《གནའ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་》དང་ལོ་རྒྱུས་རྣམ་བཤད། (2)

460

རྩོམ་པ་པོ།   གནམ་ལྷུན།   

 

དང་པོ།  འཁྲུངས་གཤེགས་ཀྱི་ལོ་ཚིགས་སྐོར་གྱི་དགག་གཞག

 

སྐབས་འདིར་《གནའ་རབས་སྲིད་དོན་ལོ་རྒྱུས་》ལས་“ཡོངས་གྲགས་གཉའ་ཁྲི་བཙན་པོ་བྱོན་ནས་ལོ་གཉིས་སྟོང་ལྷག་ལས་མ་སོང་བའི་དབང་དུ་བྱས་ཏེ་གྲི་གུམ་བཙན་པོའི་འཁྲུངས་གཤེགས་ཀྱི་ལོ་ཚིགས་འགོད་པར།  ལི་ཡུལ་ནས་རྙེད་པའི་བོད་ཀྱི་སྐོར་རྒྱལ་རབས་ཤིག་དྲིལ་ལས།  ཁྲི་སྤེ་བཙན་པོ།  འདི་ཡན་ཆད་འདྲ་སྟེ།  སྲས་ཆིབས་ཁ་ཐུབ་ཙམ་ནས་ཡབ་དགུང་དུ་གཤེགས།  ཞེས་པ་ལྟར་ན་ཁྲི་བདུན་གྱི་རིང་ལ་ལོ་གྲངས་ མང་པོ་ཞིག་མ་སོང་བར་ངེས།  དེས་ན་གྲི་གུམ་བཙན་པོ་འདི་ཉིད་ཕྱི་ལོ་བརྒྱ་ཕྲག་དང་པོའི་ནང་སྐུ་འཁྲུགས་པ་དང་།  གཤེགས་པར་སེམས་ཤིང་། …གྲི་གུམ་བཙན་པོའི་དུས་ནི་སྤྱི་ལོ་ཚུགས་པའི་བརྒྱ་ཕྲག་དང་པོའི་ལོ་ལྔ་པ་དང་བརྒྱ་ཕྲག་དང་པོའི་ལོ་དྲུག་ཅུ་རེ་ལྔ་གང་རུང་ཞིག་ཏུ་སྐུ་འཁྲུངས་ནས།  རང་ལོ་སོ་དྲུག་པ་ལྕགས་ཕོ་བྱི་བའི་ལོར་གཤེགས་ཚུལ་གསལ་བར་དཔག་ན་ཤིང་མོ་གླང་ལ་འཁྲུངས།  ལྕགས་ཕོ་བྱི་བའི་ལོ་ལ་གཤེགས།  ས་མོ་ཕག་ལ་བོན་བསྟན་བསྣུབས་པར་ངེས་”ཞེས།  གནམ་གྱི་ཁྲི་བདུན་སྲས་རྣམས་ཆིབས་ཁ་ཐུབ་ཙམ་ནས་སྐུ་གཤེགས་པ་རྒྱུ་མཚན་དུ་བྱས་ནས།  གྲི་གུམ་བཙན་པོའི་འཁྲུངས་འདས་ཀྱི་དུས་ནི་སྤྱི་ལོ་ཚུགས་པའི་བརྒྱ་ཕྲག་དང་པོའི་ལོ་ལྔ་པ་དང་བརྒྱ་ཕྲག་དང་པོའི་ལོ་དྲུག་ཅུ་རེ་ལྔ་གང་རུང་ཞིག་ཏུ་སྐུ་འཁྲུངས་ནས།  རང་ལོ་སོ་དྲུག་པ་ལྕགས་ཕོ་བྱི་བའི་ལོར་གཤེགས་ཚུལ་སེམས་པ་ནི་ཤིན་ཏུ་མཚར་ཆེ་སྟེ།  ཡོངས་གྲགས་སུ་གཉའ་ཁྲི་བཙན་པོ་བྱོན་ནས་ལོ་གཉིས་སྟོང་ལྷག་ལས་མ་སོང་བའི་དབང་དུ་བྱས་ན་སྤུར་རྒྱལ་དབུ་བརྙེས་པའི་དུས་ནི་་སྤྱི་ལོ་སྔོན་གྱི་ལོ་127པར་ཚུགས་པའི་ལུགས་སུ་སོང་བ་ཡིན་ལ།  གྲི་གུམ་བཙན་པོ་སྤྱི་ལོ་ཚུགས་རྗེས་ཀྱི་བརྒྱ་སྐོར་དང་པོའི་ལོ་ལྔ་པར་བྱོན་པར་བྱས་ན།  མི་ལོ་བརྒྱ་དང་སུམ་ཅུ་རྩ་གཅིག་གི་རིང་གི་ལ་རྒྱལ་རབས་བརྒྱད་འགྲོ་དགོས་ཤིང་།  དེ་ལྟར་གོང་བསྒྲིགས་ན་རྒྱལ་པོ་རེ་ལ་མ་མཐའ་ཡང་ལོ་བཅོ་བརྒྱད་ལས་མི་ཐེམས་པས།  རྒྱལ་རབས་རིམ་བྱོན་ལ་སྲས་རིམ་པར་འབྱོན་ལོངས་ཡོད་མེད་ཀྱི་དོགས་གཞི་འབྱུང་ལ།  སྤྱི་ལོ་ཚུགས་རྗེས་ཀྱི་བརྒྱ་སྐོར་དང་པོའི་ལོ་དྲུག་ཅུ་རེ་ལྔ་ལ་གྲི་གུམ་བཙན་པོ་འཁྲུངས་པར་བྱས་ཀྱང་སྲས་རྣམས་རིམ་པ་ལྟར་འབྱོན་ལོངས་ཡོད་མེད་ཀྱི་ཐེ་ཚོམ་བར་མེད་འབྱུང་བ་ཡིན་པས།  གནམ་གྱི་ཁྲི་བདུན་གྱི་ཐོག་ལ་གྲི་གུམ་བཙན་པོ་བསྣན་པས་རྒྱལ་རབས་བརྒྱད་པོ་ལོ་བརྒྱ་སྐོར་གཅིག་དང་ཕྱེད་ཀྱི་ནང་དུ་བསྡུས་ན་ལོ་གྲངས་ཉུང་དྲངས་པའི་དོགས་པ་དང་དབོན་སྲས་དག་རིམ་པར་འབྱོན་ལོངས་ཡོད་མེད་ཀྱི་ཐེ་ཚོམ་སོགས་མཐའ་ཆོད་པ་ཞིག་ནི་འབྱུང་བ་ལས།   གྲི་གུམ་བཙན་པོ་སྤྱི་ལོ་ཚུགས་རྗེས་ཀྱི་བརྒྱ་སྐོར་དང་པོའི་སྟོད་དུ་འཁྲུངས་པར་སེམས་ག་ལ་ཐུབ།

འདིར་“དགུང་དུ་གཤེགས་”ཞེས་པ་བཀྲོངས་པའམ་ཤི་བའི་དོན་དུ་གོ་འདུག་མོད།  བསམ་བར་བྱ་གཞན་ཡང་ཡོད་དེ།  “དགུང་”ཞེས་པ་ནི་གནམ་གྱི་དོན་ཡིན་ལ།  གནའ་བོའི་དུས་སུ་མི་རྣམས་ཀྱིས་ཤེས་རབ་དང་ནུས་པ།  སྤྱོད་པ་སོགས་གང་ཐད་ནས་ཀྱང་འགྲོ་བ་ལས་འཕགས་པའི་“ལྷ་”ཞིག་ཡོད་པར་རྟོག་བཟོ་བྱས་ཤིང་།  དེ་དང་རྒྱལ་པོ་རྣམས་ཁྱད་ཆོས་འདྲ་བ་རྒྱུ་མཚན་དུ་བྱས་ནས་རྒྱལ་པོ་ལ་ཡང་“ལྷ་”དང་“མྱི་བཙུན་”ཞེས་མིང་སྦྱར་བ་ནི་ཡིག་རྙིང་ལས་མང་དུ་འབྱུང་གི དེ་བས་རྒྱལ་པོ་བཞུགས་གནས་སམ་འཁྲུངས་ཡུལ་ལ་ནི་ལྷ་ཡུལ་དང་གནམ་དགུང་དང་ཞེས་ཞེ་སའི་ཚིག་གིས་བསྙད་པར་ལོ་རྒྱུས་སྨྲ་བ་ཁ་ཅིག་གིས་སྨྲ་བ་བདེན་པར་སྣང་ཞིང་།  དེ་བཞིན་རྒྱལ་པོ་རྣམས་འཁྲུངས་ཡུལ་ནས་ཕེབས་པ་ལ་ལྷ་ཡུལ་ནས་བྱོན་ཞེས་ཀྱང་བྱ་ལ།  འདིར་ལྷ་ཡུལ་ནས་བྱོན་ཞེས་པ་སྐབས་འགར་ཆེན་པོར་བཏེགས་པའི་དོན་དུ་གོ་ཡི།  ལྷ་སྒྲུང་གི་ཚུལ་དུ་ནི་མི་འགྲོའོ། །

“གཤེགས་”ཞེས་པ་ནི་མཐའ་གཅིག་ཏུ་བཀྲོངས་པ་དང་ཤི་བའི་དོན་དུ་གོ་མི་རིགས་ཏེ།   《ཏུན་ཧོང་གཏེར་ཡིག་》ལས་“ཞང་ཞུང་བདག་མཛད་དུ།  བཙན་མོ་སད་མ་ཀར་ལིག་མི་རྒྱ་ལ་ཆབ་སྲིད་ལ་གཤེགས་སོ། ། ”ཞེས་དང་།  ཡང་དེ་ཉིད་ལས་“བཙན་པོ་(མང་སྲོང་མང་བཙན། )ཆབ་སྲིད་དུ་མྱ་ལ་གཤེགས། ”ཞེས་སོགས་འབྱུང་བས།  “གཤེགས་”ཞེས་པ་སོང་བ་དང་བྱིན་པའི་དོན་དུ་ཡང་འཇུག་པ་ཡིན།  དེ་བས་དེང་གི་ལོ་རྒྱུས་སྨྲ་བ་ཁ་ཅིག་གིས་“སྲས་ཆིབས་ཁ་ཐུབ་ཙམ་ན་ཡབ་རྣམས་དགུང་དུ་གཤེགས་”ཞེས་པའི་དོན་ནི་ཡབ་རྣམས་སྐུ་བཀྲོངས་བ་མ་ཡིན་པར་གནམ་མམ་འཁྲུངས་ཡུལ་དུ་ཕྱིར་ལོགས་པའི་དོན་ཡིན་པར་སྨྲ་བ་དེ་ཡང་ལོ་རྒྱུས་ཡིག་ཚང་ལ་བརྟེན་ནས་རྒྱུ་མཚན་ཅན་དུ་སྒྲུབ་ཐུབ་པ་ཞིག་ཏུ་སྣང་མོད།  དེ་ཡང་མཚར་སྣང་ཆེ་བའི་གཏམ་དུ་མི་འགྲོ་བའི་ངེས་པ་མེད།

