《གནའ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་》དང་ལོ་རྒྱུས་རྣམ་བཤད། (1)

638

རྩོམ་པ་པོ།   གནམ་ལྷུན།

 

 

 __ གླེང་སློང་བ།

དང་པོ།  ལོ་རྒྱུས་བརྩམས་ཆོས་ཀྱི་ངོ་བོ་སྤྱིར་བཤད་པ།

 

སྤྱིར་ལོ་རྒྱུས་བརྩམས་ཆོས་ཤིག་ཡིན་པ་ལ་མ་མཐའི་ཆར་ཡང་ཆོས་ལུགས་ཀྱི་འདུ་ཤེས་འཛིན་སྟངས་དང་ཆབ་སྲིད་ཀྱི་བཀག་རྒྱ་གཉིས་ཀྱི་ཆ་བྲལ་བའི་ཁྱད་ཆོས་འཛོམས་དགོས་ཤིང་།  ཁྱད་ཆོས་དེ་གཉིས་དང་ལྡན་པའི་ལོ་རྒྱུས་བརྩམས་ཆོས་ཡིན་ནས་བཟུང་ད་གཟོད་དེ་ཉིད་འདས་པའི་དོན་དག་ཐ་དག་ཇི་བཞིན་འཆར་བའི་མེ་ལོང་ངམ་རྟོག་བྱེད་ཀྱི་རིག་པ་རུ་འགྱུར་རུང་གི  གནད་འདི་འདྲའི་ཆ་རྐྱེན་ཞིག་གི་སྟེང་ནས་བོད་ཀྱི་ལོ་རྒྱུས་བརྩམས་ཆོས་ཀྱི་བྱུང་རིམ་ལ་དཔྱད་པར་བགྱིས་ན།  དེབ་དཀར་སྔོན་གྱི་ལོ་རྒྱུས་བརྩམས་ཆོས་དེ་དག་ལ་ཆོས་ལུགས་སམ་ལྷ་སྒྲུང་གི་རྣམ་པ་དང་ཤུགས་རྐྱེན་ཤས་ཆེར་འདྲིས་འདུག་ཅིང་།  དེབ་དཀར་རྗེས་ཀྱི་ལོ་རྒྱུས་བརྩམས་ཆོས་དག་ལ་ནི་ཆབ་སྲིད་ཀྱི་བཀག་རྒྱ་དང་བཅས་པས།  ལོ་རྒྱུས་བརྩམས་ཆོས་ཀྱི་རིགས་དེ་གཉིས་ཀ་ཡང་ལོ་རྒྱུས་བརྩམས་ཆོས་ཡང་དག་པ་ཞིག་ཏུ་ངོས་འཛིན་པའི་གཞི་མེད།

དུས་རབས་བཅུ་གཉིས་པ་ནས་བཟུང་ཆོས་འབྱུང་བརྩམས་ཆོས་དར་བའི་འགོ་བཟུང་བ་ཡིན་ལ།  རིམ་པ་བཞིན་བོན་གྱི་བསྟན་འབྱུང་དང་ནང་བསྟན་ཆོས་འབྱུང་སོགས་ཆར་རྗེས་ཀྱི་ཤ་མོ་རྡོལ་བ་ཇི་བཞིན་མང་དུ་འབྱུང་ཞིང་།  ཆོས་འབྱུང་དེ་དག་ནི་རྩོམ་པོ་རང་ངོས་ནས་དག་སྣང་དང་རང་ཕྱོགས་ཀྱི་གྲུབ་མཐར་ཕྱོགས་པའི་སྒེར་སྐྱོན་དང་།  སྐབས་དེར་ནང་བསྟན་ཆོས་ལུགས་རབ་ཏུ་དར་བའི་སྒང་ཡིན་པས་གྲུབ་མཐའ་ཁག་གིས་རང་ཕྱོགས་ཀྱི་གྲུབ་མཐའི་ཁུངས་བཙུན་པར་སྟོན་པ་དང་ཁྱད་པར་དུ་སྟོན་པའི་ཕྱིར།  ལོ་རྒྱུས་བརྩམས་ཆོས་དག་ལ་ཚད་མེད་པའི་བཟོ་བཅོས་དང་འཕྲུ་སྣོན་ཅི་རིགས་བྱས་པའི་སྤྱི་སྐྱོན་སོགས་ཀྱི་སྐྱོན་ཆ་དུ་མ་དང་ལྡན་པས།  ཆོས་འབྱུང་ལོ་རྒྱུས་དེ་དག་ནི་འདས་པའི་དོན་བྱ་གང་ཡོད་ཇི་བཞིན་འཆར་བའི་མེ་ལོང་ངམ་རྟོག་བྱེད་ཀྱི་རིག་པ་ལས་འདས་པར་ཟད།  དེར་མ་ཟད་སྔོན་གྱི་ཆོས་འབྱུང་མང་ཆེ་བར་རྒྱལ་པོ་ཆེན་པོ་དང་བློན་ཆེན་མཛངས་པ་དག་གི་མཛད་པ་བརྗོད་པ་དག་ཀྱང་ཁུངས་མེད་བྱུང་རྒྱལ་དུ་སྨྲ་བའི་མཐོང་ཚུལ་ཡང་འདུག་སྟེ།  《རྒྱལ་རབས་གསལ་བའི་མེ་ལོང་》ལས་“དབོན་སྲས་མང་སྲོང་མང་བཙན་གྱིས།  དགུང་ལོ་བཅུ་གསུམ་ལོན་དུས་རྒྱལ་སྲིད་བཟུང་།  འདིའི་དུས་སུ་རྒྱའི་རྒྱལ་པོས་རྒྱལ་པོ་སྲོང་བཙན་སྒམ་པོ་མི་བཞུགས་པར་ཤེས།  མགར་གྱིས་རྒྱ་ཡུལ་ཕུང་བར་བྱས་པ་རྣམས་དྲན་ནས།  རྒྱའི་དམག་འབུམ་ཚོ་ལྔ་བཏང་ནས་བོད་འཇོམས་པ་དང་།  ཇོ་བོ་ཤཱཀྱ་གདན་འདྲེན་ཟེར་བ་ལ་སོགས་ཀྱི་གཏམ་བྱུང་…”ཞེས་རང་བློར་གང་དྲན་གྱིས་བྲིས་པ་དང་།  ཆོས་འབྱུང་གཞན་དག་ཏུ་རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོས་རྒྱ་བལ་གྱི་སྲས་མོ་བཙུན་མོར་བསུས་པའི་དམིགས་པ་ནི་ནང་བསྟན་གྱི་སྐུ་གསུང་ཐུགས་རྟེན་སྤྱན་འདྲེན་པའི་ཆེད་དུ་ཡིན་པར་ཡོངས་གྲགས་སུ་གྱུར་འདུག་ཀྱང་།  སྲོང་བཙན་གྱིས་རྒྱ་བལ་གྱི་སྲས་མོ་བཙུན་མོར་བཞེས་པའི་དམིགས་པ་ནི་ཆབ་སྲིད་དང་ཤེས་རིག་གི་ཕྱིར་དུ་ཡིན་པ་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་ལུང་ཚིག་དུ་མ་དྲངས་པ་གསལ་བོར་འབྱུང་བས།  རྒྱལ་པོ་ཆེན་པོ་སྲོང་བཙན་གྱི་མཛད་པ་དག་ཆོས་འབྱུང་སོགས་སུ་རྒྱུན་འབྱམས་སུ་གྱུར་བ་དག་ཡིད་ཆེས་འབྱུང་བའི་གནས་མ་ཡིན།

