་མངོན་ཐུབ། གྷོ་གྷལ་ནང་བོད་ཡིག་དང་བོད་ཡིག་གཏག་ཐབས་མེད་ན་དེའི་ནང་བོད་ཡིག་འཚོལ་བཤེར་མི་ཐུབ།

༡༠) ​ཡོངས་འཛིན་ནང་སྔར་གྱི་བོད་ཡིག་རྙིང་པ་པཎྡིཏ་དང་དོན་ཡོད་ལྟ་བུའི་ནང་གི་དྲ་རྒྱ་དག་ཀྱང་རྒྱལ་སྤྱིའི་ཨང་རྟགས་ཅན་གྱི་ཡིག་གཟུགས་ལ་བསྒྱུར་ནས་འཆར་ཐུབ་ལ། གྷོ་གྷལ་ནང་ཡིག་གཟུགས་དེ་མེད་ན་འཆར་མི་ཐུབ།

 

དྲུག་པ། ཡོངས་འཛིན་གྱི་མ་འོངས་པ།

 

​ འུ་ཚོས་སེམས་ཁྲལ་བྱེད་དགོས་ས་དངོས་ནི། ཡོངས་འཛིན་གྱིས་བོད་ཀྱི་རིག་གཞུང་ལ་གནོད་སྐྱེལ་བར་དོགས་པ་ཟ་རྒྱུ་དེ་མིན་པར། ཡོངས་འཛིན་གྱི་རླབས་ཆེ་བའི་འཕྲིན་ལས་འདི་ལ་བར་ཆད་མི་ཡོང་བར་དོགས་ཟོན་བྱེད་ཐབས་ཅི་ཡོད་དང་།མཐའ་མེད་པའི་ཡར་རྒྱས་ཀྱི་ཕྱོགས་ནས་ཆ་འཕྲིན་གྱི་དུས་རབས་ལ་ཟབ་ཞུགས་ཐུབ་རྒྱུ་དེ་རེད།

​ ད་ལྟ་ནི་ཡོངས་འཛིན་རིལ་གྱིས་གྲུབ་པ་ཞིག་མིན་པར། ཡོངས་འཛིན་ས་ཁྲ་དང་ཡོངས་འཛིན་ཡིག་སྒྱུར་སོགས་སྡེ་ཚན་མང་པོ་ཞིག་ཁ་སྣོན་བྱེད་དགོས་པར་ལྷག་ཡོད། ཡོངས་འཛིན་ལ་སྡེ་ཚན་མི་འདྲ་བ་སུམ་སྟོང་ལྷག་ཡོད་པ་ཚང་མ་མུ་མཐུད་ནས་ཁ་བསབ་དང་ཡར་རྒྱས་སུ་གཏོང་དགོས་པས་ཡོངས་འཛིན་གྱི་མ་འོངས་པ་འོད་སྟོང་དང་ཀྱག་ཀྱོག་གི་སྣེ་གཉིས་སུ་བརྐྱངས་ཡོད་པ་ཡིན།

དེ་ལྟར་ཡོངས་འཛིན་ཡར་རྒྱས་དང་ཡོངས་འཛིན་གྱི་སྐུ་ཚེ་རིང་དུ་གནས་རྒྱུ་ནི་བོད་ཀྱི་རིག་གནས་ཀྱི་སྐུ་ཚེ་རིང་པོར་གནས་པ་དང་སྒོ་ཀུན་ནས་འབྲེལ་བ་དམ་ཟབ་ཡོད་པ་ཞིག་རེད། ཡིན་ནའང་། ཡོངས་འཛིན་རིང་དུ་གནས་པ་ལ་ངེས་པར་དགོས་པ་ནི་མ་རྩ་རེད། ཁྲིམས་ཀྱི་བདེ་འཇགས་རེད། པེ་ཏུའུ་ལ་དེང་སྐབས་ལས་མི་20000ལྷག་ཡོད་ལ། གྷོ་གྷལ་ལ་ལས་མི་47756 ཡོད། ཡོངས་འཛིན་ལའང་ལོ་ལྔའི་རྗེས་སུ་ལས་བཟོ་བ་༢༠༠ཙམ་དགོས་པའི་ཚོད་དཔག་བྱེད་ཀྱིན་འདུག