སྤྱིར་གྲི་གུམ་བཙན་པོའི་འཁྲུངས་འདས་ཀྱི་སྐོར་ལ་བན་བོན་སོགས་སུ་བཤད་པ་མི་འདྲ་བ་མང་དག་ཅིག་མཆིས་མོད།  གཅིག་ནས་རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པའི་ཡར་སྔོན་དུ་བོད་ལ་རྒྱལ་རབས་དང་འབྲེལ་པའི་དོན་བྱའམ་ལོ་ཚུགས་སོགས་ཡིག་ཚང་དུ་འགོད་པའི་སྲོལ་མེད་ཅིང་།   ནང་བསྟན་ཆོས་ལུགས་དེ་ཡང་དུས་རབས་བརྒྱད་པའི་དཀྱིལ་ཙམ་དུ་བོད་བཙན་པོའི་རྒྱལ་རབས་ཀྱི་སྲིད་དང་འབྲེལ་བ་གཞི་ནས་བྱུང་ཡིན་ལ།  ཕྱིས་སུ་ཆོས་འབྱུང་ལོ་རྒྱུས་སོགས་སུ་ཡང་སྔོན་གྱི་རྒྱལ་རབས་ཟུར་ཙམ་རེ་སྨྲ་བ་དག་ཀྱང་སྒྲོ་འདོགས་དང་སྐུར་འདེབས།  ཁུངས་མེད་ལབ་རྡོལ་དུ་སྨྲ་བ་སོགས་ཅི་རིགས་འབྱུང་བས་ཁུངས་བཙུན་པ་མིན།  བོན་གྱི་སྐོར་ནས་《སྲིད་པ་རྒྱུད་ཀྱི་ཁ་བྱང་》དང་《བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན། 》བཅས་གནའ་རབས་ལོ་རྒྱུས་སྨྲ་བ་ལ་ཡིད་བརྟན་རུང་བའི་བསྟན་བཅོས་རེ་གཉིས་ཤིག་ཡོད་ན་ཡང་།  བོན་ལ་ཡང་རྒུད་པ་སྣ་ཚོགས་བྱུང་ནས་དུས་རབས་བརྒྱད་པའི་སྨད་དུ་ཕལ་ཆེར་རྗེས་ཤུལ་ཙམ་ཡང་བརྙེད་དཀའ་བའི་ཚོད་དུ་གྱུར་ཅིང་།  ལྷག་པར་དུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོན་གྱི་གསུང་རབས་དག་མེར་བསྲེག་པ་དང་ཆུ་ལ་སྐུར་བ།  ས་འོག་ཏུ་བཅུགས་པ།  བོན་མཁས་པ་རྣམས་ཀྱིས་བསྟན་བཅོས་རྩོམ་པ་ལ་ཡང་ཁྲིམས་ཀྱིས་ཚད་བཀག་ཆེན་པོ་བྱས་ཚུལ་སོགས་ནི་《སྦ་བཞེད་ཞབས་བཏགས་མ་》གཙོས་པའི་ཆོས་འབྱུང་དག་ལས་རྒྱས་ཙམ་ཞིག་འབྱུང་བས།  དེ་ཡང་གནའ་རབས་ལོ་རྒྱུས་ཀྱི་ལོ་ཚུགས་སོགས་གོང་བསྒྲིགས་པར་བཀོལ་རུང་བའི་བསྟན་བཅོས་ཤིག་ཡིན་པར་བློ་འཁེལ་ཤིན་ཏུ་དཀའ།  སྲོང་བཙན་ཡར་སྔོན་གྱི་ལོ་ཚུགས་སོགས་ལྟ་ཅི།  ཐ་ན་བོད་ཡིག་དུས་རབས་ནམ་ཞིག་ལ་གསར་དུ་བྱུང་བ་དང་།  སྲོང་བཙན་གྱི་འཁྲུངས་གཤེགས་ཀྱི་ལོ་ཚུགས།  དེའི་རྗེས་སུ་རྒྱལ་རབས་དུ་བྱོན་པ་དང་།  འུ་དམ་བརྟན་ལ་སྲས་ཅི་འབྱུང་གི་སྐོར་སོགས་ཀྱང་ལོ་རྒྱུས་ཀྱི་རྩོད་གཞིར་གྱུར་ནས།  སུས་ཀྱང་མཐའ་གཅིག་ཏུ་ཁ་ཚོད་གཅོད་མི་ཐུབ་པར་ལུས་ཡོད།  དེ་བས་བོད་ལ་ཡང་འཛམ་གླིང་གི་རྒྱལ་ཁབ་གཞན་དག་དང་འདྲ་བར་ཕྱི་རབས་པ་དག་གིས་ཀློག་པ་ལ་མགོ་འཁྲིགས་མི་དགོས་པའི་རྒྱལ་ཁབ་བམ་མི་རིགས་གང་དེའི་སྤྱིའི་ལོ་རྒྱུས་སྨྲ་བར་ནུས་པའི་ལོ་རྒྱུས་བརྩམས་ཆོས་ཏེ།  གནའ་རབས་ནས་དེང་རབས་ལ་ཐུག་གི་བར་གྱི་ལོ་ཚུགས་དང་རྒྱལ་བློན་གྱི་མིང་སོགས་དཀྱུས་གཅིག་ཏུ་རིམ་པར་བཀོད་པའི་རྒྱལ་རབས་ལོ་རྒྱུས་ཞིབ་ཅིང་རྒྱས་པ་དཔེ་མཛོད་དུ་འཇོག་རུང་བ་ཞིག་མེད་པ་ནི་འགྱོད་དགོས་པ་ཞིག་རེད་ལ།  དེ་ལྟ་བུ་ཞིག་གསར་དུ་རྩོམ་དགོས་ན་སུས་ཀྱང་མི་ནུས་པའི་ཚོད་ཙམ་དུ་གྱུར་བ་ནི་བློ་ཕམ་དགོས་པ་ཞིག་ཀྱང་ཅི་ལ་མིན་ཨང་།

གཉིས་པ།  མཚན་ཇི་ལྟར་བཏགས་ཚུལ་སྐོར་གྱི་དགག་གཞག

 

《གནའ་རབས་སྲིད་དོན་ལོ་རྒྱུས་》ལས་“གྲི་ཡིས་འགུམ་པར་འགྱུར་བས་གྲི་གུམ་ཞེས་མ་འོངས་ལུང་བསྟན་གྱི་ཚུལ་མིང་བཏགས་པའི་ལོ་རྒྱུས་འདི་རྒྱལ་རབས་རྙིང་བ་ཕལ་ཆེ་བའི་ནང་དཔེ་བཤུས་ཀྱི་ཚུལ་དུ་ཡོད་པ་མདོར་བསྡུ་ན། བཙན་པོ་འདི་ཉིད་འཁྲུངས་པའི་སྐབས་སུ།  མའི་མའམ་ཨ་ཕྱི་བདག་ལྷ་དཀར་མོའམ།  ཡང་ན་མ་མགྲོ་ཞྭ་མ་སྐྱེ་བརླངས་མ།  ཟེར་བར་མཚན་ཇི་ལྟར་འདོགས་ཞེས་དྲིས་པའི་ཚེ་ཨ་ཕྱིས་སྨྲས་པ།

༡   ཀྱེ་བྲག་དམར་ཉིལ་ལམ་མ་ཉིལ།

༢  དྭངས་མ་འབྲི་སྤང་མེས་འཚིག་གམ་མ་འཚིག

༣  མཚོ་དམ་ལི་དབལ་མཚོ་སྐམ་མམ་མ་སྐམ།

ཞེས་དྲིས་པའི་ཚེ་མ་ཉིལ་སོགས་སྨྲས་ཀྱང་ཨ་ཕྱི་རྒས་དྲགས་པའི་དབང་གིས་མ་ཉིལ་སོགས་སྨྲས་པ་ལོག་གོ་ནས།  ཆུར་དགུམ།  གྲིར་དགུམ་ཞེས་བརྗོད་པས་གྲི་གུམ་བཙན་པོར་མཚན་བཏགས། …སྔ་དུས་ཀྱི་མིང་མང་བ་ཞིག་ལ་སྒྲ་དོན་བཤད་རྒྱུ་ཕལ་ཆེར་ལ་མེད་པ་ལྟ་བུ་ཞིག་ཏུ་སྣང་།  …ཕྱིས་སུ་མཛད་རྗེས་ལས་དྲངས་པའི་མཚན་རེ་ཡང་བཏགས་སྲོལ་ཡོད།  གྲི་གུམ།  དྲི་གུམ།  དྲི་རུམ།  ཁྲི་རྒུབ་སོགས་སྣ་ཚོགས་བྲིས་ཡོད། ”ཅེས་སོ། །  གོང་གི་གཏམ་རྒྱུད་དེ་ཡང་ཏུན་ཧོང་གཏེར་ཡིག་ཏུ་ཡང་གསལ་བར་མ་ཟད།  ཆོས་འབྱུང་ཕལ་མོ་ཆེར་ཡང་དེ་ཉིད་སྒྲ་ཇི་བཞིན་དུ་བྲིས་ཡོད་ཀྱང་།  བོན་གྱི་བསྟན་འབྱུང་སོགས་ལས་བཤད་ཚུལ་གཞན་འབྱུང་བ་དང་།  ཏུན་ཧོང་གཏེར་ཡིག་ལས་“དྲི་གུམ་”ཞེས་དང་།  ཡིག་རྙིང་འགའ་ཞིག་ལས་“དྲི་རུམ་”ཞེས་འབྱུང་བས།  མཚན་བཏགས་ཚུལ་ཙམ་ལ་བརྟེན་ནས་ལོ་རྒྱུས་ལ་འགྲེལ་བཤད་བྱེད་པ་ནི་ཅུང་ཙམ་དཀའ་ཚོད་རེད།  ཨ་ཕྱི་བདག་ལྷ་དཀར་མོ་ཞེས་པ་བོན་གྱི་བསྟན་འབྱུང་སོགས་ལས་སྲིད་པ་འགྲོལ་ཚུལ་གྱི་སྐབས་སུ་འབྱུང་བའི་སྣང་བ་ཞིག་སྐྱེ་མོད་གསལ་བོར་མ་ཤེས།   དཔྱད་གཞིའི་དེབ་ཐེར་འདིར་མ་མགྲོ་ཞྭ་མ་སྐྱེ་བརླངས་མ་ཞེས་པའི་མིང་འདི་ཏུན་ཧོང་གཏེར་ཡིག་ལས་བྱུང་བར་མཆན་བཏབས་འདུག་ཀྱང་།  གཏེར་ཡིག་ལས་མ་མ་གྲོ་ཞལ་སྐྱི་བརླིང་མ་ཞེས་བྲིས་པ་ལས་མ་མགྲོ་ཞྭ་མ་སྐྱེ་བརླངས་མ་ཞེས་བྲིས་མི་འདུག་པས།  འབྲི་ནོར་ཤོར་བའམ་གོ་ཐོས་ལྟར་བྲིས་གང་རུང་དུ་སྣང་གི་སྔ་དུས་ཀྱི་མིང་མང་ཆེ་བར་སྒྲ་དོན་བཤད་དུ་མེད་པར་བཤད་པ་དེ་ཡང་མ་བརྟག་པར་སྣང་སྟེ།  སྐབས་འདིའི་མིང་ནི་ས་མིང་ཆུ་མིང་ལ་མི་གོ་བར་རྒྱལ་བློན་གྱི་མིང་ལ་གོ་བ་ཚིག་སྒྲོས་ལས་ཤེས།  ལོ་རྒྱུས་ཡོངས་གྲགས་སུ་གཉའ་ཁྲི་བཙན་པོ་དང་།  གྲི་གུམ་བཙན་པོ།  སྤུ་ལྡེ་གུང་རྒྱལ།  སྟག་རི་གཉན་གཟིགས།  གནམ་རི་སློན་བཙན།  སྲོང་བཙན་སྒམ་པོ།  སད་ན་ལེགས་བཅས་ཀྱི་མཚན་བཏགས་མིང་དུ་བཟུང་ནས་རེ་རེ་བཞིན་སྒྲ་བཤད་རེ་བྱས་ཤིང་།  བཙན་པོ་དེ་དག་གི་མིང་ལ་སྒྲ་བཤད་ཡོད་ན་གཞན་དག་གི་མཚན་ལ་ཡང་སྒྲ་བཤད་རེ་ཡོད་ངེས་ཤིང་།  གཞན་ཡང་ལོ་རྒྱུས་སྨྲ་བ་ནམ་མཁའི་ནོར་བུས་《ཞང་བོད་ལོ་རྒྱུས་ཏེ་སིའི་འོད་》དུ་ཁྲི་ཞེས་པ་ལྷའི་དོན་དང་།  སྲོང་ཞེས་པ་དྲང་པོ་དང་མཛངས་པའི་དོན།  བཙན་ཞེས་པ་རྣོན་པོ་དང་རྒྱལ་པོའི་དོན།  ལྡེ་ཞེས་པ་ཤེས་པ་དང་མཁྱེན་པའི་དོན་དུ་འགྲེལ་ནས་སྲོང་བཙན་ནས་འུ་དམ་བརྟན་བར་དུ་རྒྱལ་རབས་རིམ་པའི་མཚན་ལ་གོ་དོན་བཞག་ནས་སྒྲ་དོན་འགྲེལ་བ་དེ་དག་ཀྱང་མི་བདེན་པའི་རྒྱུ་མཚན་འདྲེན་རྒྱུ་མེད་པས་སོ། །