དེ་ཡང་འདི་ལྟ་ཡིན་ཏེ།  སྔོན་གྱི་མཁས་པ་རྣམས་ཀྱིས་གསུང་རྩོམ་མཛད་པའི་དགོས་པ་ནི་སྐྱེས་བོ་རྣམས་ཆོས་ལ་འགོད་པ་དང་ཐར་བའི་ལམ་དུ་འགོད་པ་བཅས་གནས་སྐབས་དང་མཐར་གཏུགས་ཀྱི་དགོས་པ་གཉིས་ལ་དམིགས་པ་ཤ་སྟག་ཏུ་ངེས་ཕྱིར།  ལོ་རྒྱུས་བརྩམས་ཆོས་ཤིག་མཛད་པའི་དགོས་པ་ཡང་དེ་ཙམ་དུ་ཟད་པར་ངེས།  དེ་བས་སྔོན་གྱི་ལོ་རྒྱུས་བརྩམས་ཆོས་དེ་དག་ཏུ་རྒྱལ་བློན་གྱི་མཛད་པ་རེ་གཉིས་ཤིག་བརྗོད་པའི་ས་བཅད་ཙམ་ནི་ཐུན་མོངས་ལ་སྣང་མོད།  རྗོད་བྱེད་ཚིག་གི་ཆ་ནས་བསྟན་བཅོས་ཁོ་ནའི་ཚིག་སྒྲོས་བཀོལ་བ་དང་།  ནང་དོན་གྱི་ཆ་ནས་སྐྱེས་བུ་རེ་འགའ་བའི་ཡིད་ཀྱི་བསྟན་པ་དབང་མེད་དུ་འཕྲོག་པར་བྱེད་པའི་ངོ་མཚར་གྱི་གཏམ་རྒྱུད་སོགས་བྱུང་རྒྱལ་དུ་བྲིས་པ་ལས།  ཆོས་དང་མི་མཐུན་པའི་སྔོན་གྱི་ཁྲིམས་ལས་དང་།  རྒྱལ་པོ་རིམ་བྱོན་གྱི་སྲིད་ལུགས་ཚུལ་བཞིན་དུ་བྲིས་པ་སྲིད་མཐའ་ཙམ་དུ་ཟད་པ།  དེབ་སྔོན་དང་དེབ་དམར་སོགས་ཆོས་འབྱུང་གྲགས་ཆེ་བ་དག་ལས་རྒྱལ་བློན་རིམ་བྱོན་གྱི་མཚན་ཙམ་བསྒྲངས་ནས་བཙན་པོའི་དུས་རབས་འཆད་པ་ལས་གསལ་བོར་ཤེས།   དེ་བས་བརྗོད་བྱ་རྗོད་བྱེད་གང་ཅིའི་ཆ་ནས་ཀྱང་སྔོན་གྱི་དོན་བྱ་རྟོག་བྱེད་ཀྱི་ལོ་རྒྱུས་རིག་པ་ལས་རིང་དུ་གྱེས་པར་སྣང་།  འོན་ཀྱང་།  གོང་དུ་སྨྲས་ཟིན་ནང་བཞིན་ལྷ་སྒྲུང་དང་གཏམ་རྒྱུད་དེ་དག་ལས་འགའ་ཞིག་ནི་སྔོན་གྱི་བྱུང་བ་དངོས་ལ་བཟོ་བཅོས་དང་འཕྲི་སྣོན་བྱས་པ་ཡིན་པས།  སྔོན་གྱི་ལོ་རྒྱུས་དཔྱོད་པའི་ཐབས་སུ་ཅུང་ཙམ་ནི་བཀོལ་རུང་བ་ཡིན་ཏེ།  དཔེར་ན།  《སྦ་བཞེད་》ལས་“དྷ་རུ་རྩེ་དོ་བྱ་བའི་མཆོད་རྟེན་གྱི་ནང་དུ་རྒྱལ་པོ་མ་སྐྱེས་དགྲའི་སྲིད་རིང་དུ་དེ་བཞིན་གཤེགས་པའི་གདུང་དང་རིང་བསྲེལ་ཁལ་གཅིག་བཞུགས་པ་བསམ་ཡས་མཆོད་རྟེན་དཀར་པོ་ནང་རྫོངས་སུ་སྤྱན་འདྲེན་ཕྱིར།  རྒྱལ་པོ་ཁྲི་སྲོང་ལྡེ་བཙན་རྟ་དམག་ཁྲི་ཕྲག་གི་རྣམ་པར་སྤྲུལ་ནས་རྒྱ་གར་དུ་དཔུང་དྲངས་”ཚུལ་གྱི་ལྷ་སྒྲུང་ངམ་གཏམ་བརྒྱུད་ངོ་མཚར་བ་ཞིག་འབྱུང་ཞིང་།  དེ་ཡང་དོན་ལ་སྔོན་གྱི་ཚེ་རྒྱལ་པོ་གང་དེས་བོད་དམག་ཁྲི་ཕྲག་བསྡུས་ནས་དྲག་པོའི་དཔུང་གིས་རྒྱ་གར་གྱི་མ་ག་དྷའི་སྲིད་བརླགས་པའི་དངོས་བྱུང་རྒྱལ་རབས་དུམ་བུ་ཞིག་ཡིན་མོད།   ཕྱིས་གཏམ་རྒྱུད་གསར་བཟོ་ལ་བྱང་ཆུབ་པའི་སྐྱེས་བུ་གང་ཞིག་གིས་དེ་ཉིད་ཆོས་དང་འབྲེལ་བའི་མཛད་པ་ཞིག་གི་ཚུལ་དུ་བཟོ་བཅོས་བྱས་པར་སྣང་།  《རྒྱལ་རབས་གསལ་བའི་མེ་ལོང་》ལས་“རྒྱལ་པོ་སྐུ་ནར་མ་སོན་པའི་དུས་སུ་མ་ཞང་ཁྲོན་པ་སྐྱེས་ལ་སོགས་པ་བློན་པོ་ཆོས་ལ་མི་དགའ་བ་རྣམས་ཀྱིས་ཆོས་བྱར་མི་གནང་བའི་ཁྲིམས་བཅས་ནས།  ལྷ་སའི་ཇོ་བོ་རིན་པོ་ཆེ་རྒྱ་ཡུལ་དུ་སྐྱེལ་གྲབས་བྱས་པས།  མི་སྟོང་གིས་ཀྱང་མ་དྲངས།  མཁར་བྲག་ཏུ་ས་ཐམས་སུ་བཅུག་པས།  བློན་པོ་ཆོས་ལ་མི་དགའ་བ་ལ་ལ་ནི་སྨྱོ་འབོག་བྱུང་ནས་ཤི།  ལ་ལ་ནི་རྒྱབ་གས་ནས་ཤི།  མུ་གེ་དང་།  ནད་ཡམས་དང་།  བཀྲ་མི་ཤེས་པའི་ལྟས་མང་པོ་བྱུང་བས།  ལྟས་མཁན་ཐམས་ཅད་ཁ་མཐུན་པར་རྒྱའི་ལྷ་བྱེ་ཐམས་སུ་བཅུག་པས་ལན་འདུག་ཟེར་ནས།  ས་འོག་ནས་བཏོན་ཏེ།  རྒྱ་གར་དུ་སྐྱེལ་བར་བསམས་པས་དྲེའུ་གཉིས་ཀྱིས་ཐེག་ནས་མང་ཡུལ་དུ་ཕེབས་…”ཞེས་གཏམ་རྒྱུད་འགྲེལ་ཆགས་པ་ཞིག་བརྩམས་འདུག་པ་དེ་ཡང་།  སྔོན་གྱི་དངོས་བྱུང་རྒྱལ་རབས་ཤིག་ལ་ཕྱིས་སུ་སྐྱེས་བུ་གང་ཞིག་གིས་ཆོས་ལུགས་སྤེལ་བའི་དགོས་པ་ལ་དམིགས་ནས་འཕྲི་སྣོན་བྱས་པ་ནི་གསལ་བོར་རྟོགས་ཐུབ།

《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས་རྒྱ་གར་དགེ་སློང་རྣམ་གཉིས་བོད་དུ་འཕགས་པ་སྤྱན་རིས་གཟིགས་ཀྱིས་སྤྲུལ་བསྒྱུར་མཛད་པའི་རྒྱལ་པོ་ཆེན་པོ་ཞིག་ཡོད་པར་ཐོས་པས།  བོད་དུ་ཕེབས་པར་རྒྱལ་ཁམས་སུ་འབངས་རྣམས་སྡུག་བསྔལ་གྱི་གདུང་བ་དང་།  ཁྲིམས་ཀྱིས་བཀུམ་པའི་བེམ་པོས་ས་གཞི་ཁྱབ་པ་ཀུན་མཐོང་བས།  དགེ་སློང་གཉིས་དད་པ་བོར་ནས་ཕྱིར་ལོག་པ་རྒྱལ་པོས་མཁྱེན་ནས་སྤྱན་རིས་གཟིགས་ཀྱི་རང་གཟིགས་བསྟན་པས།  དགེ་སློང་གཉིས་དད་པ་སྐྱེས་ཤིང་།  འབངས་རྣམས་སྡུག་བསྔལ་གྱི་གདུང་བ་དང་ཁྲིམས་ཀྱིས་བཀུམ་པའི་བེམ་པོ་དེ་དག་ཀྱང་ལས་ཀྱི་སྒྲིབ་པ་མ་དག་པས་སྣང་བ་ཞེས་སོགས་འབྱུང་བ་ལྟ་བུའོ། །  ཆོས་འབྱུང་དེ་དག་ལས་བྱུང་བའི་ངག་སྒྲོས་དག་ལ་གཞིགས་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱ་གར་གྱི་མ་ག་དྷར་དམག་དཔུང་ལྟོས་ཆེ་བ་དྲངས་ནས་དབང་དུ་བསྡུས་པ་དང་།  བློན་ཆེན་པོ་མ་ཞང་ཁྲོན་པ་སྐྱེས་སོགས་ཀྱིས་ཆོས་བྱེད་མི་ཆོག་པའི་ཁྲིམས་བཅས་ནས་ལྷ་ཁང་དག་གཏོར་བརླགས་བཏང་བ་དང་།  རྒྱལ་པོ་སྲོང་བཙན་སྒམ་པོའི་སྲིད་རིང་ལ་འབངས་ཁྲིམས་དང་དམག་ཁྲིམས་བཙན་དྲགས་པས་མི་མང་ཆེ་བར་སྲོག་ཁྲིམས་གཅོད་པའི་ལུགས་སྲོལ་ཤུགས་ཆེན་དུ་དར་ཡོད་པ་སོགས་རྟོགས་ཐུབ་པ་ཡིན་པས།  གཞན་དག་ལ་དེ་ཙམ་གྱིས་རིགས་འགྲེལ་གྱིས་འགྲོ་མི་ཐུབ་གང་ཡང་མེད་དོ། །

དེབ་དཀར་རྗེས་ཀྱི་ལོ་རྒྱུས་བརྩམས་ཆོས་དག་ལ་སྤྱིའི་ཆ་ནས་ཆོས་ལུགས་ཀྱི་ཤུགས་རྐྱེན་ཆེར་ཐེབས་པ་མེད་པར་ཐམས་ཅད་དངོས་གཙོ་རྩོད་སྒྲུབ་རིག་པའི་ཕྱོགས་ནས་ལངས་པ་ཤས་ཆེར་སྣང་མོད།  དེ་དག་ལ་ཡང་ཆབ་སྲིད་ཀྱི་བཀག་རྒྱ་ཅི་རིགས་དང་བཅས་པས་ན།  སྔོན་གྱི་དོན་བྱ་ཇི་བཞིན་རྟོག་བྱེད་ཀྱི་ལོ་རྒྱུས་བརྩམས་ཆོས་ཤིག་ཏུ་ནི་འཇོག་ཐབས་བྲལ།  དཔེར་བརྗོད་ཙམ་དུ་སྨྲོས་ན།  《དེབ་ཐེར་ཀུན་གསལ་མེ་ལོང་》དང་《ལོ་རྒྱུས་ཀུན་གསལ་མེ་ལོང་》སོགས་བོད་ཀྱི་གནའ་རབས་ལོ་རྒྱུས་སྨྲ་བར་རིགས་ལམ་ཤིན་ཏུ་འཁྱོག་པོར་གྱུར་པའི་ལོ་རྒྱུས་བརྩམས་ཆོས་འགའ་ཞིག་དང་།  《བོད་ཀྱི་ལོ་རྒྱུས་རག་རིམ་གཡུ་ཡི་ཕྲེང་བ་》དང་།  《བོད་ཀྱི་ལོ་རྒྱུས་》སོགས་བོད་ཀྱི་ཉེ་རབས་ལོ་རྒྱུས་ལོག་པར་བརྗོད་པར་བག་མི་ཚ་བའི་ལོ་རྒྱུས་བརྩམས་ཆོས་བརྩིས་ཀྱིས་མཐའ་མི་ཆོད་པའི་རྣམ་གྲངས་སུ་སྣང་།  གཞན་ཡང་དབུས་གཙང་གི་ངག་སྨྲ་ནུས་པ་ཚུན་ཆད་ནས་ཕྱོགས་འདི་འདྲའི་བརྩམས་ཆོས་བྲིས་པ་དག་རེ་རེ་བཞིན་ཤོག་ངོར་ཕབ་ན།  བཀའ་བསྟན་གྱི་དཀར་ཆག་གི་བམ་ཚད་ལོན་པའི་ཚོད་ཙམ་དུ་ཡོད་མོད།  ནང་ཤེས་བརྒྱུད་ཀྱི་རིག་པ་མཐའ་དག་ལ་དཔྱོད་པ་མཐར་ཟད་ཀྱི་དུས་འདིར་གནས་ལུགས་ཀྱིས་དབུལ་ཞིང་།  སྲིད་དང་རིགས་ཀྱི་ཤེས་རབ་འཁྱལ་བར་བྱེད་པའི་སྒྲོ་སྐུལ་གྱི་འཆལ་གཏམ་འདི་འདྲ་ནི་ཅི་རིགས་འབྱུང་བ་ཡིན་པས།  འཁྲེལ་མེད་བག་མེད་ལ་གོམས་པ་མཐར་ཕྱིན་པའི་སྐྱེ་བོ་དེ་དག་ལ་ནི་གང་འདོད་བྱུང་རྒྱལ་དུ་སྨྲ་བའི་དབང་སྟེར་བ་ལས་ཐབས་གཞན་ཅི་ཡང་ཡོད་པ་མིན།    དེབ་དཀར་རྗེས་ཀྱི་ལོ་རྒྱུས་བརྩམས་ཆོས་དག་ལས་བོད་ཀྱི་གནའ་དེང་གི་ལོ་རྒྱུས་སྨྲ་བར་ཅུང་ཙམ་བདེན་ཕྱོགས་སུ་ཡོད་པ་ནི་《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་》དང་《བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག་》གཉིས་ཡིན།  བརྩམས་ཆོས་འདི་གཉིས་ཀྱང་ཚིག་སྒྲོས་ཀྱི་འགྲོས་ནི་གོང་དུ་སྨྲས་པའི་ལོ་རྒྱུས་བརྩམས་ཆོས་དག་དང་འདྲ་ཆེ་མོད།  ཀློག་པའི་ཚེ་རིག་པ་གྲུང་བོར་བྱས་ནས་ཚིག་སྔ་ཕྱི་དག་ཞིབ་ཏུ་བསྒྲིགས་ན།  སྦས་དོན་གྱི་ཆ་དེ་དག་དྲང་ཕྱོགས་སུ་ཡོད་པ་གསལ་བོར་གོ་བ་ལེན་ཐུབ་པ་ཡིན།