ཡོངས་འཛིན་གྱིས་རྒྱལ་དོན་ཆ་འཕྲིན་སྒྲོག་སྤེལ་མ་ཐུབ་ན་མ་རྩ་ནར་གཏོང་མི་བྱེད་པ་དེ་འུ་ཚོས་ཚོད་དཔག་ཐུབ་པ་ཞིག་རེད། ཡོངས་འཛིན་ལ་རྒྱལ་ཁབ་ཀྱིས་མ་རྩ་མ་བཏང་ན་མ་རྩ་འཚོལ་ཐབས་གཞན་ཅི་ཞིག་འདུག དེ་འུ་ཚོས་མི་ཤེས་པ་ཅི་ཡང་མེད་དེ། ཁྱབ་བསྒྲགས་ཀྱི་རིན་རེད། བོད་ཡིག་ནང་ཁྱབ་བསྒྲགས་ཀྱིས་དེ་ལྟ་བུའི་མ་རྩ་འབོར་ཆེན་ཞིག་གསོག་འཇོག་མི་ཐུབ་པའང་འུ་ཚོས་ཤེས་གསལ་རེད། ཡིན་ནའང་། བོད་ཆོལ་ཁ་གསུམ་གྱི་ཁེ་ལས་སྡེ་ཚན་དང་དགོན་པ། ཚོགས་སྡེ་ཁག་བཅས་ཀྱི་ཁྱབ་བསྒྲགས་ཡོད་དོ་ཅོག་ཡོངས་འཛིན་ལ་བསྐུར་བར་འབད་བརྩོན་བྱས་ན། དེས་ཀྱང་མ་རྩ་གང་ལ་གང་འཚམ་གསོག་འཇོག་བྱེད་ཐུབ་ངེས་རེད། པེ་ཏུའུ་ལྟ་བུ་ཡིན་ནའང་ཁྱབ་བསྒྲགས་ལས་མ་རྩ་འབོར་ཆེན་བསྐྲུན་གྱིན་ཡོད་ཕྱིར་གོང་གསལ་གྱི་སྐྱུག་བྲོ་བའི་དོན་རྐྱེན་དེ་ལྟར་འབྱུང་གིན་ཡོད།

​དེ་ལས་གཞན། ཡོངས་འཛིན་ནང་དེབ་སྐྱེལ་ཐུབ་པ་དག་གིས་དེབ་སྐྱེལ་གྱིས་བོད་ཀྱི་རིག་པའི་གནས་གང་ཅི་ཡོད་མ་ལུས་ཡོངས་འཛིན་གྱི་བང་མཛོད་ནང་འབུལ་ཐབས་ཞུ་རྒྱུ་དེ་རེད། དེ་ལྟར་བྱས་ན། དེ་ཡང་འུ་ཚོས་ཡོངས་འཛིན་ལ་རོགས་འདེགས་བྱས་པ་ཞིག་རེད་སྙམ། ཕྱི་ཕྱོགས་ནས་ཡོངས་འཛིན་ལ་རོགས་འདེགས་བྱེད་དཀའ་ལ་བྱེད་པའི་ལམ་ཁའང་ཡོད་མི་སྲིད། ཡིན་ནའང་། དཔར་རྩ་ཉར་འཇོག་དང་དཔར་སློག་གི་ལམ་ཁ་ཞིག་ཡོད་སྲིད་པ་རེད། གང་ལྟར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་བཀའ་སློབ་དེ་སྙིང་ལ་ཉར་ནས་རྒྱུས་མེད་ཀྱི་རྒྱུས་གཏམ་མི་བཤད་རྒྱུ་གལ་ཆེན་རེད།

 

བདུན་པ། ཡོངས་འཛིན་བོད་ཡིག་འཚོལ་བཤེར་གསར་སྤེལ་མཁན་དགེ་རྒན་ཚེ་ལོ།

 

​ ཡོངས་འཛིན་བོད་ཡིག་འཚོལ་བཤེར་གསར་སྤེལ་མཁན། ཡོངས་འཛིན་བོད་ཡིག་འཚོལ་བཤེར་གྱི་ལས་གཞིའི་འཛུགས་སྐྲུན་དང་དོ་དམ་གྱི་འགན་བཞེས་མཁན་དགེ་རྒན་ཚེ་ལོ་ལགས་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་པར་འདོད།

​ཁོང་ ༡༩༨༣ ལོར་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་ཏེ་མཚོ་ལྷོ་མང་རྫོང་མི་རིགས་སློབ་འབྲིང་ནས་ལོ་གཉིས་རིང་དགེ་རྒན་གྱི་ཕྱག་ལས་གནང་། དེ་རྗེས་མཚོ་སྔོན་སློབ་གསོ་སློབ་གྲྭ་ཆེན་མོ་ནས་དངོས་ལུགས་ཀྱི་ཆེད་ལས་སྐོར་ལ་ལོ་གསུམ་རིང་སློབ་སྦྱོང་བྱས་ཏེ་མཐར་ཕྱིན་པ་དང་དེ་རུ་ལོ་གཅིག་ལ་དགེ་རྒན་གནང་། དེ་ནས་མི་སྒེར་གྱི་ལས་ཀའི་དབང་གིས་མང་རྫོང་མི་རིགས་སློབ་འབྲིང་ནང་དུ་ལས་གནས་སྤར་ནས་ལོ་གཉིས་རིང་བཞུགས།

སྤྱི་ལོ་ ༡༩༩༠ ལོའི་ཟླ་ ༨ པའི་ནང་མཚོ་ལྷོ་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཅུའུ་ཡི་དྲུང་ཡིག་གི་འགན་ཁུར། སྐབས་དེར་མཚོ་ལྷོ་ཁུལ་གྱི་དགོན་སྡེ་ཁག་གི་གདན་རབས་ལོ་རྒྱུས་ཆ་ཚང་བ་དང་སྤུས་གཙང་ཞིག་མེད་པ་ལ་ཐུགས་བསམ་བཞེས་ནས་མཚོ་ལྷོ་ཁུལ་གྱི་དགོན་སྡེ་ཁག་གི་ལོ་རྒྱུས་ཕྱོགས་བསྒྲིགས་ཀྱིས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་གནང་བ་དེ་མདོ་སྨད་ལོ་རྒྱུས་ཆེན་མོ་སོགས་ཀྱི་ཁུངས་གཏུགས་ཡིག་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།

​ སྤྱི་ལོ་༡༩༩༧ ནས་༢༠༠༡ བར་དྲུང་ཡིག་ཆེན་མོའི་ཕྱག་ལས་གནང་། བར་སྐབས་དེར་མཚོ་ལྷོ་ས་ཁུལ་གྱི་འཇང་དགུན་ཆོས་ཐོག་མ་མཚོ་ལྷོ་ཁུལ་གྱི་དགོན་པ་སོ་མ་རུ་འཚོགས་པར་སྣེ་འཁྲིད་མཛད། སྤྱི་ལོ་༢༠༠༡ ལོར་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་ནང་ཕེབས་ནས་ད་ལྟ་ཀྲུའུ་རིན་གྱི་ཕྱག་ལས་གནང་གིན་ཡོད། བར་སྐབས་དེ་རུ་ཧོང་ཀོང་ཅིན་དཔའ་ཐེབས་རྩ་ཚོགས་པ་དང་མཉམ་འབྲེལ་གྱིས་མཚོ་ལྷོ་ཁུལ་གྱི་གཞི་རིམ་གཞོན་སྐྱེས་ལོ་ ༡༥ནས༣༠ བར་གྱི་བོད་ཡིག་ཡིག་རྨོངས་སེལ་ཐབས་ཀྱི་ཕྱག་ལས་ཐད་ནུས་པ་ཡོད་རྒུ་རྩལ་སྤྲུགས་ཀྱིས་ལོ་དྲུག་ལྷག་སྤེལ་གནང་མཛད། དེ་རྗེས་བོད་ཀྱི་གནའ་དཔེ་ཡིག་རྙིང་གི་དཀར་ཆག་ཕྱོགས་བསྒྲིགས་ཀྱི་ལས་གཞི་ཞིག་བླངས་ནས་ལོ་གསུམ་གྱི་རིང་དེ་ཕྱོགས་བསྒྲིགས་ཀྱི་ཕྱག་ལས་གནང་། ​རིག་གསར་རྗེས་ནས་ས་མིང་དང་ལམ་མིང་གསར་བཏགས་བྱས་པ་གང་མང་ཞིག་དང་ལྷན་ས་གནས་ཀྱི་རིག་གནས་དང་ལོ་རྒྱུས་བཅས་པ་ཤུལ་མེད་རྩ་སྟོང་ལ་འགྲོ་བཞིན་པར་བསམས་ནས། ས་མིང་དང་ལམ་མིང་ལས་ས་གནས་ཀྱི་རིག་གནས་དང་ལོ་རྒྱུས་མངོན་ཐབས་ལ་འབད་བརྩོན་གྱིས་མཚོ་ལྷོ་ཁུལ་གྱི་ས་མིང་རིག་གནས་བརྡ་འགྲེལ་ཞེས་པ་ཁྱོན་བསྡོམས་ལོ་ལྔའི་རིང་ཉམས་ཞིབ་དང་བསྐྱར་ཞིབ་རིམ་པ་བརྒྱུད་ཀན་སུའུ་མི་རིགས་དཔར་སྐྲུན་ཁང་ནས་པར་བསྐྲུན་གནང་།

​ ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་བོད་ཀྱི་སྐད་ཡིག་བྱ་བ་གོང་སྤེལ་དང་མདུན་སྐྱོད་ཀྱི་ལམ་བུ་གསར་པ་ཞིག་འཚོལ་སྙེག་བྱས་དང་བྱེད་བཞིན་ཡོད་ཅིང་། སྒོས་སུ་དུས་རབས21པ་སྟེ་འཛམ་གླིང་ཆ་འཕྲིན་ཅན་གྱི་དུས་རབས་འདིར། བོད་ཡིག་ཆ་འཕྲིན་ཅན་དུ་གཏོང་བ་དང་མི་རིགས་ཀྱི་སྐད་ཡིག་འདི་ཉིད་འཛམ་གླིང་ཕུང་པོ་གཅིག་ཏུ་འགྱུར་བའི་འགྲོས་དང་མཉམ་པར་བྱེད་པའི་དགོས་པ་ཡོངས་སུ་རྫོགས་པར་དགོངས་ནས། 2007ལོར་མཚོ་སྔོན་པོ་བོད་ཡིག་དྲ་བ་དང་། མཚོ་སྔོན་པོ་རྒྱ་ཡིག་དྲ་བ། མཚོ་སྔོན་པོ་རྒྱ་ཡིག་ཟིན་བྲིས། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། མཚོ་སྔོན་པོའི་རླབས་སྒྲ་བཅས་སྡེ་ཚན་ཆེན་པོ་དུ་མའི་གྲུབ་པའི་བོད་ཀྱི་རིག་གནས་ཀྱི་ཕྱོགས་བསྡུས་དྲ་རྒྱ་ཆེན་པོ་ཞིག་བཙུགས་པའི་ཁར། 2013ལོར་འཛམ་གླིང་གི་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཁྱབ་ཁོངས་སུ་བོད་ཡིག་འཚོལ་བཤེར་མ་ལག་མེད་པའི་སྟོང་ཆ་དང་བོད་ཡིག་དྲ་དམངས་རྣམས་ཀྱི་བོད་ཡིག་འཚོལ་བཤེར་གྱི་མཁོ་འདོད་སྐོང་བར་དམིགས་ནས། བློ་སྤོབས་ཆེན་པོ་དང་སྤྱན་རྒྱ་ཡངས་པོས་ཡོངས་འཛིན་འཚོལ་བཤེར་གྱི་འདོན་སྤེལ་དཔུང་སྡེའི་སྣེ་ཁྲིད་དེ་བོད་ཡིག་འཚོལ་བཤེར་མ་ལག་འདོན་སྤེལ་གྱི་ལས་གཞི་ཆེན་མོ་སྤེལ་བས། མཚོ་ལྷོ་ཙམ་དུ་མ་ཟད། འཛམ་གླིང་ཧྲིལ་པོའི་བོད་ཡིག་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཞིག་བསྐྲུན་དང་སྐྲུན་བཞིན་ཡོད་པ་རེད། འདི་ལྟར་ཡོངས་འཛིན་འཚོལ་བཤེར་མ་ལག་གསར་འཛུགས་ཐད་ལ་བྱས་རྗེས་བླ་མེད་འཇོག་མཁན་གྱི་དགེ་རྒན་ཚེ་ལོ་དང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་རྡོ་ལྷ་ལྟ་བུ་རེ་ཟུང་ངོ་སྤྲོད་བྱེད་པར་འདོད་མོད། ཡིག་ཚོགས་ཧ་ཅང་མང་བར་དོགས་ནས་གནས་སྐབས་རིང་ངོ་སྤྲོད་བྱས་མེད། མཐར་རྩོམ་ཡིག་འདི་འབྲི་བར་ཤུགས་རྐྱེན་སྤྲོད་མཁན་དང་རྒྱུ་ཆ་མཁོ་སྤྲོད་མཁན། ཡིག་སྒྱུར་དང་ཞུས་དག་རོགས་རམ་གནང་མཁན་གྱི་གྲོགས་པོ་གྲོགས་མོ་དག་ལའང་ཐུགས་རྗེ་ཆེ་ཞུ།

སྤྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༦ ཉིན་ཤེད་བུའམ་བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱིས་ཧྥ་རན་སིའི་རྒྱལ་ས་ཕེ་རེ་སིར་རྫོགས་པར་བྲིས།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།