སྔོན་གྱི་ཆོས་འབྱུང་མང་ཆེ་བ་མདོ་ལུང་དང་ལུང་བསྟན།  《མ་ཎི་བཀའ་འབུམ། 》 《རྒྱལ་བོའི་བཀའ་ཐེམས་》སོགས་ལ་ཁུངས་བཅོལ་ནས་བྲིས་པ་ཡིན་ཞིང་།  དེ་དག་ལས་དེབ་དམར་དང་དེབ་སྔོན་གཉིས་སུ་རྒྱའི་ལོ་རྒྱུས་སུ་བྱུང་བའི་བོད་ཀྱི་ལོ་རྒྱུས་དུམ་ཞིག་དྲངས་པ་ལས།  གཞན་དག་ནི་ཐང་ཡིག་དང་ཏུན་ཧོང་ཡིག་རྙིང་བཅས་ལ་རྒྱུས་མངའ་མེད་པས།  གང་བྲིས་པ་དག་གོ་ཐོས་ཙམ་དང་གཅིག་རྗེས་གཉིས་མཐུད་ཀྱི་ཚུལ་དུ་བྲིས་པ་ཤ་སྟག་ཏུ་ངེས།  དེ་བས་ཆོས་འབྱུང་དེ་དག་ཏུ་བཙན་པོ་རྣམས་ཀྱི་མཚན་འདྲེན་པའི་ཚེ་དྲི་གུམ་ལ་གྲི་གུམ་དང་དྲི་རུམ།  ཁྲི་རྒུབ།  གནམ་རི་སློན་བརྩན་ལ་གནམ་རི་སྲོང་བཙན།  ཁྲི་སྲོང་རྩན་ལ་སྲོང་བཙན་ཞེས་སོགས་མཚན་ལ་འབྲི་ནོར་བྱུང་བ་དང་།  བཙན་པོ་གོང་འོག་གི་མིང་ཡང་གཅིག་ཤོས་གཅིག་ལ་བཏགས་པ་སོགས་བྱུང་རྒྱལ་ལམ་གང་འདོད་འདོད་ལྟར་བྲིས་པ་དེ་དག་ཀྱང་གོ་ཚོད་ཐོས་ཚོད་ཀྱི་སྒྲ་སྤྱི་ཙམ་གྱི་རྗེས་སུ་འབྲེང་བ་ཡིན་གྱི།  བཙན་པོ་དེ་དག་གི་མཛད་རྗེས་ལས་དྲངས་པའི་མཚན་རེ་བཏགས་སྲོལ་ཡོད་པ་དག་ཡིག་ཐོག་ཏུ་ཐོན་པ་ནི་མ་ཡིན།

གསུམ་པ།  ཡུམ་སྲས་དང་བློན་པོ་ཇི་བྱུང་སྐོར་གྱི་དགག་གཞག

 

《གནའ་རབས་སྲིད་དོན་ལོ་རྒྱུས་》ལས་“གྲི་གུམ་བཙན་པོའི་བཙུན་མོ།  ཀླུ་སྟེང་མེར་ལྕམ་མམ་དཔལ་བཟང་ཁྲི་བཙན་དེ་ལ་སྲས་མོ་ཞིག་དང་།  སྲས་ཤ་ཁྲི།  བྱ་ཁྲི།  ཉ་ཁྲི་བཞི་ཡོད་པར་བཤད་ནའང་།  ཏུན་ཧོང་བོད་ཀྱི་རྒྱལ་རབས་ཤོག་དྲིལ་དང་བོན་གྱི་ལོ་རྒྱུས་རྣམས་སུ་གསུམ་ལས་མི་གསལ་བ།  ལྷ་རི་གྱང་མཐོའི་འགྲམ་གྱི་རྡོ་རིང་དུ།  གྲི་གུམ་བཙན་པོའི་སྲས་གཅུང་བྱ་ཁྲི་ནི་ལྷ་བཙན་པོ།  གཅེན་ཤ་ཁྲི་ནི་ཀོང་ཡུལ་དུ་བཞུགས། …སྲས་མོ་གཅིག  སྲས་ཧ་ཁྲི་དང་།  སྤུ་ལྡེའམ།  ཤ་ཁྲི་དང་།  ཉ་ཁྲི་ཞེས་ཀྱང་གསལ།  ”ཞེས་ལུགས་མི་འདྲ་བ་གཉིས་དྲངས་ནས་གང་དག་པར་སྨྲ་བ་མེད་ཅིང་།  དེ་གཉིས་ཀྱང་སྲས་གཉིས་ལས་མེད་པ་ཞལ་མཐུན་ནའང་མཚན་འདྲེན་ཚུལ་མི་འདྲ་སྟེ།  ཏུན་ཧོང་དུ་སྲས་ཤ་ཁྱི་དང་ཉ་ཁྱི་ཞེས་བྱུང་ལ།  ལྷ་རིའི་རྡོ་རིང་ལས་གཅུང་བྱ་ཁྲི་དང་གཅེན་ཤ་ཁྲི་ཞེས་འབྱུང་ངོ་། །  འདིར་ལྷ་རིའི་རྡོ་རིང་ཞེས་ཀོང་པོའི་རྡོ་བརྐོས་གཙིགས་ཡིག་ལ་ཟེར་ཡིན་ཚོད་དུ་སྣང་ཡང་།  དེ་ལ་རྡོ་རིང་ཞེས་པའི་མིང་ནི་འདོགས་མི་རིགས།

བོན་གྱི་ལོ་རྒྱུས་རྣམས་སུ་གསུམ་ལས་མི་གསལ་ཞེས་བཤད་པར་མི་བདེན་ཏེ།  བོན་གྱི་《བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་》ལས་“སྲས་སྤུ་ལྡེ་དང་ཉ་ཁྲི་གཉིས་དགས་ཀོང་གཉིས་སུ་སྤྱུགས་”ཞེས་འབྱུང་བ་ལས།  གཞན་བོན་གྱི་ལོ་རྒྱུས་མང་དག་ཅིག་ཏུ་སྲས་ཤ་ཁྲི་དང་།  བྱ་ཁྲི།  ཉ་ཁྲི་གསུམ་ཡོད་པ་ཀོང་པོའི་ཕྱོགས་སུ་བྲོས་ཞེས་ཡོངས་སུ་གྲགས་ཤིིང་།  སྲས་དེ་དག་གི་སྟེང་དུ་སྲས་མོ་གཅིག་བསྣན་པས་བཞི་རུ་འགྱུར་བ་མ་ཡིན་ནམ།  “ཧ་ཁྲི་”ཞེས་པ་ཡང་མཚན་ངོས་ཡིན་མིན་དོགས་པ་ཡོང་སྟེ།  བོན་གྱི་ལོ་རྒྱུས་འགའ་ཞིག་ཏུ་“ཧ་རི་”ཞེས་འབྱུང་བས་སོ། །

《གནའ་རབས་སྲིད་དོན་ལོ་རྒྱུས་》ལས“བཙན་པོ་འདི་ཉིད་ཀྱི་སྐུ་ཚེའི་སྟོད་ལ་བོན་ཆོས་གནང་སྐབས་ཀྱི་བླ་མཆོད་དམ་གཤེན་པོ།  སྐུ་གཤེན་ཕ་བ་ཚེ་གཅོག་གཉིས།  ལྷ་དབོན་བཅའོ་སྨིན་དཀར།  ལྷ་དབོན་སྒོ་བཞི།  གྱིན་བུ་ལན་ཚེ།  གེ་སྒོད་ཐིས་ཕན།  འཆི་མི་གླུད་གཏོང་།  ཁྱུང་ཡར་བླ་ཆེན།  བླ་མ་འོད་ཟེར་ཀུལ་གསལ།  སྐུ་ཚེའི་སྨད་ལ་རྒྱ་གར་གྱི་པཎྡིཏ་རཏྣ་སིདྡྷི་ཞབས་ལ་གཏུགས་”ཞེས་འབྱུང་།  བོད་ཀྱི་རྒྱལ་རབས་རིམ་བྱོན་ལས་རྒྱལ་པོ་རེ་ལ་སྐུ་གཤེན་གཅིག་གམ་གཉིས་ལས་བསྒྲེངས་པ་མེད་པས།  བོན་གྱི་ལོ་རྒྱུས་སུ་གྲི་གུམ་བཙན་པོའི་སྐུ་གཤེན་གྱི་མཚན་ལ་“ཅོ་བུ་འཚམས་དཀར་”ཞེས་སྦྱར་ཅིང་།  རྒྱལ་རབས་གཞན་ལས་“ཅོའུ་ལན་ཚ་”ཞེས་འབྱུང་གི 《དེབ་དམར་》དང་《དེབ་སྔོན་》སོགས་ཆོས་འབྱུང་དག་ཏུ་ནི་གནམ་གྱི་ཁྲི་བདུན་ནས་ལྷ་ཐོ་ཐོ་རི་གཉན་བཙན་གྱི་བར་དུ་རྒྱལ་པོ་རྣམས་མཚན་གྱི་གྲངས་བསྒྲེངས་པ་ཙམ་དུ་ཟད་ལ།  འདིར་“ཅོ་བུ་འཚམས་དཀར་”དང་“ཅོའུ་ལན་ཚ་”གཉིས་ལས་ཕྱི་མ་ལ་“དཀར་”ཞེས་པ་ཆད་པ་ཙམ་ལས་དེ་གཉིས་སྒྲ་ཤིན་ཏུ་ཉེ་བས་དོན་ལ་མི་གཅིག་གི་མིང་དུ་འགྲེལ་འགྲོ་ཐུབ་པ་ཡིན་པས།  དོན་དངོས་སུ་གྲི་གུམ་བཙན་པོའི་སྐུ་གཤེན་གྱི་མཚན་ལ་ཅོ་བུ་འཚམས་དཀར་རམ་ཅོའུ་ལན་ཚ་ཟེར་བ་ལས་ཕ་བ་ཚེ་གཅོག་མི་ཟེར་བས་སྐྱོན་དུ་མཐོང་།