དེ་དག་དང་འབྲེལ་བའི་《དེབ་ཐེར་དཀར་པོའི་》སྐོར་གྱི་བཤད་པ་ནི་འོག་གི་ས་བཅད་བཞི་ལས་རག་ཙམ་ཞིག་འབྱུང་ངོ་། ། གཞན་ཡང་ལོ་རྒྱུས་བརྩམས་ཆོས་ཤིག་ལ་ཚང་དགོས་པ་ནི་ལོ་རྒྱུས་ཕྱིར་རྟོག་རིག་པའི་ཁྱད་ཆོས་ཡིན།  འོན་ཀྱང་།  རྒྱལ་ཁབ་བམ་མི་རིགས་ཤིག་ལ་གང་དེའི་སྤྱིའི་ལོ་རྒྱུས་ཆ་ཚང་གསལ་པའི་ལོ་རྒྱུས་སྤྱི་བཤད་རེ་ཡོད་ངེས་ཤིང་།  ལོ་རྒྱུས་སྤྱི་བཤད་དེ་དང་།  གནའ་བོའི་ལོ་རྒྱུས་ཡིག་རྙིང་སོགས་ནི་སྐབས་འདིའི་ལོ་རྒྱུས་ཕྱིར་རྟོག་རིག་པའི་ཁྱད་ཆོས་ཚང་དགོས་པའི་ལོ་རྒྱུས་བརྩམས་ཆོས་ཀྱི་གྲས་སུ་མི་འདུ་བ་ཡིན།  ལྷག་དོན་དུ་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པ་དང་ལོ་རྒྱུས་བརྩམས་ཆོས་ལ་ཞིབ་འཇུག་བྱེད་གཉིས་ལ་ཡང་ཁྱད་པར་ཡོད་དེ།  ལོ་རྒྱུས་ལ་ཞིབ་འཇུག་བྱེད་པ་ནི་དུས་རབས་གང་ཞིག་གི་སྲོལ་རྒྱུན་རིག་གནས་དང་ལམ་ལུགས།  དོན་རྐྱེན།  འཕེལ་རིམ་སོགས་ཀྱི་དགེ་སྐྱོན་ཅི་རིགས་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས།  དེ་དག་གིས་དེང་རབས་ཀྱི་རིག་གནས་ལ་བཟང་ངན་གང་ཞིག་གིས་ཤུགས་རྐྱེན་ཐེབས་ཚུལ་ལམ་ཉམས་མྱོང་སོགས་གཙོ་བོར་བརྗོད་པ་ཞིག་ཡིན་དགོས་ཤིང་།  ལོ་རྒྱུས་བརྩམས་ཆོས་ལ་ཞིབ་འཇུག་བྱེད་པ་ནི་དཔྱད་གཞིིའི་དེབ་ཐེར་གང་དེའི་བརྗོད་བྱ་དག་ལོ་རྒྱུས་དངོས་ལ་མཐུན་མིན་དང་།   རྗོད་བྱེད་ཚིག་ལ་འཁྲུལ་བ་ཡོད་མེད།  རྩོམ་པ་པོའི་བསམ་བློ་སོགས་གཙོ་བོར་བརྗོད་པ་ཞིག་ནི་ཡིན་དགོས་པར་འདོད།  དེ་བས་འདིར་ཡང་རྣམ་བཞག་དེ་ལས་མ་འདས་པར་བཤད་ཡོད་པ་ལས།  ལོ་རྒྱུས་ཕྱིར་རྟོག་གི་རིགས་ལམ་སྤྱད་ནས་ལོ་རྒྱུས་བརྩམས་ཆོས་ལ་དབྱེ་ཞིབ་བྱེད་པའི་དཔྱད་ཐབས་ཤིག་ད་རུང་བསམ་བློ་ཇི་ལྟར་བཏང་ཡང་མ་རྙེད་དོ། །

ལོ་རྒྱུས་ཕྱིར་རྟོག་རིག་པའི་སྤྱི་དོན་ནི་སྤྱིར་ལོ་རྒྱུས་ཞེས་པ་ནི་དོན་གྱིས་སྲོལ་རྒྱུན་རིག་གནས་དང་སྲོལ་རྒྱུན་ལམ་ལུགས་གཉིས་ཀྱི་འགྱུར་བའམ་དེ་གཉིས་ཀྱིས་སྤྱི་ཚོགས་གང་ཞིག་ལ་རྒྱུན་མི་ཆད་པར་ཤུགས་རྐྱེན་ཐེབས་ཚུལ་གྱི་རིམ་པ་ཙམ་ཡིན་ཞིང་།  སྲོལ་རྒྱུན་གྱི་རིག་གནས་དང་ལམ་ལུགས་དེ་གཉིས་ཀྱིས་རྒྱུན་མི་ཆད་པར་དུས་རིམ་མི་འདྲ་བའི་རིགས་མཐུན་གྱི་སྤྱི་ཚོགས་སྣ་ཚོགས་བསྐྱེད་པ་ཡིན་པས།  ལོ་རྒྱུས་གསར་རྩོམ་གྱི་དགོས་པ་ནི་སྲོལ་རྒྱུན་གྱི་རིག་གནས་དང་ལམ་ལུགས་དེ་གཉིས་ཀྱི་འབྱུང་རྐྱེན་དང་ངོ་བོ།  ཁྱད་ཆོས།  བསྐྱེད་འབྲས།  སྐྱོན་ཆ་དག་ལ་ཕྱིར་རྟོག་གཏིང་ཟབ་བྱས་ནས་དེ་དག་དང་དེང་རབས་བར་གྱིི་འགལ་འབྲེལ་སོགས་གསལ་བོར་བརྗོད་དེ་སྤྱི་ཚོགས་གང་ཞིག་གི་མ་འོངས་པར་ལམ་སྟོན་བྱེད་པ་ཙམ་ཡིན།  གལ་ཏེ་མི་རིགས་གང་ཞིག་གི་ལོ་རྒྱུས་བརྩམས་ཆོས་དག་ལ་ལོ་རྒྱུས་ཕྱིར་རྟོག་རིག་པས་སྟོང་ཚེ།  གཅིག གང་དེའི་སྤྱི་ཚོགས་ཀྱི་སྐྱེས་བུ་རྣམས་ཀྱིས་འདས་པའི་དགེ་སྐྱོན་སོགས་ཀྱིས་གསལ་བར་སྟོན་པའི་ཉམས་མྱོང་ཅི་རིགས་ལ་བསམ་ཤེས་བྱེད་མི་ཐུབ་པས།  སྤྱི་དང་སྒེར་གྱི་ཤེས་རབ་འཕེལ་བའི་གེགས་སུ་འགྲོ་བར་ངེས།  གཉིས།  མི་རིགས་གང་ཞིག་གིི་ལོ་རྒྱུས་བརྩམས་ཆོས་དག་ལ་ལོ་རྒྱུས་ཕྱིར་རྟོག་རིག་པའི་ཁྱད་ཆོས་དང་བྲལ་བར་གྱུར་ན།  ལོ་རྒྱུས་བརྩམས་ཆོས་དེ་དག་ལ་སྐྱེས་བུ་སྒེར་གྱི་བསམ་གཞིག་གིས་སྟོང་བ་དང་།  གང་བཤད་རྣམ་ཐར་ཙམ་དུ་ཟད་པའི་སྐྱོན་ཆེན་པོ་གཉིས་དང་བཅས་པས།  མི་རིགས་གང་དེར་ལོ་རྒྱུས་བརྩམས་ཆོས་བརྒྱ་ཕྲག་ཅིག་ཡོད་ཀྱང་དོན་གྱིས་ལོ་རྒྱུས་བརྩམས་ཆོས་གཅིག་ཏུ་འགྱུར་ཞིང་།  དེ་བཞིན་ལོ་རྒྱུས་མཁས་པ་བརྒྱ་ཕྲག་ཅིག་ཡོད་ཀྱང་དོན་དུ་ལོ་རྒྱུས་མཁས་པ་གཅིག་ལས་མེད་པར་འགྱུར་བ་ཡིན།  གནད་འདིའི་སྐོར་ནས་དེ་ཙམ་གྱིས་འཐུས་པར་བྱེད་དེ་རྒྱས་པ་ཞིག་ནི་རྗེས་སུ་བདག་གིས་《ལོ་རྒྱུས་ཕྱིེར་རྟོག་རིག་པ་》ཞེས་པའི་དཔེ་དེབ་ཅིག་རྩོམ་འཆར་ཡོད་པས།  དེ་རུ་རྒྱས་བཤད་ཅིག་འབྱུང་བས་མོས་ཅན་དག་གིས་དེར་གཟིགས་པར་འཚལ།

བསྟན་པ་བར་དར་གྱི་དུས་རབས་ནི་བཙན་པོའི་རིག་གནས་གཙོས་པའི་འཇིག་རྟེན་རིག་གནས་ཐ་དག་རབ་ཏུ་རྒུད་པའི་ལམ་དུ་ཕྱོགས་པ་དང་།  ཆོས་དང་འབྲེལ་བའི་རིག་གནས་སྣ་ཚོགས་ཤིག་ཤིན་ཏུ་དར་བའི་དུས་ཚིགས་ཤིག་ཡིན་ཞིང་།  དེར་བརྟེན་དབུས་གཙང་ཁམས་གསུམ་གྱི་ས་ཁུག་སོ་སོར་ཆོས་རྒྱུད་མི་འདྲ་བ་ཅི་རིགས་དར་ཁྱབ་ཏུ་ཕྱིན་པ་དང་།  མཁས་པ་དུ་མ་རྒྱ་གར་དུ་ཐོས་བསམ་ལ་ཕྱིན་ནས་རང་རང་གི་ཆོས་རྒྱུད་དག་ཁུངས་བཙུན་པར་སྟོན་ཆེད་མདོ་རྒྱུད་ཀྱི་རྒྱ་གཞུང་དུ་མའི་ལུང་ཚིག་དྲངས་ནས་བསྟན་བཅོས་མཛད་ཅིང་།  དེའི་ཤུགས་རྐྱེན་གྱིས་རྗེས་སུ་ཆོས་འབྱུང་ལོ་རྒྱུས་རྩོམ་པ་པོ་རྣམས་ཀྱིས་ཀྱང་རང་ཉིད་ཀྱི་བརྩམས་ཆོས་ཁུངས་བཙུན་པར་སྟོན་ཆེད་དུ།  ལུང་བསྟན་དང་གཏེར་བྱོན་སྣ་ཚོགས་ལས་ལུང་དྲངས་ནས་དཔྱད་གསུམ་གྱིས་དག་པའི་རིག་པ་བཏོན་པའི་ཁུལ་མཛད་དེ།  དོན་དམ་དུ་ལོ་རྒྱུས་ཞེས་པ་ཚུལ་ཇི་ལྟར་འཆད་དགོས་པའི་སྐོར་ལ་ཞིབ་པར་མ་བརྟག་པ་པའི་ཚོད་ཙམ་དུ་ཟད།  གཞན་ཡང་།  བསྟན་པ་བར་དར་གྱི་སྐབས་ནས་བཟུང་ཆོས་འབྱུང་ལོ་རྒྱུས་དུ་མ་གཅིག་རྗེས་གཉིས་མཐུད་ཀྱི་ཚུལ་དུ་བྱུང་ཞིང་།  ཆོས་འབྱུང་རྩོམ་པ་པོ་དག་ཀྱང་ཆོས་ཞེན་དང་དག་སྣང་ཆེ་བའི་ཆོས་ལུགས་པ་ཤ་སྟག་ཏུ་སོང་གཤིས།  སྔོན་གྱི་རྒྱལ་རབས་རིམ་བྱོན་གྱི་དུས་སུ་ནང་བསྟན་ཆོས་ལུགས་ལ་དར་རྒུད་ཀྱི་ལོ་རྒྱུས་སྣ་ཚོགས་བྱུང་བའི་ངག་སྒྲོས་དང་ཚིག་དུམ་རེ་རྙེད་པས་རྐྱེན་སྦྱར་ནས།  ཆོས་ལུགས་ལ་མཐུན་རྐྱེན་སྦྱར་བའི་རྒྱལ་པོ་ཆེན་པོ་དག་ལ་ནི་“སྤྲུལ་བའི་རྒྱལ་པོ་”དང་“ལྷ་”ཞེས་བསྟན་བཅོས་ལས་དྲངས་པའི་ཞེ་ཚིག་ཅི་ནུས་ཀྱིས་བཏགས་ཤིང་།  ཆོས་ལ་གནོད་པའི་ལས་བགྱི་བའི་རྒྱལ་པོ་ཆེན་པོ་དང་བློན་ཆེན་པོ་དག་ལ་ནི་“བདུད་”དང་“དུད་འགྲོ” “ཤ་ཚུགས་ཅན་”སོགས་རྣ་བར་མི་སྙན་པའི་མིང་སྣ་ཚོགས་ཀྱིས་འབོད་པར་སྣང་།  མིང་ལ་ཆོས་འབྱུང་ལོ་རྒྱུས་ཞེས་བཏགས་ཀྱང་དོན་དུ་གཏམ་བརྒྱུད་དུ་ཙམ་སོང་བའི་བརྩམས་ཆོས་དེ་དག་ལ་ཡང་རྩོམ་པ་པོ་རང་ཉིད་ཀྱི་བསམ་ཚུལ་ཅུང་ཙམ་རེ་ལྡན་པས།  ལོ་རྒྱུས་ཕྱིར་རྟོག་རིག་པའི་ཁྱད་ཆོས་ཕྱོགས་ཙམ་རེ་ལྡན་པ་ཡིན།  འོན་ཀྱང་།  ཆོས་འབྱུང་དེ་དག་གཙོ་བོ་ཕྱོགས་འཁྱེར་གྱིས་བྲིས་པ་དང་།  སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་དང་དགེ་སྐྱོན་སོགས་གླེང་བ་ཟུར་ཙམ་ཡང་མི་སྣང་བས།  ལོ་རྒྱུས་ཕྱིར་རྟོག་རིག་པའི་ཁུངས་སུ་འདུ་བ་མ་ཡིན།

དུས་རབས་ཉི་ཤུ་བའི་སྨད་དང་ཉེར་གཅིག་པའི་སྟོད་དུ་བྲིས་པའི་ལོ་རྒྱུས་བརྩམས་ཆོས་ཤིན་ཏུ་མང་མོད།  དེ་དག་མང་ཆེ་བ་ནི་གོང་དུ་བརྗོད་པ་ནང་བཞིན་བརྗོད་བྱ་རྗོད་བྱེད་གང་ཐད་ནས་ཀྱང་ཐམས་ཅད་གཅིག་མཚུངས་སུ་གྱུར་པས།  ལོ་རྒྱུས་བརྩམས་ཆོས་སྣ་གཅིག་བཀླགས་པས་ཡོད་ཚད་ལ་ཁེབས་པའི་སྣང་ཚུལ་འབྱུང་།  ཡིན་ཡང་།  ལོ་རྒྱུས་བརྩམས་ཆོས་དེ་དག་ལས་འགའ་ཞིག་ལ་ནི་ལོ་རྒྱུས་ཕྱིར་རྟོག་རིག་པའི་ཁྱད་ཆོས་འབུར་དུ་ཐོན་འདུག་པར་སྣང་སྟེ།  དེ་ཡང་འདི་ལྟ་སྟེ།  《བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་ལ་དཔྱད་པ་》དང་།  《མདའ་དང་འཕང་།  (སྨད་ཆ། )》 《དུས་དགུ་པའི་ནང་དུ་ནང་བསྟན་ཆོས་ལུགས་བསྣུབས་པའི་རྒྱུ་རྐྱེན་ལ་ཅུང་ཙམ་དཔྱད་པ་། 》 《ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་སྲིད་ལུགས་གསར་བསྒྱུར་གྱི་མཛོད་སྒོ་སྤེལ་བ་ལས་འཕྲོས་པའི་ལོ་རྒྱུས་གཏམ་ནོར་བུའི་མེ་ལོང་། 》བཅས་ཡིན་ཞིང་།  དེ་དག་ལས་ལོ་རྒྱུས་བརྩམས་ཆོས་ཤིག་གི་ཁྱད་ཆོས་དམིགས་བསལ་དུ་ཐོན་ཡོད་པ་ནི་ཕྱི་མ་འདི་ཡིན་ལ།  སྐོར་འདི་སྐབས་དོན་དུ་མ་བབས་པས་རྗེས་སུ་འབྲི་བར་ངེས།  གོང་དུ་གནའ་དེང་གི་བོད་ཀྱི་ལོ་རྒྱུས་བརྩམས་ཆོས་དག་ལ་ཕྱོགས་གཉིས་ནས་དཔྱད་འཇོག་བྱས་ནས་ལོ་རྒྱུས་བརྩམས་ཆོས་ཀྱི་ངོ་བོ་རག་ཙམ་ཞིག་ནི་གླེང་ཟིན་ལ།  སྐབས་དོན་《གནའ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་ལ་དཔྱད་པ་དྭངས་གསལ་མེ་ལོང་》ལ་ཁྱད་ཆོས་དེ་གཉིས་ལྡན་མིན་གྱི་བཤད་པ་ཞིག་ནི་སོང་ན་ལེགས་མོད།  བཤད་བྱ་འཕྲོས་པར་དོགས་པས་འོག་གི་ས་བཅད་བཞི་བ་ལས་རག་ཙམ་ཞིག་གླེང་བར་བྱའོ། །

གཉིས་པ།  ལོ་རྒྱུས་བརྩམས་ཆོས་འདི་ཉིད་གླེང་བའི་དགོས་པ་མདོར་བཤད་པ།

དེ་ཡང་བོད་ཀྱི་ལོ་རྒྱུས་བརྩམས་ཆོས་ཀྱི་བྱུང་རིམ་ནི་དུས་རིམ་གྱི་ཆ་ནས་རྣམ་པ་བཞིར་དབྱེ་བར་རིགས་པར་འདོད་དེ།  ངག་རྒྱུན་གྱི་དུས་རབས་དང་།  རྡོ་རིང་གི་དུས་རབས།  ཆོས་འབྱུང་གི་དུས་རབས།  འཇིག་རྟེན་སྲིད་ལུགས་ཀྱི་དུས་རབས་བཅས་སོ། །  ངག་རྒྱུན་གྱི་དུས་རབས་ནི་མཐོང་སྒང་འདིར་མིའི་འགྲོ་བ་ཆགས་པ་ནས་བཙན་པོ་སྲོང་བཙན་གྱི་སྲིད་དབང་བཟུང་བའི་བར་དུ་འཇོག་རིགས་ཤིང་།  ཆོས་འབྱུང་དང་ཡིག་རྙིང་མང་དག་ལས་དེའི་བར་དུ་བོད་ཀྱི་ཆབ་སྲིད་སྒྲུང་གིས་བསྐྱངས་ཞེས་མང་དུ་འབྱུང་།  (གནས་སྐབས་སུ་འདི་ལྟར་བཤད་པ་ལགས་ཀྱི བོན་གྱི་བསྟན་འབྱུང་དང་ལོ་རྒྱུས་སོགས་ལས་བྱ་རུ་ཅན་གྱི་རྒྱལ་རབས་རྣམས་ཀྱི་དུས་ནས་ཀྱང་བོད་དུ་ཡི་གེ་འབྱུང་བའི་ལོ་རྒྱུས་མང་དུ་བཤད་ཅིང་།  ལོ་རྒྱུས་སྨྲ་བའི་དབང་པོ་ནམ་མཁའི་ནོར་བུའི་ཞང་བོད་ལོ་རྒྱུས་ཏི་སུའི་འོད་ལས་རིགས་པ་དང་ལྡན་པའི་རྒྱུ་མཚན་འགའ་ཞིག་དྲངས་ཡོད།   གཞན་ཡང་ནང་བསྟན་ཆོས་འབྱུང་ཕལ་མོ་ཆེར་ཡང་པུ་དེ་གོང་རྒྱལ་གྱི་དུས་སུ་ཞང་ཞུང་ལས་གཤེན་པོ་བརྒྱ་ཕྲག་སྤྱན་དྲངས་ནས་བོན་གཞུང་དུ་མ་བོད་དུ་བསྒྱུར་བའི་ལོ་རྒྱུས་མང་དུ་འབྱུང་ལ།  ཉང་རལ་ཉི་མ་འོད་ཟེར་གྱི་ཆོས་འབྱུང་ལས་ཀྱང་ཁྲི་སྤེ་བཙན་པོའི་དུས་ནས་བོད་དུ་ཡི་གེ་འབྱུང་བའི་ལོ་རྒྱུས་སོགས་མང་དག་འབྱུང་བས།  འདིར་མཐའ་གཅིག་ཏུ་ནི་བོད་ཡིག་སྲོང་བཙན་གྱི་སྲིད་དུས་སུ་གསར་དུ་འབྱུང་བར་ཁ་ཚོད་གཅོད་པར་མི་ནུས་སོ། ། ) རྡོ་རིང་གི་དུས་རབས་ནི་བཙན་པོ་སྲོང་བཙན་གྱིས་གང་གཱའི་འགྲམ་དུ་རྡོ་རིང་བཙུགས་ནས་བརྩིས་པའི་བཙན་པོ་ཁྲི་རལ་བ་ཅན་གྱི་བར་དུ་འཇོག་རིགས་ཤིང་།  བཙན་པོ་མང་སྲོང་མང་བཙན་གྱི་སྲིད་དུས་ནས་རྒྱལ་བློན་དང་དམག་དོན་དང་ཁྲལ་བསྡུའི་འགྲོ་ལུགས་སོགས་བྱང་བུ་སོགས་སུ་བཏབས་པའི་སྲོལ་ཡོད་ཀྱང་།  ལོ་རྒྱུས་བརྩམས་ཆོས་རྙིང་གྲས་སོགས་སུ་རྒྱལ་བློན་སོགས་ཀྱི་ལས་དོན་ཕལ་མོ་ཆེ་གཙོ་ཆེར་རྡོ་རིང་གི་ངོགས་སུ་བཀོད་པའི་སྲོལ་ཡོད་པར་བཤད་པས།  འདིར་ཡང་ལོ་རྒྱུས་བརྩམས་ཆོས་རྙིང་པ་དེ་དག་གི་བཤད་ཚུལ་དབང་བཙན་པར་བྱས་པ་ཡིན།

ཆོས་འབྱུང་གི་དུས་རབས་ནི་བཙན་པོའི་རྒྱལ་རབས་འཐོར་ཞིག་གི་དུས་རབས་དང་བསྟན་པ་བར་དར་གྱི་དུས་རབས་བཅས་སུ་འཇོག་རིགས་པ་ཀུན་ལ་ཡོངས་གྲགས་སུ་གྱུར་བས་ནན་བཤད་ཀྱི་ངལ་བ་ལེན་པའི་དགོས་པ་ཆེར་མ་མཐོང་།  འཇིག་རྟེན་སྲིད་ལུགས་ཀྱི་དུས་རབས་ནི་སྐྱེས་བུ་ཆེན་པོ་དགེ་འདུན་ཆོས་འཕེལ་གྱིས་《རྒྱལ་རབས་དེབ་ཐེར་དཀར་པོ་》མཛད་པ་ནས་ད་ལྟའི་བར་དུ་འཇོག་རིགས་པ་ཡིན།  དུས་རིམ་མི་འདྲ་བ་དེ་དག་གི་ནང་དུ་འབྱུང་བའི་ལོ་རྒྱུས་བརྩམས་ཆོས་དེ་དག་ལས་ས་བཅད་འདིར་འདིར་ཆེད་དུ་བརྗོད་པར་བྱ་བ་ནི་ཆོས་འབྱུང་གི་སྐོར་ཡིན།  ཆོས་འབྱུང་བརྩམས་ཆོས་དེ་དག་ཀྱང་བསྟན་པ་བར་དར་གྱིས་དུས་ནས་བྱུང་བ་ཡིན་ཞིང་།  ཆོས་འབྱུང་ཕལ་མོ་ཆེར་སྔོན་གྱི་རྒྱལ་པོ་དང་བློན་པོ་རིམ་བྱོན་གྱི་མཚན་དང་མཛད་པ་ཅུང་ཙམ་རེ་སྣང་ཡང་།  དེ་ཡང་ཆོས་ཀྱི་བྱུང་བ་བརྗོད་པའི་ཞལ་ལ་བྱུང་བ་ཤ་སྟག་ཏུ་ངེས་ཤིང་།  ཆོས་འབྱུང་བརྩམས་ཆོས་དེ་དག་ལས་རེ་འགའ་ལ་ནི་རྒྱལ་རབས་ཀྱི་མཚན་སྦྱར་འགའ་ཞིག་སྣང་ཡང་།  གཙོ་ཆེར་ཆོས་ཀྱི་བྱུང་རིམ་བརྗོད་པ་འབའ་ཞིག་ཏུ་སོང་བས།  རྒྱལ་རབས་འཐོར་ཞིག་གི་དུས་རབས་དང་བསྟན་པ་བར་དར་གྱི་དུས་རབས་སུ་བྱུང་བའི་ཆོས་འབྱུང་ལོ་རྒྱུས་ཇི་སྙེད་དག་དོན་ལ་ཆོས་ཀྱི་བྱུང་བ་འབའ་ཞིག་ཏུ་སོང་བར་སྣང་།   ཆོས་འབྱུང་རྩོམ་པ་པོ་དེ་དག་ཀྱང་བསམ་ཡས་གཙུག་ལག་ཁང་དང་རྩེ་སློབ་གྲྭ་དང་དགོན་སྡེ་སོགས་ལས་བྱུང་བ་ཡིན་ཞིང་།  དུས་ཕྱིའི་ཙ་ན་བོད་མིའི་སེམས་ཁམས་དང་འདུ་ཤེས་འཛིན་སྟངས་སོགས་ཀྱང་ནང་ཆོས་ཀྱི་དགོངས་པ་དང་གཞི་གཅིག་ཏུ་འདྲིས་པས།  སྔོན་གྱི་རྒྱལ་བློན་འགའ་ཞིག་ནི་ལྷ་ཆེན་པོ་མིའི་རྣམ་པར་བྱོན་པར་འཛིན་ཅིང་།  སྔ་རྗེས་ཀྱི་ཆོས་འབྱུང་རྩོམ་པོ་དེ་དག་ཀྱང་འཇིག་རྟེན་གྱི་དེ་ཉིད་མངོན་པར་མཁྱེན་པའི་འཕགས་པ་རུ་སྣང་པས།  ཡུལ་ཁམས་སུ་ཆོས་ཀྱི་གླེག་བམ་གྱི་ཆར་བབ་པ་དང་བཙན་པོ་གང་ཞིག་སྐྱེས་བོ་རེ་འགའ་བས་རྩིས་ཀྱིས་མི་ཟིན་པའི་དམག་རྟ་རུ་རྣམ་པར་སྤྲུལ་བའི་འཁྲུལ་སྣང་གི་རིག་པ་ཙམ་ལས།  གནའ་བོའི་རྒྱལ་བློན་རིམ་བྱོན་གྱི་དུས་སུ་བརྩམས་པའི་འཇིག་རྟེན་དང་སྐྱེས་བུའི་ཚུལ་བབ་དང་མཐུན་པའི་རྒྱལ་རབས་བརྩམས་ཆོས་སོགས་ནི།  སྣང་ཚོད་དང་གནས་ཚོད་རྣམ་པར་འབྱེད་མི་ནུས་པའི་སོ་སྐྱེས་ཐ་མལ་བ་དག་གིས་བྲིས་པའི་མཐོང་ཚུལ་འཛིན་པའི་ཚོད་དུ་སླེབས་པས།  བཙན་པོའི་དུས་སུ་ཡི་གེར་བཏབས་པའི་ལོ་རྒྱུས་གཙུག་ལག་དེ་དག་བར་སྐབས་ཤིག་ནས་བདག་པོ་དང་དོ་སྣང་གི་ཡུལ་དང་བྲལ་བས་འབྱུང་བཞིའི་བལ་ལ་ཞ་བར་སྣང་།  ཆོས་འབྱུང་ལོ་རྒྱུས་རྩོམ་པ་པོ་དེ་དག་ཀྱང་དོན་ལ་མི་ཡིན་མོད་གདོད་མའི་ལྷ་སྒྲུང་དང་དག་སྣང་གི་འཁྲུལ་ཤེས་གཉིས་ཀྱི་སྒྲིབ་པ་མ་དག་པའི་སྐྱེ་བོ་ཕལ་མོ་ཆེས་ནི་དེ་དག་དུས་གསུམ་རྣམ་པར་མཁྱེན་པའི་སངས་འཕགས་སུ་དག་སྣང་སྦྱངས་པས།  དུས་ད་ལྟ་ཡང་ལོ་རྒྱུས་བརྩམས་ཆོས་གང་ཞིག་འདས་ཟིན་པའི་དོན་དག་ཇི་བཞིན་འཆར་བའི་མེ་ལོང་ཡིན་མིན་དེ་ཡང་དག་སྣང་གིས་ཐག་གཅོད་བཞིན་པ་འདི་ནི།  ཆོས་ལུགས་སྨྱོས་པ་རེད་དམ་མྱི་སྨྱོས་པ་རེད།

ལོ་རྒྱུས་ལོག་པར་སྨྲ་བའི་དོན་གྱི་གནད་འདི་ལ་གཞིགས་ནས་བར་སྐབས་སུ་རང་ཉིད་ཀྱི་ཤེས་རབ་དང་ཐོས་པས་ལྕོགས་ཚོད་ཀྱིས་《གནའ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་ལ་དཔྱད་པ་དྭངས་གསལ་མེ་ལོང་། 》ཞེས་པའི་ལོ་རྒྱུས་ལ་དགག་བཞག་རག་ཙམ་བྱེད་པའི་ཁུར་བླངས་པ་ཡིན་ཞིང་།  སྤྱིར་ལོ་རྒྱུས་བརྩམས་ཆོས་འདིར་རྒྱལ་བློན་རིམ་བྱོན་གྱི་མཛད་རྗེས་གོ་ལྡོག་པ་དང།  ས་མིང་མི་མིང་ལ་སྦྱར་བ།  བསྟན་མིང་མི་མིང་དུ་ནོར་བ།  ལོ་རྒྱུས་ཀྱི་དུས་རིམ་བསྒྲིགས་ནོར་ཐེབས་པ།  བརྗོད་བྱ་ཡང་ལོ་རྒྱུས་ཀྱི་ཆོས་ཉིད་དམ་གཏན་ཚིགས་དང་འགལ་བ།  རྗོད་བྱེད་ཚིག་ལ་ཡང་《རྒྱལ་རབས་དེབ་ཐེར་དཀར་པོ་》ལ་ལད་ཟློས་བྱས་པ།  རྒྱལ་རབས་ལོ་རྒྱུས་ཤིག་ཏུ་འཇོག་མི་རིགས་པ་སོགས་སྐྱོན་ཆ་རགས་ཤིང་རགས་པ་མང་དུ་མཆིས་མོད།  གོང་དུ་གསལ་བོར་བརྗོད་པ་ནང་བཞིན་ཤེས་རབ་འགྲན་བརྩོད་ཀྱིས་འཇིག་རྟེན་སྒུལ་བའི་དུས་རབས་འདིར་ཡང་རང་བྱུང་སྲོག་ཆགས་ཀྱི་ངང་ཚུལ་དུ་གནས་ཤིང་།  རྒན་པོ་ཉི་སྲོས་ཀྱི་རྣམ་ཐར་ཉམས་སུ་ལེན་པའི་མི་རིགས་འདིའི་སྐྱེས་བུ་འགའ་ཞིག་ནི་ལོ་རྒྱུས་ཀྱི་ཤེས་རབ་དང་བྲལ་ཞིང་།  འགའ་ཞིག་ལ་ནི་ལྷ་སྒྲུང་དང་དག་སྣང་གི་སྒྲིབ་པ་རྣམ་པར་མ་དག་པས་ལོ་རྒྱུས་ཀྱི་དེ་ཉིད་དཔྱོད་པའི་ཁུར་མི་ལྕོགས་ཕྱིར།  ལོ་རྒྱུས་དེ་ཡང་ཚུལ་ཇི་ལྟར་བྲིས་ཀྱང་དེ་ལ་གནོད་པ་གང་ཡང་མ་འབྱུང་བར་སྣང་།  འོན་ཀྱང་།  དེ་ཡང་སྣང་མེད་དང་རང་དགར་དུ་བཞག་ན་ལོ་རྒྱུས་རིག་པ་འཕེལ་བའི་དུས་དང་སྲོག་འཁེགས་པ་ཡིན་པས་ཅིས་ཀྱང་གླེང་བ་དང་དོགས་པའི་དགོས་པ་ཡོད་སྲིད་པ་ཡིན།  དེ་ལྟ་བུའི་ཀུན་སློང་ཞིག་གིས་སྐུལ་ནས་ལོ་རྒྱུས་བརྩམས་ཆོས་བྱུང་རིམ་ལས་འདིར་དམིགས་སུ་《གནའ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་ལ་དཔྱད་པ་དྭངས་གསལ་མེ་ལོང་》ལ་དགག་བཞག་བྱས་ན།  ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་《ཞྭ་སྒབ་པའི་(བོད་ཀྱི་སྲིད་དོན་རྒྱལ་རབས་)དང་བོད་ཀྱི་ལོ་རྒྱུས་དངོས་》ཞེས་པའི་ལོ་རྒྱུས་བརྩམས་ཆོས་མཛད་པ་ལྟ་བུ་མ་ཡིན་པར།  ཆབ་སྲིད་དང་ཆོས་ལུགས་ཀྱི་དབང་དུ་མ་སོང་པར་རང་ནུས་ཀྱིས་བློ་གཟུ་བོར་གནས་གང་ཐུབ་ཅི་ཐུབ་ཀྱིས་རྩོམ་ཡིག་འདི་ཉིད་འབྲི་ཁུལ་བྱས་ཡོད་ཅིང་།  དེ་ཡང་སྤྱིར་ལོ་རྒྱུས་བརྩམས་ཆོས་ཤིག་ཡིན་པ་ལ་བརྗོད་བྱ་རྗོད་བྱེད་གཉིས་ཆ་ནས་དུས་ཀྱི་རིམ་པ་ལྟར་སོང་ན་ལེགས་མོད།  འདིར་དོགས་པའི་གཞི་གང་དེའི་གོ་རིམ་གྱི་རྗེས་སུ་འབྲིང་ནས།  གྲི་གུམ་བཙན་པོའི་ལོ་རྒྱུས་དང་།  གནམ་རི་སྲོང་བཙན་གྱི་ལོ་རྒྱུས།  སྲོང་བཙན་སྒམ་པོའི་ལོ་རྒྱུས་བཅས་ས་བཅད་གསུམ་དང་།  འཕྲོས་དོན་དུ་གནའ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་དང་ལོ་རྒྱུས་བརྩམས་ཆོས་ཞེས་ས་བཅད་གཅིག་བསྣན་ནས་ས་བཅད་བཞིར་དབྱེ་ཡོད་ཀྱང་།  སྐབས་འགར་ཕྱི་ཚིག་སྔ་ཕྱི་ནང་འགལ་དུ་མཐོང་བ་སོགས་ཀྱི་སྐྱོན་ཆ་དག་གཤིབ་བསྡུར་བྱེད་པ་སྟབས་བདེ་ཡོང་ཆེད་དུ།  འདིར་རྩོམ་གྱི་ཚིག་འགྲོས་དེ་ཡང་དུས་ཀྱི་གོ་རིམ་ལྟར་བཏབས་མེད་དོ། །

 ས་བཅད་དང་པོ།  གྲི་གུམ་བཙན་པོའི་ལོ་རྒྱུས་དགག་གཞག།

《གནའ་རབས་སྲིད་དོན་ལོ་རྒྱུས་》ལས་(འོག་ཏུ་“གནའ་རབས་སྲིད་དོན་”དང་“བཤད་བྱའི་རྒྱལ་རབས་”ཞེས་པ་མཐའ་དག་སྐབས་འདིའི་བརྗོད་བྱར་གྱུར་བའི་བོད་ཀྱི་གནའ་རབས་སྲིད་དོན་ལོ་རྒྱུས་ལ་དཔྱད་པ་དྭངས་གསལ་མེ་ལོང་ཞེས་པར་གོ་དགོས་པ་ཡིན། ) “སྤྱིར་བོད་དུ་ཡི་གེ་མ་དར་བའི་སྔོན་གྱི་ལོ་རྒྱུས་རྣམས་དང་།  དེ་བཞིན་སྲིད་པ་ཞེས་འཇིག་རྟེན་ཆགས་རབས།  རུས་མཛོད་ཅེས་པ་མི་རིགས་ཀྱི་ཆད་ཁུངས།  གཞན་ཡང་སྒྲུང་དང་ལྡེའུ།  གཏམ་དཔེ།  གླུ་གཞས་སོགས་ཆེས་མང་བ་ད་ལྟའི་བར་ངག་རྒྱུན་ཁོ་ནར་གནས་ཡོད་ཅིང་།  བོད་དུ་གསང་སྔགས་དར་ནས་བཟུང་རྩ་ཆེའི་རིགས་ལ་སྙན་བརྒྱུད་དང་།  མན་ངག་ཅེས་ཤིན་ཏུ་གཙིགས་ཆེ་བར་བཟུང་ཡོད།  བོད་ཀྱི་གཏམ་དཔེར།  རྒྱ་ཡིག་ཐོག་དང་།  བོད་ཚིག་ཐོག་ཅེས།  ངག་ཐོག་ཏུ་ཡོད་པ་རྣམས་ལ་ཚད་འཛིན་གྱིས་ཁུངས་དག་པར་རྩི་སྲོལ་ཀྱང་དུས་ཕྱིས་བར་ཡོད།  རིམ་གྱིས་གོང་གསལ་དེ་རྣམས་ལས་ཡིག་ཐོག་བྲིས་པ་འགའ་ཞིག་ལས་ཆེས་མང་ཞིག་རྩ་བརླག་ཏུ་ཕྱིན་པ་རེད། ”ཅེས་འབྱུང་ལ།  མི་རིགས་དང་རྒྱལ་ཁབ་གང་ཞིག་ཡིན་རུང་ཆེས་ཐོག་མ་ནས་ཡི་གེ་བྱུང་བ་གཅིག་ཀྱང་མེད་པས།  ཐམས་ཅད་ལ་ཡི་གེ་མ་བྱུང་སྔོན་གྱི་བྱུང་བ་དང་ཡི་གེ་བྱུང་བའི་རྗེས་ཀྱི་ལོ་རྒྱུས་ཤིག་ནི་ཡོད་སྲིད་པ་ཡིན།  དེ་བཞིན་བོད་ཀྱི་འཚོ་བའི་བརྒྱུད་རིམ་དང་རིག་གནས་ཀྱི་བྱུང་བ་སོགས་ཀྱང་འཛམ་གླིང་གི་ལོ་རྒྱུས་ཀྱི་སྤྱི་འགྲོས་ལྟར་གཅིག་མཚུངས་སུ་སྣང་མོད།  འཚོ་བའི་བརྒྱུད་རིམ་དང་རིག་གནས་ཀྱི་བྱུང་བ་དང་ཤེས་རིག་གི་ཁྱད་ཆོས་སོགས་འབྱུང་བའི་དུས་རིམ་ནི་ཀུན་ལ་འདྲ་བ་མིན།  དེ་བས་ད་སྔ་ཡན་ཆོད་དུ་བྱུང་བའི་ཆོས་འབྱུང་དང་རྒྱལ་རབས་མང་ཆེ་བས་བོད་དུ་ཡི་གེ་འབྱུང་བའི་དུས་ཚིགས་ནི་སྤྱི་ལོ་དུས་རབས་བདུན་པའི་དཀྱིལ་དུ་ངོས་འཛིན་པ་ཡོངས་གྲགས་ཡིན་ལ།  གནའ་རབས་སྲིད་དོན་ལོ་རྒྱུས་འདིར་ཡང་དེ་དག་ལ་ཁུངས་བཅོལ་ནས་སློབ་དཔོན་ཐུ་མིའི་མཛད་པ་རྒྱས་ཙམ་ཞིག་བྲིས་ཤིང་།  ཀླད་ཀྱི་དོན་དུ་ཡང་བོད་དུ་ཡི་གེ་མ་དར་བའི་སྔོན་གྱི་ལོ་རྒྱུས་དང་ངག་རྒྱུན་སོགས་དུས་ཕྱིས་ཙ་ན་ཡང་ཚིག་ཐོག་ཁོ་ན་ལས་ཡིག་ཐོག་ཏུ་བཀོད་སྲོལ་མེད་པས།  གསང་སྔགས་དར་བའི་རྗེས་སུ་དེ་དག་སྙན་རྒྱུད་དང་མན་ངག་ལྟ་བུར་གནས་པར་བཤད་ཀྱང་།  ངེས་པར་དུ་བསམ་དགོས་པ་འདི་འདྲ་ཡོད་དེ།  《ཏུན་ཧོང་གཏེར་ཡིག་》ལས་“གནའ་ཡུལ་ཡུལ་ན་རྒྱལ་པྲན་དང་།  བློན་པོ་འདྀ་ལྟར་བབ་སྟེ།  མྱི་མང་གྀ་རྗེ།  ཡུལ་ཆེ་འྀ་བདག་བྱེད་བྱེད་པ་ལས།  རྒྱལ་པོ་བཙན་པ་དང་།  བློན་པོ་འཛངས་པ་དཀུའ་འོ་ཆེ་རྣམས་ཀྱིས།  གཆིག་ཤེས་གཆིག་བརླག་སྟེ།  འབངས་སུ་བཀུག་ན།  མཐའ་མ་འོ་ལྡེ་རྒྱལ་གྱྀ་དབུ་རྨོག་མ་ཐོབ་སྟེ།   ནར་ནྀ་ལྷར་གྱིས་མནརད།  ཐུན་ནྀ་རྗེ་ཐུན་གྱིས་བཐུན་ཏེ།  བཀུག་གོ། ། ”ཞེས།  རྒྱལ་ཕྲན་གྱི་དུས་རབས་ཏེ་སྤུལ་རྒྱལ་མ་ཚུགས་པའི་ཡར་སྔོན་དུ་ས་དབུས་མཐོ་སྒང་འདིའི་ཡུལ་ཐམས་ཅད་དུ་རྒྱལ་ཕྲན་དང་བློན་ཆེན་པོ་དག་གིས་དབང་མཛད་ནས།  ཕན་ཚུན་ལ་དམག་དྲངས་ནས་ས་ཁོངས་དང་བྲན་གཡོག་འཕྲོག་རྩོད་བྱས་ཤིང་།  མཐར་འོ་ལྡེ་སྤུར་རྒྱལ་འཁྲུག་པ་ལས་རྣམ་པར་རྒྱལ་ཏེ་མི་མཐུན་པ་དཔུང་གིས་བརླགས་པ་དང་མཐུན་པ་གྲོགས་སུ་སྡེབ་བའི་རྒྱལ་རབས་ལོ་རྒྱུས་རག་པ་ཞིག་བྱུང་ངོ་། །  《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས་“ལོ་ཏོག་ཟོས་པས་དེ་ཀུན་མི་ཉིད་གྱུར། །  མ་རྨོས་འབྲུ་ཟ་གོས་སུ་ཤིང་ལོ་གྱོན། །  ནགས་ན་རི་དྭགས་ལྟ་བུར་གནས་པ་ཡི། །  ཀློ་དང་མོན་ལྟར་སྤྱོད་པས་བོད་ཡུལ་གང་། ། ”ཞེས།  གདོད་མའི་དུས་ཀྱི་མིའི་འགྲོ་བ་བྱུང་ཚུལ་དང་འཚོ་བ་རོལ་ལུགས་སོགས་འབྱུང་ལ།   《ཏུན་ཧོང་གཏེར་ཡིག་》ལས་“ལྷ་གནམ་གྱྀ་སྟེང་ནས་གཤེགས་པའ།  གནམ་ལྷབ་ཀྱི་བླ་ན།  ཡབ་ལྷ་བདག་དྲུག་བཞུགས་པའི་སྲས།  གཅེན་གསུམ་གཅུང་གསུམ་ན།  ཁྲྀ་འྀ་བདུན་ཚྀགས་དང་བདུན།  ཁྲྀ་འྀ་བདུན་ཚྀགས་ཀྱྀ་སྲས།  ཁྲྀ་ཉག་ཁྲྀ་བཙན་པོ།  ས་དོག་ལ་ཡུལ་ཡབ་ཀྱྀ་རྗེ།  དོག་ཡབ་གྱི་ཆར་དུ་གཤེགས་སྭོ།  ”ཞེས།  སྤུར་རྒྱལ་གྱི་རྒྱལ་རབས་དང་པོ་ཁྲི་ཉག་ཁྲི་བཙན་པོའམ་ཡོངས་གྲགས་སུ་གཉའ་ཁྲི་བཙན་པོའི་ཡབ་ཡུམ་དང་གཅེན་གཅུང་སོགས་ཀྱི་མིང་གསལ་ལོར་བཀོད་པའི་ལོ་རྒྱུས་ཅུང་ཙམ་ཞིག་ཀྱང་བྱུང་ཡོད།  《དབོན་ཞང་རྡོ་རིང་》ལས་“ཡྀ་གེ་ཡང་སོ་སོའི་ཕྱག་སྦལ་དུ་བཞག་གོ། ”ཞེས་དང་།  《རྦ་བཞེད་》ལས་“བཙན་པོ་མངའ་བདག་གི་བཀའ་གཙིགས་ཀྱི་ཡི་གེ་ཞིབ་མོ་གསུམ་ལས།  གཅིག་ལྷ་ས་ན་ཡོད།  གཅིག་ཁམས་སུ་ཁྱེར།  གཅིག་རྗེའི་ཕྱག་ན་བཞུགས་སོ། ། ”ཞེས་བཙན་པོའི་སྐབས་སུ་སྲིད་ཀྱི་དོན་བྱ་དང་འབྲེལ་བའི་ཡིག་ཚང་དག་རྩིས་ཆེན་པོར་བཟུང་ནས་རྒྱལ་པོའི་བང་མཛོད་དུ་འཇོག་པའི་སྲོལ་ཡོད་པར་འབྱུང་།  ཡང་《ཏུན་ཧོང་གཏེར་ཡིག་》ལས་“ལྡེ་ཉག་ཁྲི་བཙན་པོ་དང་།  གནམ་མུག་མུག་དུ་བཤོས་པའྀ་སྲས།  མུག་ཁྲི་བཙན་པོ།  མུག་ཁྲི་བཙན་པོ་དང་ས་དྀང་དྀང་དུ་བཤོས་པའྀ་སྲས།  དྀང་ཁྲི་བཙན་པོ།  དིང་ཁྲི་བཙན་པོ་དང་།  སོ་ཐམ་ཐམ་དུ་བཤོས་པའྀ་སྲས།  སོ་ཁྲི་བཙན་པོ་”ཞེས། །  རྒྱལ་པོ་ཆེན་པོ་དེ་དག་དང་བཙུན་མོ་རྣམས་དང་སྲས་སོགས་ཀྱི་མཚན་རྣམས་རེ་རེ་བཞིན་གསལ་བོར་བཀོད་ཡོད་ཅིང་།  《བོད་ཀྱི་ལོ་རྒྱུས་ཀྱི་དཀའ་གནད་འགའ་ཞིག་ལ་དཔྱད་པ་》ཞེས་པ་ལོ་རྒྱུས་བརྩམས་ཆོས་འགའ་ཞིག་ཏུ་སྲས་འདི་དག་གི་མཚན་གྱི་ཐོག་མར་ཡུམ་གྱི་མིང་སྦྱར་བ་དང་།  མ་མ་གྲོ་ཞལ་སྐྱི་བརླིང་མས་སྲས་གྲི་གུམ་ལ་མཚན་བཏགས་པ་ལ་སོགས་ཚིག་རྐྱང་ཙམ་ལ་གནད་བཅོལ་ནས།  གནམ་གྱི་ཁྲི་བདུན་དང་གྲི་གུམ་བཙན་པོའི་སྐབབས་སུ་ཡང་མ་རྒྱུད་སྤྱི་ཚོགས་དར་ཁྱབ་ཆེ་བར་བཤད་འདུག་མོད།  བྲན་གཡོག་རྒྱལ་ཕྲན་དང་བྲན་གཡོག་རྒྱལ་ཁབ་སོགས་ཚུལ་ཇི་ལྟར་འབྱུང་བའི་རྒྱུ་རྐྱེན་སོགས་ལ་ཞིབ་ཏུ་མ་བརྟག་པའི་སྐྱོན་ཆ་ཡིན།  སྤྱིར་ཏུན་ཧོང་གཏེར་ཡིག་འདི་ཕལ་ཆེར་རྒྱལ་པོ་ཆེན་པོ་སྲོང་བཙན་དང་མང་སྲོང་མང་བཙན་གང་རུང་ཞིག་གི་དུས་སུ་བྲིས་པར་སྣང་སྟེ།  དེ་ལས་བྱུང་བའི་རྒྱལ་རབས་རྣམས་ལས་སྲོང་བཙན་ཡར་སྔོན་གྱི་རྒྱལ་རབས་དང་བློན་རབས་སོགས་ཀྱི་མཚན་དང་དེ་དག་གིས་སྲིད་སྐྱོང་ཚུལ་ལོ་རྒྱུས་ཤིན་ཏུ་རག་པ་རེ་མ་གཏོགས་མི་གསལ་ཞིང་།  སྲོང་བཙན་རྗེས་ཀྱི་རྒྱལ་རབས་རྣམས་སུ་རྒྱལ་པོ་དང་བློན་པོ་སོགས་ཀྱི་མཚན་དང་ལོ་ཚིགས།  སྲིད་ལུགས་སོགས་ཀྱི་ཚུལ་བཤད་པ་དག་ཞིབ་ཅིང་རྒྱས་པ་ཞིག་འབྱུང་བ་ལས་ཀྱང་གསལ་བོར་རྟོགས་ཐུབ།  ཏུན་ཧོང་གཏེར་ཡིག་ལས་བྱུང་བའི་རྒྱལ་རབས་འདི་ཙམ་ལ་གཞིགས་ན་ཡང་གསང་སྔགས་མ་དར་བའི་སྔོན་ནས་ཀྱང་བོད་དུ་རྒྱལ་རབས་ལོ་རྒྱུས་རྣམས་ཞིབ་ཚགས་ཀྱིས་ཡི་གེར་འགོད་པའི་སྲོལ་ཞིག་ཡོད་པ་རྒྱུ་མཚན་དུ་མས་བསྒྲུབ་ཐུབ་པ་ཞིག་རེད།  གོང་དུ་སོང་ཟིན་བ་ལྟར་རྒྱལ་རབས་ལོ་རྒྱུས་དེ་དག་ཡི་གེར་ཕབ་པའི་སྲོལ་འདི་སྲོང་བཙན་སྒམ་པོ་དང་མང་སྲོང་མང་བཙན་གང་རུང་གི་དུས་སུ་བྱུང་བ་ཡིན་ཞིང་།  སྐབས་དེར་བོད་ལ་གཉེན་དང་སྲིད་ཀྱི་འབྲེལ་བ་ཟབ་པའི་བྲན་གཡོག་རྒྱལ་ཁབ་དག་ནི་ཞང་ཞུང་དང་།  རྒྱ་གར།  རྒྱ་ནག ཏ་ཟིག་བཅས་ཡིན།  རྒྱ་གར་དང་ཞང་ཞུང་གཉིས་ལ་ནི་སྤྱི་ལོ་མ་ཚུགས་པའི་གོང་རོལ་ནས་ཀྱང་རིག་གནས་དང་སྲིད་ཀྱི་འབྲེལ་བ་ཡོད་ན་ཡང་།  ཞང་ཞུང་ལ་རྒྱལ་རབས་རིམ་བྱོན་གྱི་མཛད་རྗེས་དག་ཡི་གེར་བཀོད་པའི་སྲོལ་ཞིག་ཡོད་མེད་ཆ་མི་འཚལ་ལ།  རྒྱ་གར་ལ་གནའ་དུས་ནས་རིག་བྱེད་ཀྱི་བསྟན་བཅོས་སམ་ལྷ་སྒྲུང་དང་འབྲེལ་བའི་འཇིག་རྟེན་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་ཤིག་མེད་པར་གྲགས་ཤིང་།  ལྷག་དོན་རྒྱལ་པོ་ཆེན་པོ་སྲོང་བཙན་གྱི་སྲིད་རིང་ལ་གསར་དུ་རྒྱ་ནག་དང་ཏ་ཟིག་གཉིས་ལ་འབྲེལ་བ་བྱུང་བ་དང་།  བྲན་གཡོག་རྒྱལ་ཁབ་དེ་གཉིས་ལ་དེ་དུས་ནས་རྒྱལ་རབས་ལ་སོགས་པའི་ལོ་རེའི་བྱ་བ་ཆེ་གྲས་དག་ཡི་གེར་འགོད་པའི་སྲོལ་ཡོད་ཅིང་།  བོད་དུ་རྒྱལ་རབས་སོགས་ཡིག་ཐོག་ཏུ་འགོད་པའི་སྲོལ་ཡང་དུས་དེ་ཙམ་ལ་ཞིག་ལ་བྱུང་བ་སོགས་རྒྱུ་མཚན་འགའ་ཞིག་ལ་བསམ་ན།  བོད་དུ་རྒྱལ་རབས་སོགས་ཡིག་ཐོག་ལ་འགོད་པའི་སྲོལ་དེ་ཡང་རྒྱ་ནག་དང་ཏ་ཟིག་གང་རུང་ལ་དཔེ་བལྟས་པར་སྣང་།  དེ་མིན་སྲོང་བཙན་གྱི་གོང་རོལ་གྱི་རྒྱལ་རབས་ཡིག་ཐོག་ཏུ་འགོད་པའི་སྲོལ་མེད་པ་དེས་སྲོང་བཙན་ཡར་སྔོན་དུ་བོད་ལ་ཡི་གེ་མེད་པའི་སྒྲུབ་བྱེད་དུ་ནི་མི་འགྲོའོ། །

གསང་སྔགས་དང་ཕྱིའི་རིག་གནས་མང་པོ་ཞིག་ནི་དུས་རབས་བདུན་པའི་སྨད་དང་དུས་རབས་བརྒྱད་པའི་ནང་བོད་དུ་དར་བ་ཡིན་ཞིང་།  དེ་ཡང་གཙོ་བོ་རྒྱལ་པོ་དང་བློན་ཆེན་སོགས་དབང་བསྒྱུར་བདག་པོ་དག་གིས་ཆབ་སྲིད་ཀྱི་དབང་ཐོབ་ལ་བརྟེན་ནས་ནང་འདྲེན་དང་འཕེལ་རྒྱས་སུ་བཏང་བ་ཡིན་གྱི།  འབངས་ཀྱི་གྲས་སུ་ནི་ཤེས་རིག་དེ་དག་ལ་དོ་སྣང་དང་འབད་འབུང་བྱེད་མཁན་མང་པོ་ཞིག་བྱུང་མེད།  དུས་ཕྱིས་བསྟན་པ་བར་དར་སྐབས་སུ་ཡང་མངའ་རིས་རྒྱལ་རྒྱུད་སོགས་གཞུང་དང་སྲིད་ལ་བརྟེན་ནས་བསྟན་པ་སླར་གསོའི་ཐད་དུ་ཧུར་བརྩོན་བྱས་པ་ལས་འབངས་རྣམས་ལ་ནི་དེ་འདྲའི་ལས་བགྱིས་པའི་ལོ་རྒྱུས་གང་ཡང་མེད།  དེ་བས་འབངས་ཀྱི་གྲས་སུ་གསང་སྔགས་དང་མདོ་རྒྱུད་སོགས་མཁྱེན་པའི་སྐྱེས་བུ་དཀོན་པས་དེ་དག་དང་དངོས་འབྲེལ་གྱི་ཤེས་བྱ་ཅི་རིགས་ཕ་ཤུལ་བུས་འཛིན་གྱི་ཚུལ་དུ་ཁྱིམ་རྒྱུད་ཁོ་ནའི་རིག་གནས་ཙམ་དུ་ལྷག་ཅིང་།  རྗེས་སུ་བསྟན་པ་ཤུགས་ཆེར་དར་བས་འབངས་ཀྱི་ཁྲོད་དུ་དེ་ལ་དད་མོས་དང་དོ་སྣང་བྱེད་པ་མང་དུ་བྱུང་བས།  འབྱོར་བདག་གྲལ་རིམ་གྱི་བུ་ཕྲུག་རྣམས་ལ་གསེར་དངུལ་གྱི་རྫོང་བ་བྱས་ནས་ཡུལ་ཐག་རིང་ལ་མདོ་རྒྱུད་སོགས་བསླབ་པར་བཏང་ཞིང་།  སྐབས་དེར་ཁྱིམ་རྒྱུད་རེ་གཉིས་སུ་མ་ནུབ་པར་ལྷག་པའི་གསང་སྔགས་དེ་དག་ཀྱང་དཀོན་པ་དང་ནོར་བུ་ལྟ་བུའི་སྣང་ཚུལ་བྱུང་བས།  ཀུན་གྱིས་གཙུག་ཆེན་དུ་བཟུང་བས་ཆོས་ལུགས་ཀྱི་ཐོས་རྒྱ་ལྡན་པ་དག་གིས་དེ་ཉིད་མན་ངག་ཏུ་བྱས་ནས་ཡོངས་སུ་གསང་བ་བྱེད་པའི་ངང་ཚུལ་བྱུང་བ་ནི་ཆོས་ལུགས་དང་འབྲེལ་བའི་ཤེས་རིག་ཡིན་པ་ལས།  འཇིག་རྟེན་དང་འབྲེལ་བའི་གནའ་རབས་ཀྱི་གཏམ་རྒྱུད་དང་སྒྲུང་།  གླུ་གཞས་སོགས་ནི་ཐམས་ཅད་ཀྱིས་གཙུག་ཆེན་དང་དཀོན་ནོར་དུ་ངོས་འཛིན་པའི་བསམ་པ་མེད་པར་དམགས་ཁྲོད་དུ་རྒྱུན་འབྱམས་སུ་གྱུར་བའི་རིག་གནས་ཀྱི་ཚོད་དུ་ཡོད་པས།  སུས་ཀྱང་སྐབས་དེར་དེ་དག་སྙན་བརྒྱུད་དང་མན་ངག་ཏུ་འཛིན་མི་སྲིད་པ་ཡིན།  དེ་བས་ཕྱིས་སུ་ཆོས་འབྱུང་ལོ་རྒྱུས་རྩོམ་པ་པོ་རྣམས་ཀྱིས་སྔོན་གྱི་རྒྱལ་རབས་ལོ་རྒྱུས་མན་ངག་ཏུ་ཡོད་པ་ལ་ལྷ་སྒྲུང་སོགས་ཀྱི་རྣམ་པར་བཟོས་པ་ནི་མ་ཡིན།  བཙན་པོའི་སྐབས་སུ་ཡིག་ཐོག་ཏུ་ཕབ་པའི་རྒྱལ་རབས་རྒྱས་པ་དེ་རིགས་རྩ་བརླགས་སུ་སོང་བ་ནི་དེ་དག་མན་ངག་ཏུ་སོང་བས་མ་ཡིན་གྱི།  དེ་ནི་བསྟན་པ་བར་དར་གྱི་དཀྱིལ་ཙམ་དུ་བོད་མི་དག་གིས་བོན་གྱི་བསྟན་བཅོས་དག་རྩིས་མེད་དུ་བཏང་ནས་ས་ལ་གཡུག་རྐྱང་དུ་ངོས་འཛིན་པ་ཇི་བཞིན།  བཙན་པོའི་རྒྱལ་རབས་འཇིག་པའི་རྗེས་སུ་ཀུན་གྱིས་ཆོས་ལུགས་དང་དངོས་འབྲེལ་གྱི་བསྟན་བཅོས་སམ་ཤེས་རབ་གཙུགས་སུ་འཛིན་པ་ལས་འཇིག་རྟེན་སྲིད་ལུགས་དང་དངོས་འབྲེལ་གྱི་ཤོག་དྲིལ་དག་རྩིས་མེད་དུ་བསྐྱུར་བས་རིམ་བཞིན་མེད་བརླགས་སུ་གྱུར་བ་ཡིན།

གཞན་《གནའ་རབས་སྲིད་དོན་ལོ་རྒྱུས་》ལས་“འཇིག་རྟེན་ཕལ་བའི་སྤྱོད་ཚུལ་ལྟར་དགྲ་འདུལ་གཉེན་སྐྱོང་གི་མཛད་པ་”ཞེས་དང་།  “ཚུར་མཐོང་བྱིས་པའི་སