སོག་རུ་མགོན་པོ་རྡོ་རྗེའི་འབོལ་རྩོམ་ཁག་གཉིས།

285

 

 

  འབྲི་གཡག་གི་ཤ་ནི་མཐོ་སྒང་ཡུལ་གྱི་དཀར་ཟས་མཆོག་གྱུར་ཡིན།

 

ནང་པ་སངས་རྒྱས་ཀྱི་ལྟ་གྲུབ་གཞིར་བཟུང་ན་སྡིག་པ་མེད་པའི་ཁ་ཟས་ཤིག་ཧ་ལམ་བཙལ་ཀྱང་མི་རྙེད། སྡིག་པའི་ལྕི་ཡང་ལ་བསམ་གཞིགས་ནན་ཏན་བྱས་ཏེ་ད་ནས་རྩམ་པ་དང་སྔོ་ཚོད་རིགས་ཉུང་བཟའ་བྱེད་རྒྱུ་དང་འབྲི་གཡག་གི་ཤ་འདི་གཙོ་བོར་ཟ་རྒྱུའི་དམ་བཅའ་བཞག་པ་ཡིན།

རྒྱུ་མཚན་ནི་གཞན་གྱི་ཚེ་སྲོག་ལ་སྲུང་སྐྱོབ་དང་། ཁོར་ཡུག་ལ་སྲུང་སྐྱོབ། འདྲ་མཉམ་གྱི་ལྟ་བ། མི་དང་སྲོག་ཆགས་གཞན་དབར་འཆམ་མཐུན་གྱི་འཚོ་གནས་ལེགས་པོ་ཞིག་ཡོང་བའི་ཆེད་དུ་ཡིན་པ་མ་ཟད་ནང་ཆོས་ཀྱི་གཞུང་ལ་སྦྱངས་པ་དང་དད་པ་ཡུན་རིང་བྱེད་མྱོང་མཁན་ཞིག་དང་། ནང་ཆོས་ཀྱི་སྙིང་དོན་ཅུང་ཟད་མྱོང་རྟོགས་ཐོབ་པའི་མི་སྣ་ཞིག་ཡིན་པའི་ངོས་ནས་སྲོག་གཅོད་གོང་ན་སྡིག་གཞན་མེད་ཅེས་པའི་གཏན་ཚིག་དེས་བག་ཆགས་ཟེར་དགོས་ན་འདྲ། དྲིན་ཆེན་བླ་མ་དམ་པའི་ཉིན་ལྟར་ལས་རྒྱུ་འབྲས། ཚེ་སྲོག་གི་རིན་ཐང་སོགས་ཀྱི་བཀའ་སློབ་དག་ཁོ་བོར་རྣ་ཚ་ཚ་གསུངས་པས་ཡིན་ནའང་ཐང་། གང་ལྟར་བསམ་གཞིགས་ཡང་སྐོར་བསྐྱར་སྐོར་རེ་བྱས། འདང་ཞིབ་མོ་རེ་བརྒྱབ་ཡོང་དུས་དཔེར་ན་འབྲུ་རིགས་དང་ཚོད་མ་སོགས་ཞིང་ལས་རྨོད་འདེབས་ནས། ཁ་ཟས་སུ་མ་གྱུར་བར་དུ་ལས་སྣོན་བྱེད་པའི་རྒྱུད་རིམ་ཁྲོད་སྲོག་ཆགས་ཁྲི་སྟོང་མང་པོའི་ཚེ་སྲོག་འཕྲོག དུད་འགྲོ་བརྒྱ་ཕྲག་དུ་མ་སྡུག་ལ་སྦྱར། སྔོ་ལྗང་གི་ཁོར་ཡུག་ལ་གཏོར་བརླག་ཚད་མེད་ཅིག་གཏོང་བཞིན་པའི་བརྒྱུད་རིམ་གྱི་ཁྲོད་ཁོང་ཁྲོ་དང་། ཞེ་སྡང་། ཀུན་སློང་། ཀུན་སྤྱོད། བསམ་སྦྱོར་ངན་པ་མང་པོ་ཞིག་ལ་ཞིབ་རྩིས་ནན་མོ་རེ་བརྒྱབ་ན་འབྲུ་རིགས་རྡོག་རེ་ལ་སྲོག་རེ་དང་། འབྲུ་རིགས་ཕོར་བ་གང་རེ་ལ་ཚེ་སྲོག་བྱེ་བ་ས་ཡ་དུ་མ་འགམ་འགྲོ་བས་ན་དེ་ལས་མཐོ་སྒང་གི་ཁོར་ཡུག་ལ་འཚམ་པའི་ལུས་ཀྱི་དྲོད་བསྐྱེད་ཅིང་མདངས་གསོ་བའི་ཟས་མཆོག་དྭངས་མ་འབྲི་གཡག་གི་ཤ་འདི་གཙོ་བོར་བཟའ་རྒྱུ་ཐག་བཅད་པ་ཡིན།

དེང་དུས་སྔོ་ཚོད་འདེབས་འཛུགས་བྱེད་སྐབས་ཐོག་མར་གཅིན་སྐྱག་བསགས་ཏེ་དེ་ལ་སྐྱག་འབུ་དཀར་པོ་རྐང་མེད་མང་པོ་གསོས། སླར་ཡང་ཆུ་འཁོལ་མར་འབུ་སྨན་ཞིག་རྒྱབ་ནས་སྐྱག་འབུ་དག་རུལ་དུ་འཇུག་གིན་ཡོད། ད་དུང་སྔོ་ཚོད་ཁ་ཤས་འདེབས་འཛུགས་བྱེད་པར་སྔོ་ཚོད་ཀྱི་བྲོ་བར་ཕན་པའི་འབུ་ཕྲ་མང་པོ་གསོས་ནས་འབུ་ཕྲ་དག་སྔོ་ཡི་སྟེང་དུ་ཡོངས་སུ་འཁེབས་ཚར་དུས་སླར་ཡང་འབྱར་བག་ཅན་གྱི་སྨན་ཞིག་གཏོར་ནས་འབུ་ཕྲ་དག་ག་ལེར་སྔོ་ཡི་སྟེང་དུ་སྐམ་ཤི་ཐེབས་སུ་འཇུག་གིན་ཡོད། དེ་མིན་སྔོ་ཚོད་དང་འབྲུ་རིགས་ཀྱི་གནོད་འབུ་གསོད་པའི་ཐབས་ལམ་མང་དག་ཞིག་བྲིས་ནས་བྲིས་ཚར་རྒྱུ་མེད། དེ་ལས་ང་རང་ལོ་གཅིག་ལ་འབྲི་གཡག་གཉིས་གསུམ་ཙམ་གྱི་སྲོག་ལས་འབག་མི་དགོས་པའི་ཕྱིར་ན་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས། ལས་རྒྱུ་འབྲས། སྲོག་ལན། ལན་ཆགས། སྡིག་འབྲས། དུས་བབ། ཁོར་ཡུག་བཅས་ཀྱི་རྒྱུ་མཚན་དང་དགེ་མཚན་ཆེ་ཆུང་བལྟོས་ནས་ལམ་དེར་འདམས་པ་ཡིན།