“ལྷ་དབོན་སྒོ་བཞི་”ཞེས་པ་ཡང་བླ་མཆོད་དང་སྐུ་གཤེན་གང་རུང་གི་མཚན་མ་ཡིན་པར་རྒྱུའི་བོན་གྱི་མིང་ཡིན།  དེ་ཡང་ཐོག་མར་བོན་འབྱུང་ལས་བྱུང་བ་ཡིན་ཞིང་།  དེ་ལ་ལྷ་དབོན་སྒོ་བཞི་ཞེས་པའི་“དབོན་”གྱི་སྔོན་འཇུག་“ད་”ནི་ནོར་བས།  དོན་ལ་ལྷ་དབོན་སྒོ་བཞི་མི་ཟེར་བར་“ལྷ་བོན་སྒོ་བཞི་”ཞེས་བརྗོད་པ་ཡིན།  དེ་ཡང་《ལེགས་བཤད་རིན་པོ་ཆེའི་མཛོད་》ལས་“གྱིམ་བུ་ལན་ཚའིི་ཞལ་ནས།  ལྷའི་བོན་སྒོ་བཞི་དར་ན་གསས་མཁར་གྱི་སྲོག་ཟིན་པས་བདག་ཀྱང་བསྡད་པ་ལེགས།  ལྷའི་བོན་ཡང་མ་ནུབ་མ་དགའ་ཟེར་ནས་འགྲོ་མ་འདོད་པ་ལ་བོན་སྒོ་ཕྱེད་དང་གཉིས་བྱིན་པ་ནི་རྒྱུ་བོན་ཟང་མའོ། ། ”ཞེས་ལྷ་བོན་སྒོ་བཞི་ཞེས་པ་བོན་ཆོས་ཀྱི་བྱེ་བྲག་པ་ཞིག་ལ་གོ་ཡི་ཡོད་པ་གསལ་བོར་མཐོང་།

“འཆི་མི་གླུད་གཏོང་”ཞེས་པ་ཡང་ཚིག་འགྲོས་ལ་བལྟས་ན་མི་ཞིག་གི་མིང་དུ་མི་སྣང་བར་བྱ་ཚིག་ཅིག་ཏུ་མཐོང་སྟེ།  དེའི་དོན་འགྲེལ་ན་འཆི་བའི་མི་ལ་གླུད་གཏོང་བ་ཞེས་པར་འདུག་ཅིང་།  བཙན་པོའི་སྐབས་སུ་གླུང་གཏོང་གི་རིག་གནས་དར་ཁྱབ་ཆེ་ཞིང་།  སྐབས་དེའི་ཡི་གེའི་འབྲི་ཚུལ་ཡང་ཧ་ཅང་ཚིག་བསྡུས་པ་དོན་ཆེ་བ་ཞིག་ཡིན་པས།  འཆི་མི་གླུད་གཏོང་ཞེས་པ་ནི་འཆི་བའི་མི་ལ་གླུང་གཏོང་མཁན་དག་གི་སྤྱི་མིང་ངམ་གླུད་གཏོང་གི་བྱ་བ་གང་རུང་ལ་ནི་འཇུག་པར་ངེས།  གཞན་དུ་བོན་གྱི་བསྟན་འབྱུང་འགར་གྲི་གུམ་བཙན་པོ་ལ་ཚེ་མི་གཡུང་དྲུང་བྱ་བའི་སྐུ་གཤེན་ཞིག་ཡོད་པར་གསུངས་ཤིང་།  འདིར་འཆི་མི་གླུད་གཏོང་ཞེས་པ་ཚེ་མི་གཡུང་དྲུང་ལ་ནོར་བ་ཨེ་ཡིན་ནམ་སྙམ།  པཎྡིཏ་རཏྣ་སིདྡྷི་སྐོར་འོག་ཏུ་འབྱུང་།

《གནའ་རབས་སྲིད་དོན་ལོ་རྒྱུས་》ལས་“གྲི་གུམ་བཙན་པོས་དགུང་ལོ་སོ་གསུམ་བཞེས་པ་མེ་བྱ་ལོ་ཕྱི་ལོ་བརྒྱ་ཕྲག་དང་པོའི་ལོ་སོ་བདུན་པ་ལ་བོན་གྱི་ཟབ་གཏེར་སུམ་བརྒྱ་དྲུག་ཅུ་གཏེར་དུ་སྦས།  དེའི་ཡས་མས་སུ་རྒྱ་གར་ནས་སྤྲང་པོ་རཏྣ་སི་དྡྷི་ཟེར་བ་བོད་དུ་ཕེབས་ནས་བོན་གྱི་རྣམས་ཀྱི་མཐོང་ཚུལ་ལྟར་རྒྱལ་གཤེན་དབར་སྙན་ཕྲ་གསོལ་ཚུལ།  བོན་གཤེན་རྣམས་ཀྱི་སྲིད་དབང་གི་ཚད་ནི།  གཤེན་ངག་ཚིག་གསུམ་མ་སྨྲས་པར། །  གོང་ནས་རྒྱལ་པོས་བཀའ་མི་གསོལ། །  འོག་ནས་བློན་པོས་གྲོས་མི་འཆའ། །  ཞེས་བློན་པོ་རྣམས་མཐོང་ཚུལ་འདི་ལྟར།  ད་ལྟ་ཡང་བོན་པོ་རྒྱལ་པོ་བས་བཀའ་ཆེ།  བློན་པོ་བས་དབང་བཙན།  རྗེའི་གོང་ན་བཀའ་མཆིད་གླེང་།  ཞེས་གསལ།  རྒྱལ་པོའི་བཀའ་དཔྱད་ནི་འདི་ལྟར།  ངའི་རྒྱལ་སྲིད་དང་ཁྱེད་ཀྱི་བོན་སྲིད་གཉིའ་མངའ་རིས་འདིར་མི་ཤོང་། …མི་མཐུན་པ་ཡོང་དགོས་པའི་རྒྱུ་རྐྱེན་ནི།  རྒྱལ་པོ་མངའ་ཐང་དྲེགས་པ་ཆེ། །  གཤེན་པ་ཡོན་ཏན་མཐུ་ཡི་དྲེགས་པ་ཆེ། །  བློན་པོ་བློ་གྲོས་མཁས་པའི་དྲེགས་པ་ཆེ། །  ཆེ་གསུམ་དུག་ལྔའི་མེ་ཆེན་འབར་བའི་ཁར། །  བློན་པོ་ཆུང་གསུམ་ཕྲ་མའི་ཤིང་བསྣན་ཏེ། །  བསྟན་པའི་ཉི་མ་ཆུ་ལྷའི་ཕང་དུ་བཞུད། །  ཅེས་བོན་གྱི་ཡིག་ཆ་ཁག་ཏུ་གསལ་བ་ལ་དཔྱད་ཚེ།  གྲི་གུམ་བཙན་པོ་སྐུ་ན་གཞོན་པའི་སྐབས་ཕྱི་ལོ་བརྒྱ་ཕྲག་དང་་པོ་འགོ་བཙུགས་ཙམ་ཞིག་ནས་རྒྱ་གར་གྱི་པཎྡིཏ་རཏྣ་སིདྡྷི་རིན་ཆེན་གྲུབ་ཟེར་བ་ཞིག་བོད་དུ་ཕེབས་ཏེ་ལྐོག་ཏུ་རྒྱལ་པོ་ལ་ཆོས་གསུངས་པ་དང་།  རྒྱལ་པོས་ཀྱང་མཆོད་གནས་མཛད་པར་བརྟེན།  རྒྱལ་གཤེན་གཉིས་ཀྱི་དབར་དུ་མཐོང་ཚུལ་ངན་པ་ཞིག་བྱུང་ཐོག བོན་གཤེན་རྣམས་དབང་ཆེ་བས་རྒྱལ་སྲིད་ཀྱི་དབང་ཆ་ཕལ་ཆེར་བོན་གཤེན་ཚོའི་ལག་ཏུ་ཤོར།  བོན་ལ་དགའ་བའི་བློན་པོ་བྲུ་ཤ་ནམ་སྲས་དང་།  ར་སང་ཕོད་རམ་སོགས་འགའ་ཤས་མ་གཏོགས་རྒྱལ་བློན་རྣམས་བཀའ་གྲོས་མཐུན་ཏེ་བོན་རྣམས་མཐར་སྤྱུགས་པས་ཆབ་སྲིད་ཀྱི་དབང་ཆ་ཡོངས་རྫོགས་གནས་སྐབས་ཤིག་རིང་རྒྱལ་བློན་རྣམས་ཀྱི་ཕྱག་ཏུ་བྱུང་།  ”ཞེས་མང་དུ་འབྱུང་ལ།  འདིར་“སུམ་བརྒྱ་དྲུག་ཅུ་”ཞེས་པ་རྣམས་གྲངས་ཀྱི་དོན་ཡིན་པས་གོ་མི་ལོན་པ་མེད་མོད།  “ཟབ་གཏེར་”ཞེས་པའི་དོན་གསལ་བོ་ཞིག་ནི་མི་གོ་ན་ཡང་།  མིང་ཚིག་འདི་གྲི་གུམ་བཙན་པོས་བོན་བསྟན་བསྣུབས་པའི་སྐབས་ལ་འབྱུང་ཞིང་།   ཕལ་ཆེར་རྒྱུའི་བོན་དང་སྐུ་གཤེན་གཉིས་དང་འབྲེལ་བའི་ཆོ་གའམ་གསུང་རབ་ལས་གཞན་པའི་བོན་ལུགས་བསྟན་བཅོས་སོགས་ལ་གོ་དགོས་པར་སྣང་སྟེ།  《ལེགས་བཤད་རིན་པོ་ཆེའི་མཛོད་》ཀྱི་ལུང་ཚིག་《ཞང་བོད་ལོ་རྒྱུས་ཏེ་སིའི་འོད་》དུ་དྲངས་པ་ལས་“རྒྱུའི་བོན་ནི་མ་ནུབ་སྟེ།  དབང་ཆེན་ལས་རྒྱལ་པོའི་ཞལ་ནས་ཡུལ་འདིར་ངའི་རྒྱལ་སྲིད་དང་།  ཁྱོད་ཀྱི་བོན་སྲིད་གཉིས་མི་ཤོང་བས། །  ལྷའི་བོན་སྒོ་བཞི་དང་དེ་བཏོན་གེ་ཁོད་ཐིས་འཕེན་དང་།  གཅོ་གྱིམ་བུ་ལན་ཚ་གཉིས་བདག་གྱི་སྐུ་སྲུང་དུ་བཞག་འཚལ།  ཕྱི་མ་རྣམས་བོད་རུ་བཞི་ལས་འདས་པར་གཤེགས་ཤིག་”ཅེས་པ་དེ་ལས་རྒྱུའི་བོན་དང་སྐུ་གཤེན་གཉིས་མཐར་མ་སྤྱུགས་པར་བསྡད་དུ་བཅུག་པ་རྟོགས་ཐུབ་ཅིང་།  གཞན་ཡང་“ཟབ་གཏེར་”ཞེས་པ་གསུང་རབ་ལ་གོ་དགོས་དོན་འདི་འདྲ་ཡོད་དེ།  བོན་འབྱུང་དང་ཆོས་འབྱུང་མང་པོར་སྲས་མུ་ཁྲི་བཙད་པོས་བསླབ་པའི་དོན་གོ།  བསྒྲུབ་པས་དོན་གྲུབ།  བསྒོམ་པའི་དོན་རྟོགས་ནས།  སྟག་གཟིག་ལ་སོགས་པ་སོགས་པ་འཛམ་གླིང་གི་ལོ་ཙཱས་བསྒྱུར།  ཞང་ཞུང་ནས་མཁས་པ་ཆེན་པོ་གཤེན་ནམ་མཁའ་སྣང་བ་མདོག་ཅན་ལ་སོགས་པ་བརྒྱ་དང་རྩ་བརྒྱད་གདན་དྲངས།  བོད་དུ་བོན་གྱི་འདུ་གནས་ཆེན་པོ་བཞི་བཅུ་རྩ་ལྔ་བཙུགས་སོ། །  ཞེས་དང་།  བོན་གྱི་གསུང་རབ་མདོ་འབུམ་རྒྱུད་མཛོད་སོགས་པོ་ཏི་མང་པོ་བསྒྱུར་ཞེས་སོགས་འབྱུང་ཞིང་།  ཆོས་འབྱུང་འགར་ཡང་དེ་ཉིད་དཔེ་བཤུས་བྱས་ནས་ལོ་རྒྱུས་སུ་དྲངས་པ་དང་།   འདིར་ཡང་“ལོ་ཙཱ་”དང་“བསྒྱུར་”སོགས་ཀྱི་མིང་འབྱུང་བ་དང་།  གཞན་《ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད་》ལས་“བོད་ཀྱི་ཡི་གེ་ཡང་ཁྲི་པེ་བཙན་པོའི་རིང་ལ་བྱུང་བར་འདོད་”ཅེས་ཀྱང་འབྱུང་བས་སོ། །  བོད་དུ་ཡི་གེ་འབྱུང་བའི་དུས་ཀྱི་ཐོག་མ་སྲོང་བཙན་སྒམ་པོའི་རིང་ལ་ཐག་བཅད་ནས།  མུ་ཁྲི་བཙན་པོ་དང་སྤུ་ལྡེ་གུང་རྒྱལ་གཉིས་ཀྱིས་ཞང་ཞུང་ནས་གཤེན་པོ་མང་དུ་གདན་དྲངས་ནས་བོན་མང་པོ་བོད་དུ་བསྒྱུར་ཞེས་པ་ནི་ཆོས་འབྱུང་མཁས་པ་རྣམས་ཀྱིས་ཉམས་མ་བཞག་པའི་ནང་འགལ་ཆེན་པོ་ཞིག་རེད།  སྐབས་དོན་གྱི་བཤད་བྱའི་རྒྱལ་རབས་ལ་ཡང་དེའི་སྐྱོན་ཡོད་པ་ཡིན།  གོང་གི་རྒྱུ་མཚན་དེ་དག་ལ་གཞིག་ན་འདིར་“ཟབ་གཏེར་”ཞེས་པ་ནི་རྒྱུའི་བོན་དང་སྐུ་གཤེན་གཉིས་ལས་འདས་པའི་བོན་གྱི་ཆོ་ག་དང་གསུང་རབ་བསྟན་བཅོས་སོགས་ལ་གོ་དགོས་པར་སྣང་།

རྒྱ་གར་ནས་སྤྲང་པོ་རཏྣ་སིདྡྷི་ཟེར་བོད་དུ་ཕེབས་ཏེ་བོན་རྣམས་ཀྱི་མཐོང་ཚུལ་ལྟར་རྒྱལ་གཤེན་དབར་སྙན་ཕྲ་གསོལ་བ་དང་།  པཎྡིཏ་རཏྣ་སིདྡྷིས་ཀློག་ཏུ་རྒྱལ་པོ་ལ་ཆོས་གསུངས་ནས་རྒྱལ་པོས་ཀྱང་མཆོད་གནས་མཛད་ཅེས་པ་ནི་ཡུལ་དང་མིང་དང་བྱ་བ་སོགས་ནོར་བ་ཡིན་ཏེ།  《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས་“རྒྱ་གར་ཡུལ་དང་སྟག་གཟིག་མཚམས། །  གུ་ར་ཝ་ཏ་ཞེས་བྱའི་ཡུལ་ཁམས་ནས། །  མུ་སྟེགས་བོན་པོ་འ་ཞ་ཞེས་པ་བྱུང་། །  གནམ་ལ་འཕུར་ཞིང་ཁ་ནས་མངོན་ཤེས་སྨྲ། །  ཤིང་ལ་འབྲེང་འདྲ་རྡོ་ལ་གཟུག་འདྲལ། །  རྟག་ཏུ་ཤ་ཆང་གིས་ནི་འདྲེ་མཆོད་བྱེད། །  དེ་ལ་རྒྱལ་པོས་བླ་མཆོད་བཀུར་སྟི་མཛད། །  གཡུ་ཡི་གཡུང་དྲུང་དཔའ་བའི་སྟག་སློག་དང་། །  འགིང་བའི་རལ་ཁས་བསྟོད་ཅིང་མངའ་ཐང་སྦར། །  ཁུ་དང་ནུ་བས་ཅེ་ཞེས་ཨ་ཡང་བོས། །  ”ཞེས་དང་།  《ཆོས་འབྱུང་མེ་ཏོག་སྙིང་བོ་བསྡུད་རྩིའི་བཅུད་》ལས་“ཡུ་འགུར་སྣ་ས་སྣ་བྱ་བ་ན་མུ་སྟེགས་བྲེག་པའི་བོན་པོ་ཝ་ཞ་བྱ་བ་གཅིག་ལ་བོན་བྱུང་སྟེ།  རྫུ་འཕྲུལ་ཆེ་ནས།  གནམ་ལ་ལྷབ་ལྷབ་འཕུར་ཞིང་ཁ་ནས་ཐོལ་ཐོལ་སྨྲ།  ཤིང་ལ་འབྲེང་དུ་འདྲ་ཞིང་རྡོ་ལ་ལྷུ་གཟུགས་བྱེད་པ་དེས།  ཞུགས་བཅད་ཀྱིས་བཙན་ལ་ལས་སུ་མཆོད་དོ། །  དེ་ལ་མངའ་ཐང་བསྟོད་པ་ནི།  གཡུའི་གཡུང་དྲུང་།  དཔའ་བོ་སྟག་སླག འགིང་པའི་རལ་གས་བསྟོད།  ཁུ་དང་བུ་བས་ཆེ་བས།  ཨ་པ་བྱ་བར་བོས། ”ཞེས་འབྱུང་ལ།  རྒྱལ་རབས་དེབ་ཐེར་གཞན་ལས་ཞང་ཞུང་ཕྱོགས་ནས་ཕྱི་རོལ་མུ་སྟེགས་དབང་ཕྱུག་གི་གྲུབ་མཐའི་ལྟ་བ་འཁྱར་ནས་བརྡོལ་བོན་དང་འདྲེས་ཏེ་འཁྱར་བོན་དར་ཁྱབ་ཏུ་སོང་བར་བརྟེན།  རྒྱལ་པོའི་སྐུ་བོན་རྣམས་ཀྱང་རྫུ་འཕྲུལ་ཆེ་ནས་མངའ་ཐང་རྒྱས་ཤིང་།  བཙན་པོའི་སྲིད་ལ་ཚོད་འཛིན་བྱས་ཞེས་སོགས་འབྱུང་བས།  ཡུལ་ནི་རྒྱ་གར་ཡུལ་དང་སྟག་གཟིག་གི་མཚམས་ཞེས་ཡུལ་དེ་གཉིས་ཀྱི་བར་དུ་ངོས་བཟུང་བ་དང་།  དེ་གཉིས་མཚམས་ཀྱི་ས་མིང་ཡང་བྱེ་བྲག་ཏུ་གསལ་བར་བྱས་ནས་“གུ་ར་ཝ་ཏ་”དང་“ཡུ་དགུར་སྣ་ས་སྣ་”ཞེས་དང་།  རྒྱལ་རབས་གཞན་དུ་“ཞང་ཞུང་”ཞེས་གསུངས་པས་གནས་དེ་ནི་གནའ་རབས་ལོ་རྒྱུས་སུ་ཞང་ཞུང་ལ་སྒོ་ཕུག་བར་གསུམ་དུ་བྱས་པ་ལས་ཞང་ཞུང་ཕུག་པའི་གནས་ལ་ངོས་འཛིན་དགོས་པ་འདྲ་སྟེ།  《ཞང་བོད་ལོ་རྒྱུས་ཏེ་སིའི་འོད་》ལས་“ཞང་ཞུང་ཕུག་པའི་ཁོངས་ཀྱི་སྟག་གཟིག་ཅེས་པ་དེ་དང་ཡང་ན་“ནུབ་ཏ་ཟིག་ན་སྡེ་སྣོད་”ཅེས་དེང་དུས་པར་སིག་གམ་ཨི་རན་དུ་གྲགས་པའི་ཡུལ་དེ་ལ་གནའ་དུས་སུ་“ཏ་ཟིག་”ཟེར་བ་དེ་གཉིས་སོ་སོར་ཕྱེས་”ཞེས་མུ་ཁྲི་བཙན་པོ་ནས་གྲི་གུམ་བཙན་པོའི་བར་གྱི་གཤེན་ཆེན་པོ་དག་འབྱུང་བའི་གནས་ནི་ཏ་ཟིག་གམ་ཞང་ཞུང་ཕུག་པའི་གནས་སུ་ངོས་བཟུང་བས།  འདིར་“གུ་ར་ཝ་ཏ་”དང་“ཡུ་དགུར་སྣ་ས་སྣ་”ཞེས་པ་ནི་ཡུལ་དེའི་གནས་བྱེ་བྲག་ཅིག་གི་མིང་ཡིན་པ་གསལ་བོ་ཡིན་པས་རྒྱ་གར་དུ་ངོས་འཛིན་པ་ནི་ནོར་བ་ཡིན།

གྲི་གུམ་བཙན་པོའི་སྐུ་ཚེའི་སྟོད་དུ་ཏ་ཟིག་གམ་ཞང་ཞུང་ཕུག་པ་ནས་བོད་དུ་ཕེབས་པའི་མཁས་པ་དེའི་མཚན་ལ་ནི་ལྷོ་བྲག་ཆོས་འབྱུང་ལས་“འ་ཞ་”ཞེས་འབྱུང་ལ།  ཉང་རལ་ཆོས་འབྱུང་ལས་“ཝ་ཞ་”ཞེས་ཡིག་ཐོབ་ཀྱི་དབང་དུ་བྱས་ན་མཚན་མི་འདྲ་བ་གཉིས་འབྱུང་མོད།  དོན་དུ་མཚན་དེ་གཉིས་ཀྱི་ཐོག་མའི་“འ་”དང་“ཝ་”གཉིས་མི་འདྲ་བ་ཙམ་ལས་རྗེས་སུ་“ཞ་”ཐོན་པ་གཅིག་མཚུངས་ཡིན་ཞིང་།  “འ་”དང་“ཝ་”གཉིས་ཀྱི་རྗེས་སུ་“ཞ་”མཐུད་ནས་མཉམ་དུ་བཀླགས་ན་སྒྲ་གཉིས་ཤིན་ཏུ་ཉེ་བས་དེ་གཉིས་མི་གཅིག་གི་མིང་ལ་མཚན་བཏགས་ནོར་ཐེབས་པ་ཙམ་དུ་སྣང་།  ལོ་རྒྱུས་དེབ་ཐེར་གཞན་དུ་འ་ཞ་ཞེས་བཀོལ་བ་གཙོ་ཆེ་བས་མཚན་དངོས་ནི་ཕལ་ཆེར་ཝ་ཞ་མི་ཟེར་བར་འ་ཞ་ཞེས་འབོད་པར་སྙམ།  འདིར་ཆོས་འབྱུང་དང་རྒྱལ་རབས་སོགས་སུ་གྲི་གུམ་བཙན་པོའི་བྱུང་བ་འཁོད་པ་དག་ཞིབ་པར་བརྟག་ནས་ལོ་རྒྱུས་ངོས་ལ་གཞིག་ན།  གྲི་གུམ་བཙན་པོའི་སྐུ་ཚེ་སྟོད་དུ་མཚན་ལ་འ་ཞ་ཞེས་འབོད་པའི་འཁྱར་བོན་གྱི་སྲོལ་འབྱེད་པ་ཞིག་འབྱོན་བའི་ལོ་རྒྱུས་ཤིག་ཡོད་ཀྱི།  སྤྲང་པོ་རཏྣ་སིདྡྷི་ཟེར་བ་ཞིག་བོད་དུ་བྱོན་ནས་རྒྱལ་པོ་ལ་ཆོས་གསུངས་པའི་བཤད་ཚུལ་ཞིག་ནི་གང་དུ་ཡང་མི་སྣང་བས་དག་པར་མ་མཐོང་། ཡུལ་ཏ་ཟིག་གམ་ཞང་ཞུང་ཕུག་པ་ནས་བོད་དུ་ཕེབས་པའི་མཚན་ལ་འ་ཞ་ཞེས་པའི་མུ་སྟེགས་དབང་ཕྱུག་པའི་ལྟ་བ་དང་བོན་བསྲེས་ནས་རྫུ་འཕྲུལ་སྣ་ཚོགས་སྟོན་པས།  རྒྱལ་པོས་ཀྱང་བཀུར་སྟི་དང་དབང་ཐང་གནང་ནས་བློན་པོ་དག་ལས་ཀྱང་ཆེས་ཆེར་བསྟོད་པ་བྱས་པས།  བློན་པོ་དག་སེམས་མ་དགའ་ནས་རྒྱལ་གཤེན་བར་འགལ་བ་བྱུང་ཚུལ་སོགས་ནི་ཆོས་འབྱུང་དག་ཏུ་གཅིག་མཚུངས་སུ་གསུངས་ཤིང་།  འདིའི་སྐོར་འོག་ཏུ་ཡང་འབྱུང་།

འདི་དག་ནི་གྲི་གུམ་བཙན་པོའི་སྐུ་ཚེའི་སྟོད་ཀྱི་བྱུང་བ་ཡིན་ཞིང་།  དེའི་སྐབས་སུ་རྒྱལ་པོས་བཙན་པོ་གོང་མ་རྣམས་ཇི་བཞིན་གཤེན་པོ་དག་ལ་བཀུར་སྟི་མཛད་ནས་གཡུའི་གཡུང་དྲུང་།  དཔའ་བོ་སྟག་སློག་གི་དབང་ཐང་ཚད་མེད་དུ་སྟེར་ཏེ་མཆོད་གནས་ཀྱི་གཙོ་བོར་བཟུང་བས།  ཀུན་གྱིས་གཤེན་པོ་དག་ལ་“ཨ་ཡང་”དང་“ཨ་པ་”ཞེས་འབོད་དགོས་པར་གྱུར།  འདིར་“ཨ་ཡང་”དང་“ཨ་པ་”ཞེས་པའི་དོན་ཅི་ཡིན་གསལ་བོར་མི་རྟོགས་མོད།  ཉང་ཆོས་འབྱུང་དུ་“ཁུ་དང་བུ་བས་ཆེ་བས།  ཨ་པ་བྱ་བར་བོས། ”ཞེས་པའི་ཚིག་འགྲོས་ལ་བརྟག་ན་དེ་ནི་གཤེན་པོ་དེ་དག་རྒྱལ་པོའི་ཁུ་བོ་དང་སྲས་སོགས་ལས་དབང་ཐང་ཆེ་བའི་དོན་དུ་གོ་དགོས་པར་སྣང་།  དེ་ལྟར་རྒྱལ་པོ་དང་གཤེན་པོའི་དབང་ཆ་དོ་མཉམ་དུ་སོང་ནས།  “གཤེན་ངག་ཚིག་གསུམ་མ་བྱུང་བར་།  རྒྱལ་པོས་བཀའ་མི་སྩོལ།  བློན་པོས་གྲོས་མི་འཆའ།  གཤེན་གླུ་དེང་གསུམ་མ་བླངས་པར།  རྒྱལ་བློན་གླུ་བྲོ་མི་རོལ་”བའི་ཚད་དུ་ཕྱིན་པས།  བློན་པོ་ལི་བཙན་བཞེར་སོགས་མ་དགའ་ནས་རྒྱལ་པོར་ཞུས་པ་“དབུའི་ཞྭ་ཆེ་ན་ལུས་པོ་རྔུལ་གྱི་ལྗིད།  ཟས་ཞིམ་པོ་མྱངས་དྲགས་ན་སྐྱུག་བྲོ།  ཤིག་འཁྱམས་རྐང་ལ་ཞུགས་ནས།  སྤྱི་བོའི་གཙུག་རྙོག་…དུས་ད་ལྟ་རྒྱལ་གཤེན་དོ་མཉམ་ཙམ་དུ་གདའ་སྟེ།  དུས་ལན་གཅིག་ཙམ་ན།  སྲས་དབོན་རྣམས་ཀྱི་སྐུ་རིང་ལ།  རྒྱལ་སྲིད་བོན་པོས་འཁྱེར་བར་མཆིའོ་…བོན་ལ་ཆབ་གསོལ་བར་བཀའ་མི་ཕེབས་པས།  གཤེན་པོ་མཐའརུ་སྤྱུགས་པའི་བཀའ་མཆིད་བསྲིང་བར་ཞུ་”ཞེས་ལན་མང་སྙན་དུ་གསོལ་བས།  “རྒྱལ་པོ་ཡང་ཐུགས་འཁྲུགས་ནས་བདེན་སྙམ་པ་བྱུང་སྟེ།  སྐུ་སྲུང་བའི་བོན་ཙམ་ལས་གཤེན་པོ་ཐམས་ཅད་མཐའ་རུ་སྤྱུགས་ནས་བོན་བསྣུབས། ”ཞེས་གཤེན་པོ་དག་དབང་ཐང་ཆེ་དྲགས་པས་བློན་པོ་རྣམས་སེམས་མ་དགའ་བས་བློན་པོ་ལི་བཙན་བཞེར་སོགས་ཀྱིས་རྒྱལ་གཤེན་བར་སྙན་ཕྲ་གསོལ་བ་དང་།  རྒྱུ་རྐྱེན་དེའི་དབང་གིས་རྒྱལ་གཤེན་བར་ལ་འགལ་བ་ཆེན་པོ་བྱུང་ཚུལ་གྱི་ལོ་རྒྱུས་ངོས་ཤིག་འབྱུང་མོད།  བཤད་བྱའི་རྒྱལ་རབས་འདིར་རྒྱ་གར་ནས་སྤྲང་པོ་རཏྣ་སིདྡྷི་ཟེར་བོད་དུ་ཕེབས་ནས་ལྐོག་ཏུ་རྒྱལ་པོར་ཆོས་གསུངས་ཏེ་རྒྱལ་གཤེན་བར་སྙན་ཕྲ་གསོལ་བ་དང་།  རྒྱལ་པོས་ཀྱང་དེ་མཆོད་གནས་མཛད་པས་རྒྱལ་གཤེན་བར་མཐོང་ཚུལ་ངན་པ་བྱུང་ཚུལ་བྲིས་པ་ནི།  གོང་གི་ཆོས་འབྱུང་སོགས་ལས་གཤེན་པོ་འ་ཞ་བོད་དུ་བྱོན་ནས་རྒྱལ་པོས་མཆོད་གནས་བྱས་ཚུལ་གྱི་ལོ་རྒྱུས་ངོས་ལ་འདྲ་བཤུས་ཀྱི་ཚུལ་གྱིས་ཡི་གེར་ཕབ་པ་ནི་ཚིག་སྒྲོས་ལས་རྟོགས་ནུས།  དེ་མིན་བྱུང་བ་འདི་ལོ་རྒྱུས་དངོས་ཤིག་ལ་འདོད་ན་ནི་རྣམ་པ་ཀུན་ནས་ནོར་བ་ཙམ་དུ་ཟད།  ཡང་འདིར་རྒྱལ་གཤེན་བར་ལ་སྙན་ཕྲ་གསོལ་མཁན་ནམ་རྒྱལ་པོ་ལ་གཤེན་པོ་དག་མཐར་སྤྱུགས་དགོས་ཚུལ་ཞུ་མཁན་གྱི་བློན་པོའི་མཚན་ལ་རྒྱལ་རབས་གཞན་དག་ལས་ལི་བཙན་བཞེར་ཞེས་བྱུང་མོད།  《རྒྱུད་འབུམ་》གྱི་ལུང་《ཞང་བོད་ལོ་རྒྱུས་ཏེ་སིའི་འོད་》དུ་དྲངས་ལས་“བཙན་བཞེར་མེ་ལྷ་”ཞེས་འབྱུང་བས།  དེ་གཉིས་ལས་གཅིག་ནོར་བ་ཡིན་ནམ།  ཡང་ན་ལི་བཙན་བཞེར་མེ་ལྷ་ཞེས་འབོད་རུང་བ་གང་ཡིན་གསལ་བོར་མི་མཐོང་བས།  མོས་པ་ཅན་ཚོས་བརྟག་པར་བྱ་བའི་གནས་སུ་རིགས།

ཆོས་འབྱུང་དང་རྒྱལ་རབས་དེ་དག་ལས་གྲི་གུམ་བཙན་པོ་རྒྱལ་བློན་རྣམས་ཀྱིས་རྒྱལ་གཤེན་དོ་མཉམ་པར་གྱུར་བས་གཤེན་པོ་དག་མཐར་སྤྱུགས་པ་ཙམ་གསུངས་པ་ལས་གཤེན་པོ་དག་མཐར་སྤྱུགས་དགོས་པའི་རྒྱུ་མཚན་གསལ་བོར་མ་བཤད་ཅིང་།  བཤད་བྱའི་རྒྱལ་རབས་འདིར་ཡང་གཞན་གྱི་ལུང་ཚིག་གང་རྙེད་དག་དྲངས་པ་ཙམ་དུ་ཟད་མོད།  ཆོས་འབྱུང་དང་རྒྱལ་རབས་དེ་དག་ལས་ཡུལ་ཏ་ཟིག་གམ་ཞང་ཞུང་ནས་མུ་སྟེགས་དབང་ཕྱུག་པའི་གྲུབ་མཐའ་འཛིན་པའི་གཤེན་པོ་ཞ་འ་ཞེས་བྱ་བ་བོད་ཕེབས་པ་དང་།  མཐུ་ནུས་དང་མངོན་ཤེས་ལྡན་པས་རྒྱལ་པོས་སྟག་སློག་སོགས་ཀྱིས་བསྟོད་དེ་མཆོད་གནས་མཛད་པར་བརྟེན།  གཤེན་པོ་དེ་དག་ཁུ་དང་ནུ་བས་ཀྱང་དབང་ཆེ་ནས་རྒྱལ་པོ་དང་གཤེན་པོ་གཉིས་ཀྱི་དབང་ཆ་དོ་མཉམ་དུ་གྱུར་པས།  བློན་པོ་སོགས་མ་དགའ་བའམ་གཤེན་པོ་དེ་དག་གིས་རྒྱལ་པོའི་སྲིད་འཕྲོག་པར་དོགས་ཏེ།  འཁྱར་བོན་སོགས་བསྣུབས་ནས་གཤེན་པོ་དག་མཐར་སྤྱུགས་ཞེས་གཤེན་པོ་དེ་དག་ཏ་ཟིག་གམ་ཞང་ཞུང་ནས་བྱོན་ཚུལ་གསལ་བོར་འཁོད་ཅིང་།   《ཞང་བོད་ལོ་རྒྱུས་ཏེ་སིའི་འོད་》ལས་“ཁོང་གིས་ལོ་བཅུ་གསུམ་གྱི་རིང་ལ་རྒྱལ་སྲིད་བསྐྱངས་པ་དེའི་ཚེ་བོན་གྱི་གཤེན་པོ་རྣམས་སྐུ་དབང་ཆེ་བ་དང་།  གཤེན་པོ་དེ་རྣམས་བོན་གྱི་བསྟན་པ་གང་ནས་བྱུང་བའི་ཁུངས་ཞང་ཞུང་གི་རྒྱལ་པོ་རྣམས་དང་འབྲེལ་ཆེ་བ་དང་བོད་ཀྱི་རྒྱལ་ཁབ་དེ་ད་དུང་ན་ཕྲ་བ་བཅས་ཀྱི་རྒྱུ་མཚན་དུ་མ་ཞིག་ལ་བརྟེན་ནས་བོན་གྱི་བསྟན་པ་ཉམས་དམས་པའི་མཛད་པ་ཚབས་ཆེན་པོ་ཞིག་གི་དབུ་བཙུགས་”ཞེས་གཤེན་པོ་དེ་དག་ཞང་ཞུང་ནས་བྱོན་པ་དང་།  དེ་ཡང་ཞང་ཞུང་གི་རྒྱལ་པོའི་སྲིད་དང་འབྲེལ་བ་ཆེ་བས།  རྒྱལ་བློན་རྣམས་ཀྱིས་སྤུར་རྒྱལ་གྱི་མངའ་ཐང་ཞང་ཞུང་རྒྱལ་པོར་ཤོར་ཉེན་དོགས་ནས་གཤེན་པོའི་དབང་ཆ་སོགས་བསྣུབས་ནས་མཐར་སྤྱུགས་ཚུལ་ནི་ལུང་གི་འགྲོས་ལས་གསལ་བོར་མཐོང་བས་མང་པོ་འགྲེལ་དགོས་པའི་རྒྱུ་མཚན་མ་མཐོང་།  ཆོས་འབྱུང་དང་རྒྱལ་རབས་དེ་དག་ལས་ཞང་ཞུང་གི་གཤེན་པོ་དག་བོད་ནས་དབང་ཆེ་བ་དང་བློན་པ་རྣམས་ཆབ་སྲིད་གཤེན་པོ་ལ་ཤོར་གྱིས་དོགས་པ་དང་།  ཞང་བོད་ལོ་རྒྱུས་ལས་བློན་པོ་རྣམས་ཀྱིས་གཤེན་པོ་རྣམས་དབང་ཆེ་དྲགས་ན་སྤུར་རྒྱལ་གྱི་མངའ་ཐང་ཞང་ཞུང་གིས་འཕྲོག་པར་སེམས་འཁྲུགས་ཚུལ་སོགས་ནི་གཅིག་ཤོས་གཅིག་གི་སྒྲུབ་བྱེད་དུ་འགྲོ་བས་ཤིན་ཏུ་བདེན་པའི་གཏམ་ཡིན་པས།  སྐབས་སུ་བབ་པ་བཤད་བྱའི་རྒྱལ་རབས་ལས་གྲི་གུམ་བཙན་པོའི་ལོ་རྒྱུས་བཤད་པ་ལ་ནོར་བ་མང་དུ་ཡོད།

《གནའ་རབས་སྲིད་དོན་ལོ་རྒྱུས་》ལས་“བོད་རྒྱལ་ཁབ་ཀྱི་སྟོབས་ཤུགས་རྒྱ་བསྐྱེད་ཀྱི་ཁ་ཆེའི་རྒྱལ་པོ་ཞིག་དང་གཡུལ་སྤྲད་པས་བོད་ལ་རྒྱལ་ཁ་ཐོབ་པར།  མཐའི་རྒྱལ་ཕྲན་འགའ་ཤས་ཀྱང་དབང་དུ་བསྡུས་པར་སེམས་”ཞེས་འབྱུང་བ་དང་།  ཚུལ་འདི་ཆོས་འབྱུང་དཔེ་རྙིང་གི་གྲས་སུ་གྲགས་ཆེ་ན་ཡང་ངེས་པར་དུ་དོགས་དགོས་པ་འདི་འདྲ་ཡོད་དེ།  འདིར་ཁ་ཆེ་ཞེས་པ་ནི་ཕལ་ཆེར་རྒྱ་གར་དང་ཞང་ཞུང་ཕན་གྱི་ཏ་ཟིག་གི་ཡུལ་ཆ་འདི་ལ་ངོས་འཛིན་དགོས་པས།  གྲི་གུམ་བཙན་པོའི་རིང་ལ་བཙན་པོའི་མངའ་ཐང་གི་ཚད་ནི་ཡར་ཀླུང་གི་ཕྱོགས་ཆ་ཙམ་ཡིན་པ་དེབ་དཀར་ལས་གསུངས་ཤིང་།  ཞང་ཞུང་གི་མངའ་ཐང་ནི་ཕུག་ནི་ཏ་ཟིག་དང་བར་ནི་མངའ་རིས་སྐོར་གསུམ།  སྒོ་ནི་སུམ་པའི་བར་ལ་གཏུགས་པ་ནི་བོན་གྱི་བསྟན་འབྱུང་དུ་གསལ་བ་དང་།  སྟག་རི་གཉན་གཟིགས་དང་གནམ་རི་སློན་བཙན་གྱི་རིང་ལ་སྤུར་རྒྱལ་གྱི་སྟོབས་ཤུགས་ནི་དབུས་དང་གཙང་གི་རྒྱལ་ཕྲན་དག་ལས་ཅུང་ཉམས་ཞན་དུ་ཡོད་པ་ཡིག་རྙིང་སོགས་སུ་གསལ།  སྲོང་བཙན་སྒམ་པོའི་རིང་ལ་སྤུར་རྒྱལ་དེ་ཡང་བཙན་རྒྱལ་ཆེན་མོར་ཆགས་པའི་དུས་ཡིན་མོད།  དུས་དེ་ཤེད་དུ་ཡང་བཙན་པོའི་སྲང་མོ་ཞིག་ཞང་ཞུང་རྒྱལ་པོའི་བཙུན་མོར་གཤེགས་ནས་གཉེན་འབྲེལ་གྱི་ཚུལ་དུ་མཛངས་མཐུན་བྱས་ཚུལ་ཏུན་ཧོང་ལས་འབྱུང་བ་སོགས་ལོ་རྒྱུས་དེ་དག་ལ་གཞིགས་ན།  གྲི་གུམ་བཙན་པོའི་སྐུ་རིང་ལ་སྤུར་རྒྱལ་གྱི་སྟོབས་ཤུགས་ཞན་པ་དང་།  ཡུལ་ཁ་ཆེ་ས་ཐག་རིང་བ་བཅས་ལ་བསམ་ན་བོད་ཀྱི་རྒྱལ་པོས་དམག་དྲངས་ནས་ཁ་ཆེའི་རྒྱལ་པོ་ཞིག་བརླགས་ཚུལ་འདི་ཡིད་ཆེས་བྱེད་དཀའ་བ་ཞིག་རེད།

བཞི་བ།  ཆབ་སྲིད་འཕེལ་འགྲིབ་སྐོར་གྱི་དགག་གཞག

 

གྲི་གུམ་བཙན་པོའི་སྐུ་རིང་གི་ཆབ་སྲིད་འཕེལ་འགྲིབ་སྐོར་རག་ཙམ་ཞིག་ནི་གོང་གི་ཚན་པ་གསུམ་པར་སོང་ཟིན་པ་དང་།  རྒྱལ་རབས་ལོ་རྒྱུས་གཞན་དག་ཏུ་ཡང་དེའི་སྐོར་གྱི་བྱུང་བ་ཞིབ་ཙམ་ཞིག་འབྱུང་བས་འདིར་བསྐྱར་དུ་གླེང་དགོས་པ་མ་མཐོང་མོད།  སྐབས་དོན་གྱི་བཤད་བྱའི་རྒྱལ་རབས་སུ་ཡང་བློན་པོ་ལོ་ངམ་དང་གྲི་གུམ་བཙན་པོའི་བར་གྱི་འཁྲུག་པ་དང་།  ལྷ་བུ་རུ་ལ་སྐྱེས་ཕ་ཚན་དང་རྷྱ་ཕ་ཚན་བར་གྱི་འཁྲུག་པ་སོགས་ཀྱི་ཐད་ལ་ནོར་བ་འགའ་ཞིག་མཐོང་བས།  དེ་དག་ལ་ནོར་བཅོས་ཀྱི་ཚུལ་དུ་ཅུང་ཙམ་ཞིག་གླེང་བར་བྱས་ན།  དེ་ཡང་བཤད་བྱའི་དེབ་ཐེར་འདིར་“ལོ་ངམ་གྱིས་དབང་བསྒྱུར་ནས་ལོ་བཅུ་གཉིས་ཙམ་ན་དྷྱ་མོ་དྷུལ་བཞི་ཁུགས་དང་སྣ་ནམ་གཞུང་རྒྱལ་གཉིས་ཀྱིས་ལོ་ངམ་རྟ་རྫི་ཐབས་ཀྱིས་བསད་དེ་དགྲ་ཤ་བླངས།  དེའི་རྗེས་སུ་དྷྱ་ཕ་ཚན་དང་རུ་ལས་སྐྱེས་འཐབ་སྟེ་དྷྱའི་རབས་ཆད་པ་སྟེ་མི་རྒྱུད་ཟད་པར་བྱས། …”ཞེས་རུ་ལས་སྐྱེས་རུས་ཚན་གྱིས་དྷྱའི་རུས་ཚན་དང་དམག་འཐབ་བྱས་ནས་དྷྱའི་རུས་ཚན་བརླགས་པའི་ལོ་རྒྱུས་ཤིག་འབྱུང་མོད།  དོན་དུ་བཀྲགས་ཀྱི་རུས་ཚན་དང་དྷྱ་ཕ་རི་ལས་སྐྱེས་རུས་ཚན་གཉིས་འཐབ་སྟེ་དྷྱ་ཕ་རི་ལས་སྐྱེས་ཀྱི་རབས་བཅད་པར་རྒྱལ་རབས་གཞན་དུ་གསུངས་ཤིང་།  “དྷྱ་”ཞེས་པ་ནི་འགའ་ཞིག་ཏུ་ནི་བཀྲགས་དང་རི་ལས་སྐྱེས་གཉིས་ཀྱི་ཐུན་མོངས་ཀྱི་རུས་མིང་དུ་ཡང་སྦྱར་བར་སྣང་ཡང་།  སྐབས་འདིར་“ངྷྱའི་རུས་ཚན་”ཞེས་པ་ངེས་པར་དུ་རུ་ལས་སྐྱེས་ཀྱི་རུས་ཚན་གྱི་མིང་དུ་གོ་དགོས་ལ།  རུས་ཚན་གཉིས་འཐབ་ནས་རབས་ཆད་པའི་རུས་ཚན་དེ་ཡང་དྷྱ་ཕ་རི་ལས་སྐྱེས་ཀྱི་རུས་ཚན་ཡིན་པས།  བཤད་བྱའི་རྒྱལ་རབས་ལས་ངྷྱ་ཕ་དང་རུ་ལས་སྐྱེས་ཞེས་དེ་གཉིས་རུ་ཚན་གཉིས་སུ་དབྱེས་ནས་བཤད་པ་ནི་ནོར་བ་ཡིན།

འདིར་ལོ་ངམ་གྱི་མིང་ལ་ཆོས་འབྱུང་རྙིང་གྲས་སོགས་སུ་ལོ་ངམ་རྟ་རྫི་ཞེས་རྟའི་རྫི་བོ་སྟེ་བྲན་གཡོག་གི་ནང་དོན་དུ་གོ་ཡི་འདུག་ལ།  ཆོས་འབྱུང་རྙིང་པ་ཡོངས་གྲགས་སུ་རྟ་རྫི་ཞེས་མིང་བཏགས་མིང་ཞིག་ནི་སྦྱར་བས་ལོ་ངམ་གྱི་མཚན་རྒྱས་པར་སྨྲས་ན་རྒྱལ་པོ་ལོ་ངམ་རྟ་རྫི་ཞེས་འབོད་པར་སྣང་མོད།  དོན་དུ་ནི་རྟ་རྫི་ཞེས་པ་འདི་རྟ་ལ་རྫི་བོ་བྱེད་པའི་གཡོག་པོའི་དོན་ཡིན་པ་མཐའ་གཅིག་ཏུ་ཁ་ཚོད་མི་ཆོད་དེ།  གནའི་བརྡ་རྙིང་འགའ་ཞིག་ནི་ཚིག་འགྲེལ་བྱས་ན་གོ་བ་ཅི་རིགས་ལེན་ཆོག་པ་ལ་དོན་དུ་དམག་དང་སོ་སྲུང་དང་བང་མཛོད་ཀྱི་དོན་དུ་འཇུག་པ་ལྟ་བུའོ། །  ཡང་འགའ་ཞིག་ཏུ་ནི་བློན་པོ་ལོ་ངམ་ཞེས་གྲི་གུམ་བཙན་པོའི་བློན་ཆེན་པོ་ཞིག་ཡིན་པར་ཐག་བཅད་ནས་གྲི་གུམ་དང་ལོ་ངམ་བར་གྱི་དམག་འཐབ་ཀྱང་རྒྱལ་བློན་གྱི་འཁྲུག་པའི་རྣམ་པར་བྲིས་འདུག་ཀྱང་།  ལོ་ངམ་གྱིས་གྲི་གུམ་བཙན་པོ་བཀྲོངས་རྗེས་“མཁར་མྱང་ར་ཤན་པོར་གཤེགས་”ཞེས་ལོ་ངམ་ལ་ཡང་མཁར་ཞིག་ཡོད་པ་ཆོས་འབྱུང་དག་ལས་བྱུང་ལ།   གཞན་དུ་རྒྱལ་ཕྲན་གཞན་ཞིག་གི་རྒྱལ་པོ་ཡིན་པ་རྒྱལ་རབས་འདིར་ཡང་འབྱུང་ལ།  ཉང་ཆོས་འབྱུང་དུ་ཡང་“ང་ཅིས་ཀྱང་གྲིར་འགུམ་ན་རྒྱལ་པོ་ལོ་ངམ་རྟ་རྫི་དང་འཐབ་ཟེར་ནས་འཐབ་དུས་བཏབ་པས།  ལོ་ངམ་ན་རེ་ང་དང་ཁྱོད་ལ་འཐབ་ཆད་མེད།  ང་ང་རང་གི་ཡུལ་ན་ཆེ།  ཁྱོད་ཁྱོད་རང་གི་ཡུལ་ན་ཆེ་ཟེར་བས་མ་ཉན་ནས་ཐལ་བ་འཚལ་དུ་འཐབ་དུས་བཏབ། ”ཅེས་ལོ་ངམ་ནི་རྒྱལ་པོ་ཞིག་ཡིན་པར་གསུངས་ལ།  གཞན་“ང་ང་རང་གི་ཡུལ་ན་ཆེ།  ཁྱོད་ཁྱོད་རང་གི་ཡུལ་ན་ཆེ་”ཞེས་གྲི་གུམ་བཙན་པོ་དང་ལོ་ངམ་གཉིས་ཡུལ་སོ་སོ་བ་དང་དབང་ཐོབ་གཅིག་འོག་གཅིག་ལ་མི་འདུ་བའི་ཚུལ་དུ་ཡོད་པ་ཚིག་སྒྲོས་ལས་གསལ་བོར་ཤེས་ནུས།

འདིར་ཡང་“དེ་རྗེས་ལོ་ངམ་རྒྱལ་ས་ལོ་བཅུ་གཉིས་”ཞེས་དང་། “བུ་ངར་ལས་སྐྱེས་ཆེར་སྐྱེས་པ་ན། …མས་སྨྲས་པ།  ཁྱེད་ཀྱི་ཕ་ནི་དྷྱས་བསད།  ཁྱེད་ཀྱི་ཇོ་བོ་ནི་ལོ་ངམ་རྟ་རྫིས་བསད།  སྲས་གཉིས་ཤ་ཁྱི་དང་ཉ་ཁྱིར་བཏགས་ནས་ཀོང་པོར་སྤྱུགས།  རྒྱལ་ས་འདི་ཀུན་ཁྱེད་ཀྱི་ཕ་མྱེས་ཀྱི་ཕོ་བྲང་ཡིན།  ཞེས་སོགས་ཞིབ་པར་བཟླས་པས་ངར་ལས་སྐྱེས་ཀྱིས།  ང་མི་རླག་གི་ནི་རྗེས་གཅོད།  ཆུ་རླག་གི་དབྱེ་ཚོལ་དུ་འགྲོ།  ཞེས་གསུངས་ནས་ཀོང་ཡུལ་བྲེ་སྣ་བྱ་བར་སྲས་གཉིས་མཇལ།  སྲས་ཤ་ཁྲི་རྒྱལ་སར་བཏོན་ནས་དབུས་ཀྱི་འབངས་རིགས་རྣམས་བསྡུས་”ཞེས་བོན་འབྱུང་དང་ཡིག་རྙིང་སོགས་ལ་ཁུངས་བཅོལ་ནས་བཤད་པ་རག་ཙམ་ཞིག་འབྱུང་མོད།  སྔོན་གྱི་ཆོས་འབྱུང་རྙིང་གྲས་དང་ཡོངས་གྲགས་ཀྱི་བཤད་ཚུལ་ཙམ་གྱི་རྗེས་སུ་འབྲེང་རྐྱང་བྱས་པ་ཙམ་ལས་ལོ་ཚིགས་ཀྱི་ཐད་ལ་རྩིས་ཞིབ་པར་བཏང་མི་འདུག་སྟེ།  ལོ་ངམ་གྱིས་གྲི་གུམ་བཙན་པོ་བཀྲོངས་ནས་ལོ་བཅུ་གཉིམ་ཙམ་ལ་རྒྱལ་ས་བསྐྱངས་རྗེས།  དྷྱ་མོ་དྷུལ་བཞི་ཁུགས་དང་སྣ་ནམ་གཞུང་རྒྱལ་གཉིས་ཀྱིས་ལོ་ངམ་ཐབས་ཀྱིས་བསད་པར་བོན་འབྱུང་དང་རྒྱལ་རབས་ཡིག་རྙིང་དག་ལས་འབྱུང་ལ།  ཡང་གྲི་གུམ་བཙན་པོ་བཀྲོངས་རྗེས་སུ་རུ་ལས་སྐྱེས་སམ་བུ་ངར་ལས་སྐྱེས་བཙས་པ་ཡང་འབྱུང་བས།  ལོ་ངམ་གྱིས་རྒྱལ་སྲིད་བཟུང་ནས་ལོ་བཅུ་གཉིས་ཀྱི་རྗེས་སུ་བུ་ངར་ལས་སྐྱེས་མ་མཐར་ཡང་ལོ་གཉིས་ཙམ་ལས་སོན་མེད་པས།  ཀོང་ཡུལ་དུ་གཤེགས་ཏེ་ཇོ་བོའི་སྲས་གཉིས་བཙལ་ཏེ་སྲས་ཤ་ཁྲི་རྒྱལ་སར་བཏོན་ནས་དབུས་ཀྱི་འབངས་རིགས་རྣམས་བསྡུས་ཞེས་སྨྲས་ན།  རང་ལོ་བཅུ་གཉིས་ཡས་མས་ཙམ་ལས་མ་སོན་པའི་བྱིས་པ་ཞིག་ལ་ནུས་མཐུ་དེ་འདྲ་ཞིག་ཡོད་མེད་ཀྱི་དོགས་པ་དང་ཐེ་ཚོམ་མཐའ་མེད་དུ་འཕེལ་བར་བྱེད་པའི་རྒྱུ་བསགས་པ་ཙམ་ལས།  དངོས་བྱུང་གི་རྒྱལ་རབས་ལོ་རྒྱུས་ཤིག་ནི་ཡིན་པར་ཡིད་བརྟན་འཕེལ་དཀའ་ཚོད་རེད།   རྒྱལ་རབས་གཞན་དག་ཏུ་“རུ་ལས་སྐྱེས་”ཀོང་ཡུལ་དུ་སྲས་གཉིས་དང་མཇལ་ཞེས་འབྱུང་བས།  འདིར་“བུ་ངར་ལས་སྐྱེས་”ཞེས་པ་མཚན་སྦྱར་ནོར་ཡིན་ནམ།  ཡང་ན་མི་གཅིག་ལ་མཚན་རིགས་འདྲ་བ་གཉིས་ཡོད་པ་ཡིན་གང་ཡིན་གསལ་བོར་མ་མཐོང་བས།  རིགས་འདི་ལ་མོས་པ་ཅན་དག་གིས་ཞིབ་ཏུ་དཔྱད་པར་འཚལ།  དེ་མིན་ལོ་རྒྱུས་སྨྲ་བ་ཀུན་འདི་འདྲའི་ལོ་ཚུགས་ཤིག་དང་མཚན་གང་ཞིག་ལ་བརྟགས་ནས་དུས་འདའ་བར་བྱས་ན་ལོ་རྒྱུས་ཞིབ་འཇུག་གི་དགོས་པ་ཆུང་དུ་འགྲོ་བས་གཟབ་པར་འཚལ།  ཞེས་བར་སྐབས་ཀྱི་ཚུགས་སུ་བཅད་པ་དགེའོ། །

 

(མཆན། )

(སྤྱིར་ཡིན་ན་《གནའ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་ལ་དཔྱད་པ་དྭངས་གསལ་མེ་ལོང་》ཞེས་རྒྱལ་རབས་དེབ་ཐེར་འདིའི་མགོ་ནས་མཇུག་བར་དུ་དོགས་དཔྱོད་རྒྱས་ཙམ་འབྲི་འདོད་ཡོད་མོད།  སློབ་སྦྱོང་དང་ཡིག་སྒྱུར་གྱི་འཆར་གཞི་གཞན་དག་ཀྱང་གཅིག་ཐོག་གཉིས་བརྩེགས་བྱས་ནས་ཁུར་དུ་བབ་པས།  རེ་ཞིག་རྒྱལ་རབས་དེ་ལས་གྲི་གུམ་བཙན་པོའི་ལོ་རྒྱུས་སྐོར་གྱི་ཤོག་གྲངས་དྲུག་ལ་དོགས་དཔྱོད་རགས་ཙམ་ལས་བྲི་བའི་ཁོམ་པ་མ་བྱུང་བས།  རྗེས་སུ་དལ་གྱིས་འབྲི་བར་ངེས།  )

 

གནམ་ལྷུན་གྱིས་སྤྱི་ལོ་2016ལོའི་ཟླ་3ཚེས8ཉིན་བྲིས་ཤིང་ཟླཔར་སྣོན་འཕྲི་ཅུང་ཟད་བྱས་ནས་ལེགས་པར་གྲུབ།      དགེ་ལེགས་འཕེལ།

 

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།