པོད་འཕྲིན(sina weibo)སྒང་གི་ཡ་ཧུ་དི་པའི་སྐོར་གྱི་བརྒྱུད་མཆན་འཕྲོས་མོལ།

842


རྩོམ་པ་པོ།   ས་བུ་ཆེ། 

 

ཧོ་པི་སི་ཡིས་མི་རིགས་སམ་སྤྱི་ཚོགས་དེ་མིའི་ཕུང་པོ་ལ་དཔེ་བཞག་ནས་དེང་རབས་ཆབ་སྲིད་ཤེར་རྟོགས་རིག་པའི་སྲོལ་ཕྱེས་པ་རེད།  ད་ལྟ་ཁོང་གི་ཐལ་མཐའ་སྒེར་གཅོད་རིང་ལུགས་ཀྱི་ཆབ་སྲིད་ལྟ་ཕྱོགས་ལ་སྐྱོན་བརྗོད་དང་དགག་སྒྲུབ་མང་པོ་མཛད་ཡོད་ཀྱང་།  དཔེ་བསྡུར་འདི་ཚང་མས་ཚད་ངེས་ཅན་ཞིག་ཏུ་ངོས་ལེན་བྱེད་ཀྱིན་ཡོད།  དེ་ཡིན་ན།  མིའི་ཕུང་པོ་ལ་སྐྱོན་ཡོན་ཡོད་པ་ནང་བཞིན་སྤྱི་ཚོགས་ཀྱི་ཕུང་པོའང་སྐྱོན་ཡོན་ཟུང་ལྡན་ཏུ་ཆགས་ཡོད་རེད་ཅེས་ནས་གསུངས་པ་བལྟར།  མི་རིགས་གང་དང་གང་ཡིན་རུང་དེ་ལ་ཡོན་ཏན་གྱི་ངོས་དང་སྐྱོན་གྱི་ངོས་གཉིས་ཡོད་པ་ནི་རྒྱུ་མཚན་རང་གསལ་རེད།  དེ་བས་ན་མི་རིགས་ཤིག་གིས་མི་རིགས་གཞན་ཞིག་ལ་སློབ་སྦྱངས་བྱེད་པ་ནི་ཤིན་ཏུ་འོས་པའི་ལས་ཤིག་ལོས་ཡིན་ཏེ། རྒྱུ་མཚན་ནི་མིའི་ཡར་རྒྱས་ཟེར་བའང་ལད་མོ་ལ་རག་ལས་པ་ཞིག་ཡིན་པས་ཕྱིར་མི་རིགས་ཀྱང་དེ་ལས་མ་འདས་སོ། འོན་ཏེ་སློབ་སྦྱངས་ནི་སྐྱོན་ཆ་སེལ་བའི་ཁ་ཕྱོགས་སུ་འགྲོ་དགོས་པ་ལས།  རང་གི་ཡོན་ཏན་དེ་མི་རིགས་གཞན་གྱི་ཡོན་ཏན་ཞིག་གིས་བརྗེ་ཚབ་བྱེད་པའི་ཕྱོགས་སུ་སོང་ན་ནི་ཤིན་ཏུ་ངོ་ལོག་པའི་བྱ་བ་ཡིན་པས།  དེ་རིགས་ནི་མི་བྱའོ། །  དེ་བཞིན་སློབ་སྦྱངས་ཟེར་བ་དེའང་རང་གཞན་གྱི་སྐྱོན་ཡོན་ངོ་མ་ཤེས་དགོས་པ་དང་རན་མི་རན་གྱི་སྐད་ཆ་བཤད་དགོས་པ་ཞིག་ཡིན་པ་སྨོས་ཅི་དགོས།  སྐབས་དོན་ཡང་གྲོགས་པོ་ཞིག་གིས་ཙི་ན་པོད་འཕྲིན(sinaweibo)་སྒང་ལ་ཡ་ཧུ་དི་པའི་ཆེ་བ་བརྗོད་སྐབས་ངས་བརྒྱུད་མཆན་ཏུ་ཐེ་ཚོམ་གྱི་ཚིག་འགའ་དྲིས་པ་ཡིན།  དེ་ལས་འཕྲོས་ཏེ་ཡ་ཧུ་དི་པ་དང་ཁ་ཆེ་དང་ཡེ་ཤུ་སོགས་བྱེད་པོ་ལྷ་ཁོ་ནར་སྨྲ་བའི་ཆོས་ལུགས་དང་བོད་རང་གི་བན་བོན་གྱི་བསྟན་པའི་བར་ལ་འགལ་ཟླ་དང་བར་ཐག་རིང་ཚུལ་ཟུར་ཙམ་བཤད་པ་ཡིན། འོན་ཀྱང་ཡིག་འབྲུའི་ཚད་བཀག་ཡོད་པའི་པོད་འཕྲིན་ཐོག་ནས་རྒྱུ་མཚན་མཇུག་འབྲས་སོགས་རང་བསམ་ཇི་བཞིན་ཏུ་བརྗོད་དགོས་ན་བྱ་བཀའ་བས། ཚིག་ལྷག་རྣམས་འདི་རུ་བསྡུས་པ་ཡིན། །

ཡ་ཧུ་དི་པ་ནི་ཆོས་ལུགས་ཀྱི་མི་རིགས་ཞིག་ཡིན།  དེ་ཡི་ཁྱད་ཆོས་ཆེས་ཆེ་བ་ནི་ཆོས་ལུགས་དང་མི་རིགས་ཀྱི་ངོ་བོ་ཤིན་ཏུ་མཐུན་པོར་བཟོས་ཐུབ་ཡོད་པ་དེ་རེད།  ལོ་གཉིས་སྟོང་ལྷག་གི་རིང་ལ།  ཁོ་ཚོའི་ཕ་ཡུལ་དེ་གཞན་གྱིས་བཙན་བཟུང་བྱས་པས།  ཁོ་ཚོ་འཛམ་གླིང་ཡུལ་གྲུ་སོ་སོ་ནས་བྲོས་བྱོལ་སྐྱབས་བཅོལ་ཞུས་ནས་འཁྱམ་པ་ཡིན།  དེ་བས། ཡུན་རིང་ཞིག་ཏུ་ཁོ་ཚོ་ལ་ཆབ་སྲིད་ཀྱི་གོང་བུ་མེད།  འོན་ཏེ་ཁོ་ཚོ་ནི་ཆོས་ལུགས་དང་རིག་གནས་ཀྱི་གོང་བུ་ཞིགགི་ངོས་ནས་སྲ་བརྟན་དུ་ཚུགས་ཐུབ་ཡོད་པ་རེད།  རྣམ་པ་དེ་འདྲ་ཡིས་བོད་པ་རྣམས་ལ་བློ་བསྐྱེད་བྱེད་ངེས་ཡིན་ཏེ།  ང་ཚོ་ཡང་ཆབ་སྲིད་ཀྱི་སྒྲིག་གཞི་ཐོར་བའི་རིག་གནས་སམ་ཆོས་ལུགས་ཀྱི་གོང་བུ་ཞིག་ཏུ་ཆགས་ཡོད།  རྒྱ་དཀར་ནག་དང་བལ་འབྲས་འབྲུག  ཨ་རི་ཡོ་རོབ་དང་ཉི་ཧོང་སོགས་སུ་ཁ་ཐོར་སོང་བའི་མི་རིགས་འཁྱམ་པོ་ཞིག་ཏུ་ཆགས་ཡོད་པས་བོད་དང་ཡ་ཧུ་དི་པ་གོ་བསྡུར་བྱེད་པ་ནི་ཆེས་རང་བྱུང་གི་སེམས་བསྐྱེད་ཞིག་ཡིན་ངེས།  ཡ་ཧུ་དི་པས་ད་ལྟ་ལོ་རྒྱུས་ཀྱི་རྒྱལ་ཁ་ཞིག་བླངས་ཡོད་པས་དོན་པོར།  དེ་ལ་གོ་བསྡུར་བྱས་ན་རང་སེམས་ཡང་གསོ་ཐུབ་ངེས་རེད།  འོན་ཀྱང་འདྲ་སའི་ཆ་ནས་མི་འདྲ་སའི་ཟོར་ཡང་བུད་ཡོད་པ་རེད།  དེ་ཡང་ལོ་རྒྱུས་སྟེང་ནས་ཡ་ཧུ་དི་པའི་སྐད་རིགས་ཡོངས་སུ་ཉམས་ཡོད་པ་རེད།  དབྱིན་ཇུ་ན་ཡོད་པའི་ཡ་ཧུ་དི་པ་ཚོས་དབྱིན་སྐད་ལབ།  འཇར་མན་ལ་ཡོད་པ་དག་གིས་འཇར་སྐད་ལབ་ནས་ཡོད་པ་རེད། ཡ་ཧུ་དི་པའི་ཡི་གེའི་ནང་བྲིས་པའི་ཁོ་ཚོའི་གསུང་རབ་དག་བླ་དཔོན་རྣམས་ཀྱིས་མ་གཏོགས་ཕམ་བོས་ཤེས་ཀི་མེད།

འོན་ཀྱང་དེ་འདྲའི་གནས་སྟངས་འོག་ནས་ཁོ་ཚོས་རང་རང་གི་ཆོས་ལུགས་དོར་ཡོད་མ་རེད།  བླ་དཔོན(Rabbi)་དང་དམ་པའི་གསུང་རབ་ནི་ཁོ་ཚོས་དཀོན་མཆོག་རེད།  བྱེད་པོ་ལྷ་ནི་ཁོ་ཚོས་དཀོན་མཆོག་རེད། ལྷ་ཆེན་དེ་ཡིས་ས་སཀླ་ཞིག་ཁོ་ཚོ་ལ་གནང་ཡོད་པས།  ས་སྐལ་དེ་ལ་ལོག་རྒྱུ་ནི་ཁོ་ཚོའི་ཆབ་སྲིད་ནུས་ཤུགས་ཀྱི་འབྱུང་ཁུངས་ལྟ་བུར་ཆགས་པ་རེད། དེ་བས་ལོ་རྒྱུས་སྟེང་གི་ཡ་ཧུ་དི་པ་དང་བོད་ཀྱི་འདྲ་ས་དང་མི་འདྲ་ས་ཁ་ཁར་གླེང་ཆོག་པ་ཡིན་ཏེ།  འདྲ་ས་ནི་ཆོས་ལུགས་མི་རིགས།  ཆབ་སྲིད་ཀྱི་གོང་བུ་མེད་པ་འདི་རེད།  མི་འདྲ་ས་ནི་ཡ་ཧུ་དི་པ་རྣམས་ཕ་ཡུལ་ལས་རྦད་དེ་བྲལ་དགོས་བྱུང་བ་དང་།  ཁོ་ཚོ་ལ་ལྷ་ཡིས་གནང་བའི་ས་སྐལ་ཞིག་ཡོད་པ་ཡིན་མོད།  ས་དེ་མི་རིགས་གཞན་གྱིས་བཟུང་ཏེ་ཁོ་ཚོ་མཐར་རུ་སྤྲད་པ་རེད།  འདི་བོད་དང་ཅུང་འདྲ་བ་མ་རེད།  དེ་ནས་ཁོ་ཚོའི་སྐད་ཡིག་ཉམས་ཡོད་པ་དེའང་བོད་དང་འདྲ་བ་མ་རེད།  མཐའ་མ་ཁོ་ཚོའི་ཆོས་ལུགས་ནི་སྒོ་བཅད་ཅན་གྱི་ཆོས་ལུགས་ཞིག་རེད། འོན་ཀྱང་བོད་བརྒྱུད་ནང་བསྟན་ནི་སྒོ་འབྱེད་ཅན་གྱི་ཆོས་ལུགས་ཞིག་རེད།  བོད་ཀྱི་བླ་མ་ལ་སྒོར་མོ་བསྟེར་ན་ཆོས་དེ་མི་རིགས་ལ་མ་བལྟོས་པར་དབང་སྐུར་ཆོག་གི་རེད། དེ་འདྲ་བྱས་ན་དགའ་བསུ་ཡོད་པའང་ཞིག་རེད། ཡ་ཧུ་དི་པས་ཆོས་ལུགས་སྤེལ་སྐབས་ཁྲག་རྒྱུད་གཙང་མི་གཙང་གི་རྣམ་རྟོག་ཡོད་པ་རེད། །

ཁྱད་ཆོས་དེ་འདྲ་ཡོད་ཙང་།  ང་ཚོས་ཡ་ཧུ་དི་པའི་ཡོན་ཏན་གང་ཞིག་སློབ་དགོས་སམ།  མང་པོ་ཞིག་གིས་ཡ་ཧུ་དི་པའི་ཤེས་ཡོན་ལ་ཆེ་མཐོང་ཚད་མེད་བྱེད་པ་དེར་མིག་དཔེ་འཛིན་དགོས་ཟེར།  འོན་ཀྱང་དྲང་མོར་བཤད་ན་ཤེས་རིག་ལ་མི་དགའ་བའི་མི་རིགས་ཞིག་ནི་ཕལ་ཆེར་མེད།  བོད་ཀྱང་ཤེས་རིག་ལ་དགའ་བའི་མི་རིགས་ཤིག་ཡིན།  ཡ་ཧུ་དི་པ་དག་གིས་དེབ་ལ་སྦྲང་རྩི་བྱུག་ནས་བུས་པ་ལ་ཤེས་རིག་ནི་ཞིམ་མངར་ཅན་ཞིག་ཡིན་པ་སློབ་སྐབས།  བོད་ཀྱིས་ཀྱང་དཔེ་ཆ་གཙུག་ལ་གཏད་ནས་ཤེས་རིག་ནི་གཟི་བརྗིད་ཅན་ཞིག་ཡིན་པ་བསླབ་ཀི་རེད།  གཞན་ཁག་ཅིག་གིས་ཡ་ཧུ་དི་པའི་ཚོང་ལས་ཀྱི་ཧུར་ཐག་ལ་སློབ་སྦྱངས་བྱེད་དགོས་ཟེར།   འོན་ཀྱང་ཡ་ཧུ་དི་པའི་ཚོང་ལས་དེ་འཛམ་གླིང་མི་རིགས་ཀྱི་ཡང་རྩེ་རེད་ཟེར་ན་དོན་དངོས་མ་རེད།   དེ་ཡང་ཡ་ཧུ་དི་པ་ཚོས་འཛམ་གླིང་དཔལ་འབྱོར་གྱི་སྲོག་རྩ་བཟུང་ཡོད་ཟེར་བའི་བཤད་རྒྱུན་འདི་དུས་རབས་གོང་མའི་གོང་མར་བྱུང་བའི་ཡོ་རོབ་ཀྱི་གཏམ་འཆལ་ཞིག་རེད།  དེ་ཡང་དེ་དུས་ཡ་ཧུ་དི་པའི་ནང་ན་སྐྱེད་བུན་གྱི་ལས་ཀ་གཉེར་མཁན་ཤིན་ཏུ་མང་། གནས་ཚུལ་དེ་ད་ལྟའི་བོད་ནང་ན་ཁ་ཆེ་བའི་བཤས་ཚོང་བྱེད་མཁན་མང་བ་དང་ཤིན་ཏུ་འདྲ།   གང་རེད་ཟེར་ན།  སྐབས་དེར་ཡེ་ཤུ་ཆོས་ལུགས་དང་ཁ་ཆེའི་ཆོས་ལུགས་ནང་ནས་བུན་གཡར་བྱེད་པ་དེ་སྡིག་པ་ཆེ་ཤོས་དང་འཛེམ་བྱ་ཞིག་ལ་རྩི་ཀྱིན་ཡོད།  འོན་ཀྱང་ཡ་ཧི་དི་པ་དག་ལ་འཛེམ་བྱ་དེ་མེད་པས།  ཆོས་ལུགས་ཀྱི་དབྱེ་བ་དེའི་དབང་གིས་ཡ་ཧི་དི་པ་དག་བུན་བདག་ལ་འགྱུར་བ་ཤིན་ཏུ་མང་།

དེ་ལྟར་ཡེ་ཤུ་པ་དང་ཁ་ཆེ་པ་དག་གིས་སྤྱིར་ན་ཆོས་ལུགས་མི་གཅིག་པས་ཡ་ཧུ་དི་པ་ལ་མཐོང་ཆུང་བྱེད་པ་དང་།  གཉིས་ན་སྡིག་པ་འདི་འདྲ་ཞིག་འཛེམ་མེད་དུ་སྒྲུབ་ཀྱིན་ཡོད་པས་ཚང་མས་བདུད་རིགས་ལྟ་བུར་རྩིས་ནས་ཡོད་པ་རེད།  འཛམ་གླིང་དམག་ཆེན་དང་གཉིས་སྐབས་སུ།  ཡོ་རོབ་ནས་དཔལ་འབྱོར་གནད་དོན་བྱུང་མ་ཐག    སྤྱི་ཚོགས་ནང་དངངས་ཚབ་ཆེན་པོ་ལངས་པ་དང་།  ཁོ་ཚོས་དཔལ་འབྱོར་གྱི་ཉམས་རྒུད་ལ་རྒྱུ་མཚན་བཙལ་སྐབས།    བདུད་རིགས་ཡ་ཧུ་དི་པ་དག་གི་བདུད་ཉམས་ཇེ་ཆེར་སོང་བ་དང་།    ཆབ་སྲིད་པ་དག་གིས་མང་ཚོགས་ཀྱི་སེམས་ཁམས་དེ་སྤྱོད་ནས་ཆབ་སྲིད་མགོ་བསྐོར་སྣ་ཚོགས་བྱས་པ་རེད།  དེ་དུས་ནས་ཡ་ཧུ་དི་པས་འཛམ་གླིང་དཔལ་འབྱོར་གྱི་སྲོག་རྩ་བཟུང་ཡོད་པ་དང་།   ཁོ་ཚོ་ཕྱུག་པོ་གནམ་ལྟར་འགྱུར་དུས་ཡེ་ཤུ་པ་དག་སྤྲང་པོ་ས་འོག་ཏུ་བརྫངས་ཡོད་པའི་བཤད་ཚུལ་བྱུང་བ་རེད།   འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ།  ཡ་ཧི་དི་པའི་མགོ་ལ་སྦྱར་བའི་གོད་ཆགས་དེ་དག་ལ་ཡེ་ཤུ་པས་འགྱོད་བཤེགས་ཆེན་པོ་བྱས་པ་རེད།  ཡ་ཧུ་དི་པ་དེ་ནུབ་ཕྱོགས་རིག་གནས་ཀྱི་ཆུ་མགོ་ཡིན་པ་དེ་དངོས་སུ་ཁས་ལེན་བྱས་པ་མ་ཟད།  ཡ་ཧུ་དི་པ་ལ་རོགས་བྱས་ནས་རྒྱལ་ཁབ་ཨེ་སི་རེལ་བཙུགས་པ་རེད།  དེ་ནས་ཡ་ཧི་དི་པ་དག་གིས་རང་གི་རྒྱལ་ཁབ་བཙུགས་ཐུབ་པར་བྱུང་བ་དང་།  ཡེ་ཤུའི་རིག་གནས་ཡིན་པའི་ནུབ་ཕྱོགས་ཀྱི་རིག་གནས་ཀྱི་གྲལ་ཏུ་ཞུགས་ཐུབ་པར་བྱུང་བ་རེད།  འོན་ཀྱང་ཨེ་སི་རེལ་གྱི་རྒྱལ་ས་དེ་ཁ་ཆེ།  ཡེ་ཤུ།  ཡ་ཧུ་དི་པ་གསུམ་གྱི་གནས་མཆོག་ཡིན་ལ། སྔོན་མ་ས་དེ་ཁ་ཆེའི་ཆོས་ལུགས་ཀྱི་བཟུང་ཡོད་པས།   ཨེ་སི་རལ་གྱིས་ས་དེ་རྒྱལ་སར་བྱས་པ་ནས་བཟུང་མུ་སི་ལེམ་དང་ཡ་ཧུ་དི་པའི་བར་ལ་གྱོད་གཞི་ཚབ་ཆེན་ཞིགབྱུང་བ་རེད།

ཡང་དེ་ནས་བཟུང་ཡ་ཧུ་དི་པའི་འཛམ་གླིང་དཔལ་འབྱོར་གྱི་སྲོག་རྩ་བཟུང་ཡོད་པ་དང་།  འཛམ་གླིང་ཆབ་སྲིད་ལ་ཁ་ལོ་བསྒྱུར་གྱིན་ཡོད་པ་སོགས་ཀྱི་འཆལ་གཏམ་ཁ་ཆེ་བས་རྒྱུན་འཛིན་བྱས་ནས་གང་སར་ཁྱབ་བསྒྲགས་བྱས་པ་རེད།  ཁོ་ཚོས་དེ་ལྟར་ལབ་རྐྱེན་ནི་གཙོ་བོ་ནུབ་ཕྱོགས་སོགས་ཀྱི་ཆབ་སྲིད་བདག་དབང་ཅན་དག་གིས་ཨེ་སི་རེལ་ལ་རོགས་བྱས་ནས་པ་ལི་སི་ཐེན་ལ་དྲག་རྡུང་བྱེད་ཀྱིན་ཡོད་པས་རེད་དེ།  ཁོ་ཚོས་མཐོང་ཚུལ་ལ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་མི་སྣ་གལ་ཆེན་ཚང་མ་ཡ་ཧུ་དི་པས་བསླུ་ཚར་ཡོད་པ་རེད།   །  བཤད་ཚུལ་དེ་རྒྱུ་ཉག་ཆེ་བའི་མི་རིགས་ཁག་གིས་ཐོས་ཙ་ན།   ཡ་ཧུ་དི་པའི་ཚོང་ལས་ལ་དད་པ་སྐྱེས་པ་དང་།  གཅིག་གིས་གཅིག་སྤུར་བའི་གཏམ་སྣ་ཚོགས་སྤེལ་ནས་ཡ་ཧུ་དི་པ་གནམ་ལ་བཅགས་པ་རེད། འོན་ཀྱང་ང་ཚོས་འཛམ་གླིང་དཔལ་འབྱོར་གྱི་ཁྱོན་ཡོངས་ལ་དབྱེ་ཞིབ་བྱས་པའི་ཚད་ལྡན་ཞིབ་འཇུག་ཁག་ལ་ལྟས་ན།  ཡ་ཧུ་དི་པ་དེ་ཚོང་ལས་ལ་མཁས་པའི་མི་རིགས་ཞིག་ཡིན་མོད།  མི་རིགས་གཞན་གྱིས་འགྲན་ཟླ་གྲལ་བ་དང་ཨང་དང་པོ་ལྟ་བུ་ཞིག་ཏུ་ཆགས་ཡོད་ཟེར་ན་བདེན་དཔུང་མེད།   འདི་ལ་ཡང་འཆལ་གཏམ་གྱི་ཀླེན་ཀ་འཕེན་ཆོག་ཏེ།  འཛམ་གླིང་སློབ་ཆེན་ཆེ་ཁག་དང་ཚན་རིག་པ་གལ་ཆེ་ཤོས་ཚང་མ་ཡ་ཧུ་དི་པས་བསླུ་ཚར་བ་ཡིན་པས།  ཁོ་ཚོས་ཡ་ཧུ་དི་པའི་རྒྱུ་སྟོབས་སྦས་གསང་བྱེད་ཀྱིན་ཡོད་ཟེར་ན་ཐང་།   འོན་ཀྱང་ང་ནི་འཆལ་གཏམ་འདི་རིགས་ལ་ཡིད་ཆེས་མེད་དེ།  ང་རང་གི་བསམ་པ་ཡིན་ན།  ཡ་ཧུ་དི་པས་ལྐོག་ནས་ཅིག་ཅིག་ཉིག་ཉིག་ལས་ཀྱིན་ཡོད་རེད་ཟེར་བའི་བཤད་སྲོལ་འདི་ནི་ཁོ་ཚོ་བྱེད་པོ་ལྷ་སྨྲ་བའི་ཆོས་ལུགས་ཆེ་གསུམ་གྱི་འགལ་ཟླ་ཞིག་གི་བསྐྱེད་འབྲས་ཡིན་པ་དང་། དེ་ལས་བྱུང་བའི་ཡ་ཧུ་དི་པའི་དཔལ་འབྱོར་སྟོབས་ཤུགས་ཀྱི་ཆེ་བརྗོད་ཁག་ནས་མང་ཤོས་ནི་རབ་བཏགས་ཡིན།

ཆོས་ལུགས་འདི་གསུམ་གྱི་སེམས་ཁམས་རྨང་གཞི་ནི་འཇིག་རྟེན་འདི་ན་བདུན་ཆེན་སཱ་ཏན་ཟེར་བ་ཞིག་གིས་བསླུ་བྲིད་ཡོད་པ་དང་།  ཡེ་ཤུ་དང་ཁ་ཆེ་གཉིས་ནི་ཡ་ཧུ་དི་པའི་ཆོས་ལུགས་ལ་ངོ་ལོག་བྱས་ནས་བྱུང་བ་ཞིག་ཡིན་པས།  ཡ་ཧུ་དི་པས་ཡ་ཧུ་དི་པ་ཁོ་ན་ལྷ་ཆེན་གྱི་འདུལ་བྱ་ཡིན་པ་ཁས་ལེན་པ་ཡིན་ཙང་།   དགྲར་འཛིན་གྱི་སེམས་ཁམས་དེ་ལྟ་བུའི་འོག་ནས་ཆོས་ལུགས་ཆེན་མོ་དེ་གཉིས་ཀྱིས་བདུད་གཟིགས་དེ་ཡ་ཧུ་དི་པའི་ངོས་སུ་མངོན་པར་བྱས་པ་རེད་སྙམ།

གང་ལྟར།  ཁོ་ཚོའི་གནད་དོན་དེ་བོད་ཀྱིས་སེམས་ཁུར་ཐུབ་པ་ཞིག་མིན་པས།  ང་ཚོའི་འདི་ནས་ཤེས་དགོས་པ་ནི།  ཡ་ཧུ་དི་པ་ལ་ཡེ་ཤུ་དང་ཁ་ཆེའི་འཁོར་ནས་རྒྱུ་རྔམས་ཆེ་བར་ངན་གྲགས་བྱུང་ཡོད་བ་དང་།  མི་རིགས་གཞན་ས་ནས་རྒྱུ་སྒྲུབ་ངར་བའི་བཟང་གྲགས་བྱུང་བ་གཉིས་ནི་དངོས་ཡོད་དང་མཐུན་པོ་མིན་པས།   གྲགས་པ་དེ་ཙམ་གྱི་རྗེས་སུ་འབྲང་ནས་བོད་ཀྱིས་སློབ་སྦྱངས་བྱེད་དགོས་ཟེར་ན་ཁག་པོ་རེད།  འོན་ཀྱང་ཡ་ཧུ་དི་པ་ལ་སློབ་སྦྱངས་བྱེད་ས་ཡོད་དེ།  དེ་ནི་ཁོ་ཚོས་ཆོས་ལུགས་ཀྱི་དད་སྟོབས་རེད།   ཡ་ཧུ་དི་པ་དེ་ཨེ་ལྕེབ་ནས་གྱེན་ལངས་བྱས་མ་ཐག  ཁོ་ཚོས་རང་གི་ཆོས་ལུགས་ཀྱི་ཆེད་དུ་གང་ལའང་མགོ་སྒུར་མི་བྱེད་པ་དང་།  དཀའ་སྡུག་གང་འདྲ་ཞིག་མྱོང་རུང་དམ་བཅའ་མི་ཉམས་པའི་སེམས་ཤུགས་ཤིག་བསྐྱེད་ཡོད་པ་རེད།   གལ་ཏེ་དད་པ་དེ་རྨོངས་དད་ཡིན་ན་དེ་འདྲའི་ཨུ་ཚུགས་དགོས་དོན་མེད་ལ།  ཨུ་ཚུགས་བྱས་པའང་སྟོང་གྱོང་སུ་འགྱུར་ངེས།   འོན་ཀྱང་ཡ་ཧུ་དི་པ་ཚོས་རང་གི་དད་ཡུལ་གྱི་ལྷ་ཆེན་པོ་དཀོན་མཆོག་དང་དཔྱོད་ཐོབ་ཀྱི་ཤེས་རིག་གཉིས་ཀ་གཅིག་འགྱུར་བྱས་ཡོད་པ་རེད། ། ཆོས་ལུགས་ཀྱི་དད་སྟོབས་དེ་ཡིས་ཡུལ་ཕྱོགས་སོ་སོར་ཐོར་བའི་ཡ་ཧུ་དི་པ་རྣམས་གོང་བུ་གཅིག་ཏུ་མཉམ་སྦྲེལ་བྱས་པ་དང་།  བླ་དཔོན་དང་ཆོས་ཁྲིད་ཕྱག་བྱེད་ཀྱི་ཆོ་ག་བརྒྱུད་ནས་ཡ་ཧུ་དི་པ་དེ་སྲ་བརྟན་གྱི་རྩ་འཛུགས་ཞིག་ཏུ་ཆགས་ནས་སྤྱི་ཚོགས་ཁོར་ཡུག་གིས་གཞན་བསྒྱུར་བྱས་ཐུབ་མེད་པ་རེད།

འོན་ཀྱང་ཆོས་ལུགས་དང་བྲལ་ན།  ཡ་ཧུ་དི་པ་ནི་དེ་འདྲིའི་སྟོབས་ཆེན་ཞིག་མིན་ཏེ།  སྔར་རྒྱ་ནག་ཁེ་ཧྥང(kai feng)གྲོང་ཁྱེར་ཏུ་བཙན་བྱོལ་བྱས་པའི་ཡ་ཧུ་དི་འི་མི་རྒྱུད་ཞིག་ཡོད་པ་དེ།  རྐྱེན་དུ་མས་དབང་གིས་ཆོས་ལུགས་མཉམ་པ་རེད།  ད་ལྟ་ཁེ་ཧྥང་གྲོང་ཁྱེར་ན་ད་དུང་ཡ་ཧུ་དི་པའི་མི་རྒྱུད་ཡིན་ཟེར་མཁན་ཡོད་མོད།  དེ་དག་གིས་ཡ་ཧུ་དི་པའི་ཆོས་ལུགས་བྱེད་ཀྱིན་མེད་ལ།  སྐད་རིག་དང་རིག་གནས་གཞན་ཀྱང་རྒྱུད་འཛིན་བྱེད་ཐུབ་མེད།  ཁོ་ཚོ་ནི་ཚོང་ལ་མཁས་པ་དང་ཤེས་རིག་ལ་དགའ་མཁན་ཡིན་མོད་ཀྱང་།  མི་རིགས་ཀྱི་ངོ་རྟགས་ནི་སྔར་ནས་ཉམས་ཟིན།  ཡ་ཧུ་དི་པ་ནི་ཁོ་ཚོའི་མེས་པོའི་གཏམ་རྒྱུད་དུ་ཟད་པ་རེད།  མི་རིགས་དང་གང་དང་གང་ཡིན་རུང་།  དེ་ཡི་ངོ་རྟགས་ནི་མི་རིགས་ཀྱི་ཚེ་སྲོག་ཡིན་ངེས།  ངོ་རྟགས་དེ་སྐད་ཡིག  འཚོ་བའི་རིག་གནས་སོགས་ཀྱི་ཐད་ནས་མངོན་ཐུབ་པ་ཡིན་ལ།  ཆེས་གལ་ཆེ་བ་ནི་རིན་ཐང་གི་ངོས་ནས་མངོན་དགོས་པ་ཡིན་ཏེ།  ཆོས་ལུགས་ཀྱི་མི་རིགས་ལ་མཚོན་ན་ཆོས་ལུགས་ནི་མི་རིགས་ངོ་རྟགས་ཀྱི་སྙིང་པོ་ཡིན།   ང་ཚོ་བོད་ཀྱི་ད་ལྟའི་གནས་སྟངས་ལ་མཚོན་ན།  གཞོན་ནུ་ཚོས་འཇིག་རྟེན་ཤེས་རིག་དང་རང་གི་ཆོས་ལུགས་གཉིས་ཀ་གཅིག་སྒྲིལ་ཐུབ་ཀི་ཡོད་མ་རེད།

འཛམ་གླིང་ཡོངས་ཁྱབ་ཀྱི་ཤེས་བྱ་དང་མི་ཆོས་རིག་གནས་དང་མི་རིགས་རང་བཞིན་གྱི་ཆོས་ལུགས་རིག་གནས་བར་ལ་བར་ཐག་བྱུང་ཚེ།  མང་པོ་ཞིག་གིས་བར་ཐག་དེ་འགལ་ཟླ་ལ་རྩིས་ནས།  གཅིག་དགོས་ན་གཅིག་ཡོད་མི་རུང་བའི་རྩོད་སྒྲུབ་ཀྱི་ལྟ་བུ་འཛིན་ཀྱིན་ཡོད་པ་རེད།  རྩོད་སྒྲུབ་སྨྲ་བའི་ལུགས་ལ་སྐྱོན་ཆ་ལྡན་པ་ནི་མཁས་མང་གིས་དཔྱད་བརྗོད་མང་པོ་བྱས་ཟིན་པས་འདིར་བསྐྱར་བཟློས་དགོས་དོན་མེད་མོད།  མདོ་དོན་ཚིག་གི་རྩ་བ་ལ།  ཤེས་རིག་གི་ཁྱད་པར་ཐམས་ཅད་ནི་འགལ་ཟླ་ཡིས་ཁྱད་པར་བྱས་པ་མིན་ཏེ།  ལ་ཤས་ནི་འཕེལ་རིམ་གྱི་ཁྱད་པར་ཙམ་ཡིན་པ་དང་ལ་ཤས་ད་གཟོད་འགལ་གྱུར་གྱི་རིག་གནས་གཉིས་སུ་སོང་ཡོད་པ་རེད།  དེ་ཡང་ཡ་ཧུ་དི་པ་དང་བོད་ཀྱིཆོས་ལུགས་ནི་འགལ་འགྱུར་གྱི་རིག་གནས་ཡིན་ཟེར་ཆོག་མོད།  འཇིག་རྟེན་ཡོངས་ཁྱབ་ཀྱི་མི་ཆོས་རིག་གན་དང་བོད་ཀྱི་རིག་གནས་ནི་འགལ་གྱུར་མིན་པའི་འཕེལ་རིམ་གྱི་ཁ་མ་འཕྲོད་པ་ཙམ་རེད།  ང་ཚོས་བར་ཐག་དེ་ཇེ་ཐུང་སུ་བཏང་ནས་ཆོས་ལུགས་དེ་དེང་རབས་ཚིག་བབ་དང་མཐུན་པའི་བརྡ་དཀྲོལ་ཞིག་བྱེད་དགོས་པ་ཡིན་པ་ལས།  དེ་གཉིས་མིག་དང་ཉི་མ་རེད་འདུག་ཟེར་ནས་གཅིག་ཡོད་གཅིག་མེད་ཀྱི་བདམས་ཁ་སྐོར་ཁལ་བྱས་ན་རང་ཕམ་གྱི་རྒྱུའོ། ། ང་ཚོའི་གཞོན་ནུ་མང་པོ་ཞིག་གིས་བློ་རྩལ་མི་བཏོན་པར་སེམས་ཕམ་ནས་དད་བྱ་སྤངས་རྒྱུའི་འདང་འཇག་གི་ཡོད་པ་རེད།

དེ་བས་ང་ཚོས་ཡ་ཧུ་དི་པའི་ས་ནས་སློབ་སྦྱངས་ཞིག་བྱེད་རྒྱུ་ཡོད་ཟེར་ན།  དེ་ནི་སྙིང་སྟོབས་ཆེན་མོ་ཞིག་ཡིན་ངེས་ཏེ།  སྙིང་སྟོབས་དེ་ནི་རང་གི་དད་བྱའི་ཆོས་ལུགས་ནི་འཇིག་རྟེན་ལས་བརྒལ་བའི་ཤེས་བྱ་ཞིག་ཡིན་པས་དེ་ལ་འཇིག་རྟེན་གྱི་ལྟ་མཐོང་གང་གིས་ཀྱང་དགག་རྒོལ་བྱེད་མི་ཐུབ་པར་ཡིད་ཆེས་བྱེད་པ་དང་།  སྙིང་སྟོབས་དེ་ནི་རང་གི་འབད་བརྩོན་ལ་བརྟེན་ན་རང་གི་ཆོས་ལུགས་ལ་འཁོར་བའི་ཐེ་ཚོམ་ནི་རང་གི་ཤེས་རིག་གིས་བརྟོལ་ནུས་པར་ཡིད་ཆེས་བྱེད་པ་དེ་རེད་དོ། ། སྙིང་སྟོབས་འདི་ཡོད་ན།  ཆོས་དང་འཇིག་རྟེན་གྱི་འགལ་བ་ང་ཚོས་སེལ་ཐུབ་པ་དང་།  ལམ་ལོག་ཁྲིད་མཁན་གྱིས་བཤད་པ་ལྟར།  ཡང་ན་འཇིག་རྟེན་ཡང་ན་ཆོས་བདམས་པའི་མི་རིགས་རིག་གནས་ཀྱི་འགལ་ཟླ་གྲོལ་ཐབས་སྐྱུར་ནས་གཡུག་ཆོག་པ་ཡིན།  རང་གི་སྙིང་སྟོབས་ཆེན་པོ་བསྐྱེད་པ་དེ་ལས་དཔྱོད་པ་རྒྱས་ཅིང་དད་པ་ཡང་འཕེལ་ཐུབ་པ་ཡིན་ན།   ཆོས་དང་འཇིག་རྟེན་ནི་འགལ་བར་མི་གྱུར་ཏེ།  ང་ཚོས་མེས་པོ་དག་གིས་ཆོས་སྲིད་གཉིས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་ཡོད་པ་ལྟ་བུ་ནི་བསླར་ཡང་འབྱུང་སྲིད་དེ།  མི་རིགས་ཀྱི་ཆ་ནས་བཤད་ན།  ཡ་ཧུ་དི་པ་ཚོང་དང་སློབ་གསོས་མ་སྐྱོབ་སྔོན་དུ།  ཁོ་ཚོ་དད་སྟོབས་ཀྱིས་སྐྱོབ་ཡོད་པ་ལྟ་བུའང་ཡིན་ནོ།  །

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།