འགའ་ཞིག་རྩོམ་འདི་མཐོང་ནས་དཀར་ཟས་ཀྱིས་གཟུགས་པོའི་བདེ་ཐང་ལ་ཕན་ཚུལ། ཚན་རིག་དང་མཐུན་ཚུལ་གྱིས་བཀའ་སྐྱོན་འདྲ་གནང་སྲིད། སྔོ་ཚལ་སོས་པ་རྫས་སྦྱོར་མ་འདྲེས་པའི་གཟུགས་པོར་ཕན་པ་ཡོད་ལ་ཡང་གནོད་པ་ཡང་ཡོང་གིན་ཡོད། ཡིན་ནའང་མཐོ་སྒང་ཡུལ་འདིར་སྔོ་ཚལ་ཧ་ཅང་ཉུང་ལ། སོས་པ་ཡང་དེ་བས་ཉོ་རྒྱུ་མེད། ཅུང་ཟད་ཉོ་རྒྱུ་ཡོད་པ་དག་ཞིང་སྨན་ཚད་ལྡན་མ་ཡིན་པའི་རྫས་སྦྱོར་སྣ་ཚོགས་བཏབ་ནས་དུས་ཐུང་ལ་སྐྱེ་ཚར་ཡོང་གིན་ཡོད། དེས་ཞོར་སྐྱོན་ནི་ནད་རིགས་སྣ་ཚོགས་བསྐྱེད་པ་མ་ཟད་ཆེས་གལ་འགངས་ཆེ་ཤོས་གདོང་དམར་བོད་ཀྱི་རིགས་བརྒྱུད་སྐྱེ་འཚར་ལ་གནོད་པ་ཆེན་པོ་ཐེབས་ཀྱིན་ཡོད། གངས་ལྗོངས་ས་མཐོར་གནས་པའི་བོད་མི་དག་ལ་འཚམས་པའི་ལྷད་མེད་ཟས་མཆོག་ནི་འབྲི་གཡག་ཤ་འདི་ཁོ་ན་ཡིན།

ཡང་འགའ་ཞིག་གིས་ནང་ཆོས་ཚིག་དུམ་ཁ་ཤས་ཟུར་འདོན་བྱས་ནས་སྲོག་གཅོད་པའི་སྦྱོར་བ་སྔོན་དུ་སོང་མ་སོང་སྐོར་དང་། བསྔོ་ཤ་ཡིན་མིན། འདུལ་བ་ལས་གནང་བ་མེད་ཚུལ། རྣམ་གསུམ་དག་མིན།སྔགས་ལས་བདུད་རྩིར་བྱིན་གྱིས་བརླབས་ཚུལ། སྤྱོད་པ་འཚེ་བ་མེད་ཚུལ་སྐོར་ལ་ཕྲེང་གོག་གཡུག་བཞིན་ཚར་གཅོད་འདོད་ཡོད་མོད། དེ་དག་ལ་ཞུ་རྒྱུར་རྩོམ་འདི་འགོ་འཇུག་ཆ་ཚང་བ་ཞིག་ཞིབ་ཀློག་གྱིས་དང་ཧ་གོ་ངེས། ཁྱེད་ཀྱིས་སྲོག་གཅོད་ཀྱི་སྦྱོར་བ་སྔོན་དུ་མ་སོང་བའི་སྔོ་ཚལ་དང་འབྲི་གཡག་གི་ཤ་ལས་སྡིག་པ་ཆུང་བའི་སྔོ་ཚལ་རིགས་སྒྲུབ་ཐུབ་སོང་ན་ཁོ་བོ་ད་ནས་ཟས་མཆོག་དེ་ལོས་འདེམས་ལ་ཅིའི་ཕྱིར་མི་འདམ།

ཡང་འགའ་ཞིག་གིས་ལྟས་ངན་དང་ལྟ་ལོག་རྟོགས་སད། སྨྱོན་པ་ཟེར་ནས་སྡིག་སྨོད་ངན་སྨྲས་འགའ་བྱེད་པ་མ་ཟད་ཁྱོད་ཤ་ཟོ། ཁྱོད་ཁྲག་འཐུང་། ཁྱོད་བཤས་པ་བྱོས། ཁྱོད་བཤས་ཁང་ཚུགས་ཤིག ད་དུང་འབྲི་གཡག་གི་ཤ་འདི་དཀར་ཟས་ཁོ་ན་ལབ་མོད།  ད་ཁྱོད་འབུ་སྲིན་ཟོ། ཉ་སོད། བྱ་དེ་བཀུམ་ཟེར་ནས་ཁ་ངན་ཚིག་ངན་འགའ་བརྡུང་ནས་སྡུག་སྡུག་ངན་ངན་གྱི་སྐད་ཆ་བཤད་ཀྱང་སྲིད།

གང་ལྟར་དཀར་ཟས་དང་དམར་ཟས་གཉིས་ཀྱི་དབྱེ་སྟངས་དེ་གཟུགས་པོ་ཆེ་བའི་སྡིག་པ་ཆེ་བ། ཡང་ན་ཁྲག་མང་པོ་བཞུར་ན་སྡིག་པ་ཆེ་བ་ཞིག  དེ་འདྲ་མ་ཡིན་ན་ཁ་དོག་གི་ཆ་ནས་ཉ་ཤ་སོགས་དཀར་པོ་ཡིན་ལ་སྔོ་ཚལ་ཡང་དམར་པོ་ཡང་མང་པོ་ཡོད། སྡིག་པའི་ལྕི་ཡང་ཐོག་ནས་བསམ་བློ་གཏང་ན་བོད་གངས་ཅན་ལྗོངས་སུ་འབྲི་གཡག་ཤ་ནི་ཁ་ཟས་ཁྲོད་ནས་སྡིག་པ་ཅུང་ཟད་ཆུང་བ་ནི་བདེན་དོན་དང་གནས་ལུགས་ཀྱིས་བསྒྲུབ་ཐུབ། དེས་ན་རང་ཅག་བོད་པ་དག་ཆོས་རྫུན་པ་དག་གི་རྗེས་སུ་རི་བོང་ཅལ་འདྲོག་ཁོ་ན་མ་བྱས་པར་རྣམ་དཔྱོད་བློ་མིག་ཡངས་ཙམ་བྱེད་དགོས་འདུག

ད་རུང་ཞོར་དུ་ཞུ་རྒྱུ་ཞིག་སྤྲུལ་རྫུན་དང་མཁན་འཁྱམ། ཟོག་པོ་འགས་དེང་དུས་ཞིང་སྒྲུབ་དང་སྨྱུང་གནས། དབང་ཞུ་སོགས་ཁ་གཡར་ནས་མང་ཚོགས་ཀྱི་ཁྲོད་ཆོས་ལོག་དང་ལུང་ལོག་འདྲ་མིན་སྤེལ་ནས་བཙན་ཁྲིམས་མང་པོ་འཇོག་གིན་ཡོད་པ་ལས་འབྲོག་ཁུལ་དུ་སྒོ་བཤས་སྤོང་དགོས་ཟེར་བའི་བཙན་ཁྲིམས་དེས་རང་གི་སྒོ་འགྲམ་ལ་ཡོད་པའི་ནོར་ལུག་དག་མ་གསད་པར་ཐག་རིང་ནས་ཁྱེར་ཡོང་བའི་རྟ་ཤ། བོང་ཤ། གླང་ཤ། ཁྱི་ཤ། ཕག་ཤ་སོགས་ཤ་རིགས་ནད་ཅན། རྫས་སྦྱོར་སྣ་ཚོགས་བཏབ་པའི་ཤ་མང་པོ་བཟའ་གིན་ཡོད། ད་དུང་སྤྲུལ་རྫུན་དང་མཁན་འཁྱམ་ཚོས་རྒྱ་ཡུལ་གྱི་ཚོང་རྫུན་དག་ལ་ངན་འབྲེལ་བྱས་ནས་ཤ་འདྲའམ་ཤ་རྫུན་ཟེར་བ་རྫས་སྦྱོར་སྣ་ཚོགས་བཏབ་ནས་བཟོས་པ་ཞིག་འཁྱེར་ཏེ་འབྲོག་མང་ལ་བཙོངས་ཀྱིན་ཡོད། དེ་དག་གི་གནོད་པ་ནི་གཅིག་རྒྱུན་གཏན་གྱི་འཚོ་གནས་ལ་གཏོར་བཤིགས། གཉིས་མང་ཚོགས་དཔལ་འབྱོར་ལ་གྱོང་གུན། གསུམ་བཅོས་ཐབས་མེད་པའི་ནད་ངན་འབྲས་སྐྲན་སོགས་ནད་མང་པོ་འབྱུང་བ། བཞི་འབྲོག་ཁུལ་དུ་ཕྱུགས་རིགས་དཀར་ནག་རྩ་སྟོངས་སུ་འགྲོ་བའི་ཉེན་ཁ་ཆེ་བ། ལྔ་ནང་ཆོས་ཀྱི་དགོངས་དོན་དང་ཡོངས་སུ་འགལ་བའི་སྡིག་ལས་ཚབས་པོ་ཆེ་ཞིག་ཡིན་པ་སོགས་བསུབ་ཏུ་མེད་པའི་ནག་ཉེས་མང་པོ་འཇོག་གིན་ཡོད།

མདོར་ན་དགེ་བ་དང་སྡིག་པ་གཉིས་ཀྱི་དབྱེ་བ་དེ་གང་འདྲ་ཞིག་གི་ཐད་ནས་འབྱེད་དགོས་མིན་ཤེས་རྒྱུ་དེ་གལ་ཆེན་པོ་ཡིན་པས་དཔྱད་ཞིབ་ལེགས་པོ་གནང་ན་ཡག་པོ་གང་འདྲ་མེད་དམ། ཆོས་པ་ཡིན་ཟེར་མཁན་སེར་ཛོག་ཛོག་དང་དམར་ལྷེབ་ལྷེབ་ཚོས་ཁྲི་མཐོན་པོའི་ཁ་ནས་གཞན་ངོས་ལ་འདང་ཅི་ཡང་མི་རྒྱག་པར་འདི་ཆོག་དང་ཕ་ཀི་མི་ཆོག་ཟེར་བའི་སྒེར་གཅོད་ཀྱི་གཏམ་དང་བཙན་ཁྲིམས། འཇིགས་སྐུལ། དེ་བཞིན་དགེ་སྡིག་བླང་དོར་གནད་ཡག་པོ་ལམ་སྟོན་མ་བྱས་པར་འཇིག་རྟེན་པའི་འཚོ་གནས་ལ་གཏོར་བཤིགས་རྐྱང་རྐྱང་བཏང་མ་བསྡད་པར་བསམ་བློ་ནང་དུ་བཀུག་ནས་ནང་ཆོས་ཀྱི་དོན་དང་མཐུན་པའི་ལས་ཀ་བཟང་པོ་རེ་སྒྲུབ་ན་ཅི་དྲགས།

དེ་ལྟར་ཐག་བཅད་པར་ཀུན་གྱིས་དཔྱད་ཞིབ་ལེགས་པར་མཛད་ནས་ལམ་སྟོན་དམ་པ་ཞིག་མ་ནོར་བ་གནང་རྒྱུ་མཁྱེན། རྩོམ་འདིར་དོན་མཐུན་གྱི་བཀའ་སློབ་ལ་ནམ་ཡང་དང་ལེན་ཞུ་རྒྱུ་ཡིན།

 

དྲེགས་པའི་ལྷ་འདྲེར་བློ་གཏད་པའི་ནོར་འཁྲུལ་གླེང་བ།

 

ནང་པ་སངས་རྒྱས་པ་ཞིག་ཡིན་ན། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལས་འཇིག་རྟེན་དྲེགས་པའི་ལྷ་འདྲེ་དག་ལ་སྐྱབས་སུ་སོང་ན་ནང་པའི་གྲས་སུ་བརྩི་ག་ལ་རུང་། རྫོགས་པའི་སངས་རྒྱས་ཀྱིས་སངས་རྒྱས་ལ་ནི་བསྐྱབས་སོང་ནས། འཇིག་རྟེན་ལྷ་ལ་ཕྱག་མི་འཚལ་ཞེས་གསུངས་ཡོད། འོན་ཀྱང་དེང་དུས་ཀྱི་སེར་སྐྱ་ཚོས་སྐྱབས་ཡུལ་དཀོན་མཆོག་གསུམ་པོ་མ་ཤེས་པར། ཕྱི་རོལ་གྱི་དྲེགས་པའི་ལྷ་འདྲེ་ལ་བློ་གཏད་པ། བོད་མི་དྲག་དྲག་གྲུང་གྲུང་ཚོས་ལྷ་འདྲེས་གནས་ག་གེ་མོ་ཞིག་ནས་བཀོད་སྒྲིག་ཅི་ཞིག་བྱེད་ཀྱིན་ཡོད་པ་ལྟར་ངོས་གཟུང་ནས་ལྷ་ཕབ་ནས་ལུང་ཞུ་བ་དང་དེས་ཅི་ཟེར་བ་ཉན་པ་འདི་ཅི་འདྲ་ཡ་མཚར་བ་ཞིག་མ་ཡིན་ནམ། ང་ཚོ་སྐྱབས་གནས་རྙིང་པ་དག་གིས་བསླུས་སོང་ན་གསར་པ་ཞིག་འཚོལ་དགོས་པ་ནི་ལྡོག་དུ་མེད་པའི་ཆོས་ཉིད་ཞིག་ཏུ་འཁུམས། ལྷ་འདྲེའི་གནས་སུ་ལྷ་འདྲེར་ནུས་པ་ཡོད་སྲིད་ཀྱང་། མི་ཡི་གནས་སུ་མིས་བྱ་བ་བྱེད་རྒྱུ་ལས་མི་ཡི་ཚབ་ཏུ་འདྲེ་ཡིས་མི་ཡུལ་ག་ལ་སྐྱོང་སྲིད།

དེ་ཡང་རང་ཉིད་མ་རིག་པས་ཡོངས་སུ་བསྒྲིབས་བཞིན་དེའི་ཐོག་ལྷ་འདྲེ་ཞེས་མ་རིག་སྟུག་པོའི་ཀློང་དུ་ལྷུང་པ་ཞིག་ལ་རེ་བ་འཆའ་བ་ནི་འོད་སྣང་མེད་བཞིན་དུ་ནག་ཁུང་ལ་འཛུལ། དེའི་ཐོག་མིག་ཤེལ་ནག་པོ་ཞིག་བརྒྱབས་པ་དང་གཅིག་མཚུངས་མ་ཡིན་ནམ།

གཅིག

   སྤྱིར་ལྷ་གསོལ་དང་རླུང་བསྐྱེད་འདི་དག་བོད་ཀྱི་གདོད་མའི་ལམ་ལུགས་རྙིང་པ་ཞིག་རེད། ཡིན་ན་ཡང་ང་ཚོས་འདོར་དགོས་ངེས་ཀྱི་རྙིང་ཞེན་དག་ཅིས་ནས་ཀྱང་འདོར་དགོས་པ་ལས་ཚང་མ་བཟང་ཕྱོགས་སུ་རྩིས་ན་ག་ལ་འགྲིག

རྒྱ་གར་གྱི་ནང་པ་སངས་རྒྱས་པའི་ཆོས་དངོས་སུ་ཉམས་ལེན་བྱེད་པའི་ནང་དུ་དེ་འདྲ་རྩ་བ་ནས་མེད་ལ། དཔེར་ན་ཤཀྱ་ཐུབ་པས་ལྷ་གསོལ། ཤ་རིའི་བུས་དར་ལྕོག་བརྒྱབ། ཞི་བ་ལྷས་གསོལ་ཀ་བཏང་། སྤྱན་རས་གཟིགས་དང་རྗེ་བཙུན་སྒྲོལ་མས་ལྷ་ལ་ལུང་ཞུས་པ། རྒྱན་དྲུག་མཆོག་གཉིས་ཀྱིས་གཏོར་རྒྱག་ཚོགས་པ། བསྐལ་བཟང་སངས་རྒྱས་སྟོང་རྩ་གཉིས་ཀྱིས་འཇིག་རྟེན་གྱི་བདེ་སྡུག་དེ་དག་དྲེགས་པའི་ལྷ་སྲུང་ལ་དྲིས་ནས་གཏན་འཁེལ་གནང་བ་ཞིག་གཏན་ནས་མི་འདུག

རྨོངས་དད་ཀྱི་ལམ་སྲོལ་ངན་པ་འདི་ཕྱིས་ཀྱི་བླ་རྫུན་དང་སྤྲུལ་རྫུན་སེར་གཟུགས་འཛིན་པ་རྣམས་ཀྱིས་དྲེགས་པའི་ལྷ་སྲུང་དག་སྐྱབས་བཅོལ་ལམ་ངན་འདི་བཏོད་ཡོང་པ་རེད། དེ་ནི་རང་ཉིད་ཀྱི་མ་ཤེས། མ་རིག མ་འཇོན་པ་དག་ཁག་འགེལ་ས་དང་འུ་ཐུག་འཕེན་ས་ཞིག་བཙལ་ཡོང་པ་དང་ཨ་ན་མ་ན་རེད། དེས་ནང་པའི་ཆོས་ཀྱི་ཆ་ཤས་ཙམ་ཞིག་གི་ཚབ་བྱེད་མི་ཐུབ་ལ། དེའི་ལྡོག་ཕྱོགས་ཀྱི་གནོད་པ་ནི་ནང་བསྟན་ལ་དྲི་ནག་བྱུགས་པ་དང་གཉིས་སུ་མེད། དེས་ན་བསྟན་ལ་གནོད་པའི་རིགས་ཐ་དག སྐད་ཅིག་ཙམ་ཡང་བསྟེན་མི་བྱ་ཞེས་གསུངས་ཡོད་པས་ན་ལྷ་འདྲེར་བློ་གཏད་པའི་ལས་ངན་འདི་ཡང་རིམ་བཞིན་མཚམས་འཇོག་དགོས་པའི་དུས་ལ་བབས་འདུག

དྲེགས་པའི་ལྷ་སྲུང་དེ་དག་ལ་གསོལ་མཆོད་དང་ཡིད་ཆེས་བྱས་ནས་ཕན་པ་ཡོད་ན་ང་ཚོའི་བོད་འདི་ད་ལྟ་འདི་ལས་དྲག་ཙམ་ཞིག་ཡོད་དགོས་ཚོད་རེད། ལོ་ངོ་དུ་མའི་གོང་ནས་ནུབ་གླིང་རྒྱལ་ཁབ་ཨ་རི་སོགས་ཀྱི་ཚན་རྩལ་ཡར་རྒྱས་དེ་དང་འདྲ་བར་ང་ཚོ་བོད་ལ་ཡོད་དགོས་པ་ཁོང་ཚོའི་ལུང་སྟོན་མི་ཐུབ་པ་དང་།  དབྱིན་ཇི་བཙན་རྒྱལ་སོགས་ཀྱིས་བོད་དུ་བཙན་འཛུལ་བྱེད་དུས་ལུང་བསྟན་ཡང་ཡོད་སྐད་མི་འདུག་ལ་གཏོར་རྒྱག་སོགས་ཀྱིས་དམག་ཟློག་འགའ་བྱས་སྐད་འདུག་ཀྱང་དེ་དག་ནི་དགྲ་བོའི་སྣ་འདྲེན་ཁོ་ན་ཙམ་ལས་ཕན་ནུས་ཐོན་པ་ཞིག་ཡོད་སྐད་མི་འདུག སྐབས་དེའི་དམངས་གཞས་ལས། སྐྲ་སེར་འབྱུང་པོའི་དམག་གིས།། རྫས་འཕྲུལ་གཡུགས་ཐེངས་གཅིག་ལ།།ཤ་ཁྲག་རྒྱན་གྱི་རྒྱན་པའི།། གཏོར་ཟོར་མགོ་བོ་བཀོག་སོང་།། ཞེས་པའི་དམངས་གཞས་དེ་དག་ལས་གཏོར་རྒྱག་སོགས་ཀྱིས་ནུས་པ་ཐོན་ཀྱིན་མེད་པ་མཚོན་གྱི་ཡོད་པ་ནི་ཟུར་བལྟས་ལེབ་མཐོང་རེད།  སྐབས་དེར་བོད་ཆོལ་ཁ་གསུམ་གྱི་དཔའ་རྒོད་ཚོས་དྲག་པོའི་དམག་དཔུང་གིས་དབྱིན་འགོག་དམག་འཁྲུག་ཅེས་ལོ་རྒྱུས་ཐོག་ལ་མི་ནུབ་པའི་དན་རྟགས་ཤིག་བཞག་ཡོད་པ་ལས། ལྷ་འདྲེས་དམག་གིས་དབྱིན་འགོག་བྱས་པའི་ལོ་རྒྱུས་ནི་མི་འདུག

དེ་དང་ཕྱོགས་མཚུངས་ལོ་རྒྱུས་ཐོག་གི་ཕམ་ཁ་ཆེ་ཤོས་ཀྱི་རིག་གནས་གསར་བརྗེ་ཆེན་པོ་དང་། ༥༩ལོའི་ཟིང་འཁྲུག ༦༩ལོའི་གྱེན་ལོག་སོགས་ཡོང་གི་ཡོད་པ་དང་། དེ་དག་ཟློག་ཐབས་སོགས་ཁོང་ཚོས་ལུང་བསྟན་བྱས་པ་ཡང་གོ་ཐོས་མི་འདུག ད་དུང་བོད་ཀྱི་བླ་སྤྲུལ་དྲག་རིམ་ཚོས་བསྟན་སྲུང་གི་ལུང་ཞུ་ཞེས་པ་ཞིག་དུས་ད་ལྟའི་བར་བྱེད་ཀྱིན་པ་འདི་དག་ནི་རང་གིས་རང་ལ་ཐོམ་ཞྭ་གཡོགས་པ་ལས་གཞན་རྒྱུ་མཚན་དང་སྙིང་པོ་ཅི་ཡང་མེད།

འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་དང་ཡར་ཐོན་གྱི་མི་རིགས་དག་ལྷ་འདྲེར་ལུང་ཞུ་དང་དེ་དག་གིས་བཀོད་སྒྲིག་བྱས་ནས་བྱུང་བ་ཞིག་གཏན་ནས་མ་རེད་ཅེས་ཁ་ཚོན་གཅོད་ནུས་ལ། ད་ཆ་འཛམ་གླིང་མི་རིགས་འདྲ་འདྲའི་ཁྲོད་དུ་ད་ལྟའི་བོད་མི་རིགས་འདི་རྗེས་ལུས། བག་འཁུམ། རྙིང་ཞེན། རྨོངས་དད་འདི་དག་གིས་མཚོན། མི་རིགས་གང་ལ་དོ་མི་ཐུབ་པར་ཚོང་ལས་བྱ་གཞག དཔལ་འབྱོར་འཕེལ་རྒྱས། ཤེས་རིག་རྒྱུད་འཛིན། མི་སྣའི་འཇོན་ཐང་གང་ཐད་ནས་མགོ་སྒུར་རྐྱང་བྱེད་པ་དེ་དག་ལ་མགོ་སྒུར་མི་དགོས་པ་ཁོང་ཚོས་ལུང་སྟོན་མི་ཐུབ་པ་མ་ཟད།  ཉེ་ཆར་འཛམ་གླིང་ཁག་དུ་དམག་འཁྲུག མུ་གེ། ཆུ་ལོག རླུང་དམར། གངས་སྐྱོན། ལྷག་པར་དུ་བོད་ཀྱི་ཁྲི་ཚང་རྫོང་དུ་ས་ཡོམ་དྲག་པོ། འབར་མར་རླུང་དམར་གྱི་གནོད་པ། སྲོག་ཆགས་ཀྱི་ཆམ་རིམས་སྣ་ཚོགས། ༢༠༡༢ལོའི་བསྐལ་བའི་འཇིག་པ་ཞེས་པའི་འཇིགས་སྐུལ། བསམ་ན་ཡིད་སྐྱོ་ཞིང་དྲན་ན་སྙིང་གས་པའི་ཡུལ་ཤུལ་ས་འགུལ་དེ་དག་སོགས་ལ་འདི་བྱས་འདི་མིན་གྱི་ལུང་བསྟན་གསལ་ཁ་ཙམ་ཞིག་མེད་པའི་རྒྱུ་མཚན་ཐ་དག་ལ་བསམ་གཞིགས་ཤིག་བྱེད་རན།

རྨོངས་གཉིད་ལས་མ་སད་པའི་འཛམ་གླིང་ཕྱི་ནང་གི་བོད་མི་སྤྱི་དང་ནང་བསྟན་ཀྱི་ཆས་གོས་རྫིག་པོས་གཡོགས་ཤིང་ཁྲི་ཁར་འགྱིང་བའི་བླ་སྤྲུལ་ཚོས་དུས་རབས་ཉེར་གཅིག་གི་སྐབས་འདིར་འཛམ་གླིང་ཡོངས་ཚན་རིག་སྔོན་ཐོན་ལམ་དུ་བསྙེགས་ནས་གནམ་ལ་འཕུར། ས་ལ་འཛུལ། ཆུ་ལ་འཁྱུག གོ་ལ་འདི་ཁྱིམ་ཚང་གཅིག་པ་བཞིན་དུ་བསྒྲིལ་ཚར་ན་ཡང་ད་དུང་ཆོས་རྒྱལ། ལྷ་མོ། བསྟན་མ་སོགས་ཀྱི་ལུང་བསྟན་ལ་བསྒུག་ནས་བོད་རིགས་འདི་སྐྱབས་དང་སྐྱོབ་བསམ་པ་ནི་ཅི་འདྲ་བའི་བསམ་བློ་གཏི་ཐུག་པ་མ་ཡིན་ནམ།

ལྷག་པར་དུ་བོད་ཀྱི་དགོན་པ་ཁག་གི་ནང་དུ་ཤཱཀྱ་ཐུབ་པའི་སྐུ་ཆུང་ཆུང་རེ་ལས་མེད། དེ་དག་ལ་ལྷ་རྫས་ཀྱི་མཆོད་པ་ཡང་ཉུང་ཉུང་རེ་ལས་མེད་པ་དང་ལྷ་ཁང་དེའི་བཀོད་སྒྲིག་སྟབས་བདེ་ཞིག་ལས་གཞན་གང་ཡང་མེད་ལ་སྟོན་པའི་སྐུ་མདུན་ལ་གསོ་སྦྱོང་དང་བསྙེན་གནས་ལེན་མཁན་ཡང་ཧ་ཅང་གིས་ཉུང་། ལྷ་འདྲེ་དེ་དག་གི་གསོལ་མཆོད་བྱེད་ས་ལ་མགོན་ཁང་ཞེས་མིང་བརྗིད་པོ་ཞིག་བཏགས། མཆོད་པ་རྒྱ་ཆེན་པོ་རེ་བཤམས། ཆང་དང་ཨ་རག་སོགས་དུག་ཆུ་དང་སྨྱོ་ཆུ་ཐ་དག་དྲངས་ནས་རབ་བྱུང་གི་ཆོས་གོས་གྱོན་པའི་དགེ་འདུན་བཅུ་ཕྲག་དུ་མའི་ཕྱག་འཚལ་ཐལ་མོ་སྦྱར་ནས་ཉིན་ལྟར་གསོལ་གསོལ་མཆོད་མཆོད་བྱེད་པ་འདི་ལ་སྙིང་པོ་ཅི་ཞིག་ཡོད་མེད་དྲང་བདེན་གྱི་བསམ་གཞིགས་རེ་བྱེད་རན་འདུག

དེ་བཞིན་སྔར་འདས་ཟིན་དཔའ་བོ་དག་ཡར་ལངས་ཡོང་རོགས་ཞེས་འབོད་རྒྱངས་འཐེན་པས་ཅི་ཡང་མི་ཕན། རྗེ་ཡི་མགུར་ལྷ་བཅུ་གསུམ་ལོངས་ཤོག སྲིད་པ་ཆགས་པའི་ལྷ་དགུ་ལོངས་ཤོག ད་དུང་གེ་སར་ལོངས་ཤོག རྒྱ་ཚ་ལོངས་ཤོག ཁྲོ་ཐུང་ལོངས་ཤོག་ཅེས་ནང་བསྟན་ཆོས་གཟུགས་འཛིན་པ་དག་གིས་འབོད་འབོད་གྱེར་གྱེར་བྱས་ན་ཁོང་ཚོ་ནམ་ཡང་ལངས་མི་སྲིད། དེ་ལས་ང་ཚོས་ཁོང་ཚོའི་སྙིང་སྟོབས་དང་དཔའ་ངར་དག་ང་ཚོའི་སླར་གསོ་བྱེད་དགོས་པ་ལས། ཤི་ཚར་བའི་རུས་པ་དང་མིང་སྐམ་པོ་ཞིག་ལ་རེ་བ་བཅངས་ནས་འདུག་ཚོད་ཅིག་མ་རེད།

ལྷག་པར་དུ་ཕྱི་རོལ་ནས་འཁྱམས་ཡོང་པའི་འདྲེ་སྲིན་དཔེར་ན། འདོད་ཆགས་ཀྱི་དབང་གིས་གྲྭ་བ་ཞིག་གིས་རྗེས་སུ་འཁྱར་ཡོང་པའི་འདྲེ་ལ་ལྷ་མོ་ཞེས་མིང་སྙན་པོ་བཏགས་ནས་གསོལ་མཆོད་བྱེད་པ་དང་། ཞེ་སྡང་གི་དབང་གིས་ནུབ་ཕྱོགས་དགེ་སློང་ཡིད་དབང་འཁྲུགས་པས་ལོག་སྨོན་ཁྲག་གི་སྒོང་ང་བརྡོལ་བ་ལ་ཆོས་སྐྱོང་། སེར་སྣ་ཡི་དབང་གིས་རྒྱུ་ནོར་བེམ་པོ་འགའ་ཞིག་ལ་སེམས་ཆགས་ནས་འཁྱམས་ཡོང་བའི་བདུད་འདྲེ་ལ་རྒྱལ་པོ། དེ་དང་དེ་ལ་སོགས་པའི་རྒྱ་གར་ནས་འཁྱམས་ཡོང་བའི་མགོན་པོ། ལྷ་མོ། དམ་ཅན་སོགས་བཀའ་ལས་འགལ་བ་དང་དམ་ལས་ཉམས་པའི་སྨོན་ལོག་གི་བདུད་འདྲེ་རེ་རེ་ལོ་རྒྱུས་དག་དྲངས་ཡོང་ན་དད་པ་དང་ཡིད་ཆེས་སྐྱེ་རྒྱུ་ཕར་ཞོག་ཐ་ན་སྐད་ཅིག་ཙམ་ཡང་བསྟེན་བྱར་མ་ཡིན་པས་བདེན་དོན་གནས་ལུགས་ཀྱི་དྲང་གཏམ་ནི་ནམ་ཡང་གླེང་རྒྱུ་ཡིན། འདི་ན་ལྷ་འདྲེ་རེ་རེའི་ལོ་རྒྱུས་གནས་སྐབས་གླེང་རྒྱུ་མིན།

གཉིས།

   ལྷ་འདྲེའི་དམག་ཚོགས་ཀྱིས་ཁེངས་པའི་བོད་འདི་ཧོབ་དེ་བཤད་ན་མི་ཕར་བཞག་ནམ་མཁའི་བྱ་ཡང་མི་མངགས་ཞེས་ལྷ་སྒྲུང་གིས་བཀླུབས་པ་དཔེར་ན་གུ་རུ་རིན་པོ་ཆེའི་སྐུ་མདུན་ནས་བསྟན་མ་བཅུ་གཉིས་ཀྱིས་བོད་ལ་མུ་སྟེགས་མི་གཏོང་ཟེར་ནས་སློབ་དཔོན་པདྨའི་རྣམ་ཐར་རྫུན་གཏེར་རྐྱང་རྐྱང་གི་གང་ཐོན་ཅི་ཐོན་བཀོད་ཡོང་བ་འདི་དག་ནི་རྙིང་མ་ཆོས་ལུགས་འཛིན་པའི་གཏེར་རྫུན་ཟོག་པོ་དག་གི་སྐྱོན་དུ་ཟད། ས་པཎ་གྱིས་ཁྲིད་པའི་མུ་སྟེགས་པ་ཐོག་གིས་བརྒྱབས་ནས་གསད་པ་རེད་ཟེར་ནས་སྒྲུང་སྙན་པོ་རེ་བཤད་ཀྱིན་འདུག

དྲེགས་པའི་ལྷ་འདྲེ་དེ་དག་བོད་གངས་ལྗོངས་སྲུང་མཁན་ཡིན་ན་སྔར་ནས་ད་ལྟའི་བར་བོད་ཡུལ་དུ་མུ་སྟེགས་པའི་གང་འདུག་ལ་དེ་དག་གིས་བོད་ཀྱི་སྲིད་འབྱོར་རིག་གསུམ་ལ་གཏོར་བཤིག་ཚད་མེད་བཏང་ཡོད།  ཡང་ན་བོད་བརྒྱུད་ནང་བསྟན་སྲུང་མཁན་ཡིན་ན་བོད་བརྒྱུད་ནང་བསྟན་ལ་སྐུར་འདེབས་དང་ལོག་ལྟ། རྩ་མེད་གཏོང་མཁན་འདི་དག་ལ་ནད་སྡུག་གི་གནོད་པ་ཙམ་ཡང་མེད་པ་མ་ཟད་བྱ་གཞག་ཐ་དག་ཡར་ངོའི་ཟླ་བ་བཞིན་འཕེལ་བཞིན་པ་ན་ལྷ་སྲུང་དེ་དག་ངོ་ལོག་པ་ཡིན་ནམ་ཡང་ན་ཤི་སོང་བ་ཡིན། ཕལ་ཆེར་གྲགས་ཅན་གྱི་ཨ་རག་དེ་དག་གིས་ར་བཟི་བའམ་ཡང་ན་ཁོང་ཚོ་ཡང་རུལ་སུངས་ཅན་དུ་གྱུར་ཚར་བ་ཡིན་གྱི་རེད།

མ་ཟད་དེ་སྔོན་སོག་པོ་ཇུན་གར་དང་གོར་ཁ་རྒྱལ་པོ། དབྱིན་ཇི་སོགས་ཀྱིས་ཐོག་མར་བོད་ལ་གསང་མྱུལ་བ་མངགས། དེ་ནས་བཙན་འཛུལ་བྱས་ནས་དམག་དྲངས་དགོན་སྡེ་རྨང་ནས་གཏོར། ཡུལ་སྡེ་མི་སེར་ཡོད་ཚད་བཅོམ། ཐ་ན་ལྷ་འདྲེ་ཁོ་རང་ཚོའི་འདྲ་གཟུགས་རྫིག་པོ་དེ་དག་སྐེ་ཐག་ནག་ཤ་ལེར་དྲུད། མི་དཔོན་བླ་སྤྲུལ་དྲག་ཚད་དབུ་ཧྲིལ་ལེར་འཕངས། ངུ་འབོད་ཀྱིས་རི་ལུང་གང་། བམ་རོའི་རྩེག་པ་བརྩེགས། ཁྲག་དམར་ཡུར་ཆུར་འཁྱིལ། སྐྱེས་ཕོ་ཟད་མོ་ལ་གཏུག་པ་སོགས་ཉེས་པ་ས་སྟེང་གང་པའི་མི་ཚད་པ་བཟོས་དུས། ཆོས་སྐྱོང་བརྒྱ་ཕྲག ཞིང་སྐྱོང་སྟོང་ཕྲག གནོད་སྦྱིན་ཁྲི། རྒྱལ་པོ་འབུམ། མ་མོ་བྱེ་བ། ཤ་ཟ་དུང་ཕྱུར། ས་བཙན་དང་རི་བཙན་གྲངས་ལས་འདས་པ་དེ་དག་གང་དུ་རྒྱུག གང་དུ་ཡིབ། གང་ལ་བྲོས། གོ་རྒྱུ་དང་ཐོས་རྒྱུ་མེད། དངོས་སུ་བདེན་ན་ཁོང་ཚོ་དམག་ལ་སྟོང་སྡེ་དང་འབུམ་སྡེ་ཙམ་མ་ཟད་ནམ་མཁའ་གང་། ས་གཞིར་ཁྱབ། གཡས་ནས་རུ་འདྲེན་བྱེ་བ། གཡོན་ནས་རུ་འདྲེན་ཁྲི་འབུམ། ལ་ལ་མཁའ་དབྱིངས་ནས་རྒྱུག ཉི་ཟླའི་འོད་སྣང་ཡང་བསྒྲིབས། ལ་ལ་ས་གཞི་ནས་རྒྱུག ཐལ་རྡུལ་ཀྱི་ཕན་ཚུན་མི་རིག་པར་གྱུར། ད་དུང་ཉིན་གྱི་བྱ་ར། མཚན་གྱི་མེལ་ཚེ། ལུས་དང་གྲིབ་མ་བཞིན་དུ་འགྲོག་རྒྱུ་ཡོད་པ་མང་པོ་བཤད་རྒྱུ་འདུག་ལ་ཤུགས་དྲག་ཡང་སྟོང་གསུམ་ཧུབ་ཀྱིས་འཇིབས། སྲིད་གསུམ་ཟས་སུ་ཟ། སྡེ་བརྒྱད་བྲན་ཏུ་བཀོལ། བལྟས་པ་ཙམ་གྱིས་སྲིད་གསུམ་གནོན། བསམ་པ་ཙམ་གྱིས་དངོས་གྲུབ་འབེབས། དེ་དག་ལ་ཞིབ་ཏུ་བསམ་ན་སྒྲུང་གཏམ་དང་མངས་ཚོགས་མགོ་སྐོར་གཏོང་བྱེད་ལས་ཕན་ཐོག་ཡོད་པའི་བསམ་པ་ཞིག་གཏན་ནས་སྐྱེས་ཀྱིན་མི་འདུག

ད་དུང་ཞིབ་མོར་དཔྱད་ན་འདི་དག་ནི་ནང་པའི་ཆོས་ཀྱི་ཆ་ཤས་ཙམ་ཡང་མིན་པ་དངོས་ཡོད་ཀྱིས་བསྒྲུབ་ཐུབ། རྒྱ་གར་ནང་པ་དང་། རྒྱ་ནག་ཀྱི་ནང་པ་སོགས་འཛམ་གླིང་ས་ཕྱོགས་ཁག་གི་ནང་པའི་ཁྲོད་ན་བོད་ཙམ་མ་གཏོགས་དེ་འདྲའི་བྱེད་སྲོལ་རྩ་བ་ནས་མེད།

གསུམ།

     སྔར་སྟོན་པ་ཞལ་བཞུགས་དུས་མུ་སྟེགས་པ་དང་རྩོད། ཕྱིས་སུ་ཡང་རྩོད། སྟོན་པའི་རྗེས་འཇུག་ཚོས་བཀའ་བསྡུ་མཛད་ནས་ནང་ཆོས་ལ་ཡང་སྡེ་པ་བཅོ་བརྒྱད་། སྡེ་སྣོད་གསུམ་དུ་དབྱེ་ནས་དེ་དག་གི་ས་ལམ་རྣམ་གཞག་རྩོད་ནས་སྟོན་པའི་དགོངས་དོན་དག་གཏན་ལ་ཕབ།

བོད་ལ་དེ་ལས་རྙོག་འཛིང་ཅུང་ཟད་ཆེ་བ་ལ་བོད་རང་གི་གདོད་མའི་ཆོས་ལུགས་དང་། དེ་བཞིན་བོན་གྱི་ཆོས་ལུགས། ཤཀྱ་ཐུབ་ཀྱི་ཆོས་ལུགས། རྒྱ་གར་བྲམ་ཟེའི་ལུགས། རྒྱ་ནག་ཧ་ཤང་གི་ལྟ་བ་སོགས་མཉམ་བསྲེས་ལས་བྱུང་བའི་བོད་བརྒྱུད་ནང་བསྟན་ཏེ་ཆོས་ལུགས་རྙིང་མ། བཀའ་གདམ། བཀའ་བརྒྱུད། ཇོ་ནང་། ས་སྐྱ། དགེ་ལུགས་སོགས་གྲུབ་མཐའ་མང་པོ་བྱུང་ནས་རང་ལུགས་ཀྱི་དགོངས་དོན་གཏན་ལ་ཕབ་སླད་དུ་རྩོད། དེ་ནས་བདག་ཐོབ་གཞན་ཕམ་གྱི་འཐབ་རྩོད་དུ་མ་བྱས། རྗེས་སུ་གྲུབ་མཐའ་ཁ་ལ་ཁྱེར་ནས་སྲིད་དབང་འཕྲོག་རེས་དང་། དེའི་ཤུགས་ལས་གྲུབ་མཐའ་ཕན་ཚུན་དང་དགོན་སྡེ་ཕན་ཚུན། བླ་སློབ་ཕན་ཚུན། འབངས་མི་སེར་ཕན་ཚུན་རྩོད། དེས་མ་ཚད་ཕན་ཚུན་འཛིང་། གསོད་རེས་དང་གཏུབ་རེས་བྱས། དེ་དག་ནི་ཆོས་ལུགས་མིང་ཙམ་འཛིན་པའི་ཟོག་པོ་དག་གིས་བཟོས་ཡོང་བའི་བོད་ནང་ཁུལ་མཐུན་སྒྲིལ་གཏོར་བའི་ལམ་ལུགས་ངན་པ་བཙུགས་པ་རེད། ད་དུང་ཧ་ལས་པ་ཞིག་ལ་མི་སྣ་རང་ཉིད་ཀྱིས་མ་འཇོན་པར་བོད་གངས་ཅན་ལ་བྱུང་བའི་ཇུས་ཉེས་ཐ་དག་དྲེགས་པའི་ལྷ་འདྲེའི་མགོ་ལ་གཡོག  རྒྱུ་མཚན་ནི་ཁོ་དངོས་མེད་ཡིན་པའི་གྱོད་དང་ཁ་མཆུ་རྒྱག་ས་མེད་བསམ་པ་རེད། མང་ཚོགས་རྨོངས་དད་པ་ཚོས་དེ་འདྲ་ཡིན་གྱི་རེད་བསམ་བསམ་བྱེད་པ་ལས་རྟགས་དཔྱད་ནི་ཅི་ཡང་མི་བྱེད།

སྲུང་མ་ལ་ཡང་འདི་སྡུག་པ་འདི་ཡག་པ་སོགས་ཀྱི་མ་ཉེས་ཁ་གཡོགས་བྱས་པའི་དབང་གིས། དེང་གི་མི་ཕན་ཚུན་ཁོན་འཛིན་དང་། ཡང་ན་རང་ལས་དཔལ་འབྱོར་དང་ཤེས་རིག་འཇོན་ཐང་གང་ཐད་ནས་ཅུང་ཟད་གོང་དུ་ཤོར་ན་ཁོས་སྲུང་མ་སྡུག་པ་བསྟན་པ་རེད་ཅེས་མ་ཉེས་ཁ་གཡོགས་བྱེད་པའི་སྲོལ་ངན་ཞིག་ཆགས་འདུག མ་ཟད་ཆོས་རྒྱུད་གཅིག་པ་མ་ཡིན་པར་བླ་སྤྲུལ་ཚོས་སྲུང་མ་ཡག་སྡུག་བཟང་ངན་གྱི་འབྲེལ་བ་ཅི་ཡང་མེད་ན་ཡང་བླ་བྲང་། དགོན་པ། ད་དུང་དགེ་བཤེས། སྤྲུལ་སྐུ། མཁས་པ། འགོ་ཁྲིད་དང་། སྡེབས་སིལ་ཁང་། ཟ་ཁང་། ཚོང་ཁང་། མགྲོན་ཁང་། ཨར་ཁང་། ནང་མ་ཁང་། གང་ལྟར་རང་ཉིད་མི་དགའ་བའི་དགྲ་བོ་དག་མ་ཉེས་ཁ་གཡོག་བྱེད་པའི་ལག་ཆ་ཞིག་ཆགས་འདུག་པ་དེས་བོད་མི་རིགས་ནང་ཕན་ཚུན་མི་མཐུན་པའི་ལམ་ཞིག་དུས་དེ་ནས་གཏོད་སོང་།

དོན་དངོས་སུ་བོད་ཀྱི་ལྷ་འདྲེ་མང་ཆེ་བ་ནི་གཞན་ཡུལ་ནས་གྱར་བའི་བདུད་སྲིན་རྐྱང་རྐྱང་ཡིན་པས་ན། བོད་མི་རིགས་འདི་རིག་གནས། ཆོས་ལུགས། བཟོ་རྩལ། ལོ་རྒྱུས་སོགས་གཞན་ལུགས་ཞིག་ལ་ཚད་མར་འཛིན་རྒྱུ་དང་། ལུང་འདྲེན་རྒྱུ་བཅས་གང་ཅིའི་ཐད་ནས་གཞན་ལ་མགོ་སྒུར་སྒུར་བྱེད་པའི་སྲོལ་ངན་ཞིག་སྔ་ས་ནས་ཆགས་འདུག་པས་དེ་དག་ལ་བསྒྱུར་བཅོས་དང་། ལྷ་འདྲེ་ལ་བློ་གཏད་པའི་ནོར་འཁྲུལ་དག་རྒྱང་རིང་དུ་འདོར་ནས། རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་སྔོན་ཐོན་གྱི་ཤེས་རིག་དང་ལྷག་པར་དུ་དཔལ་འབྱོར་གྱི་འཕེལ་རྒྱས་ལམ་ལ་མདུན་སྐྱོད་བྱེད་རྒྱུའི་འབོད་བསྐུལ་ཡང་ནས་ཡང་དུ་ཞུ་བཞིན་ཡོད།

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།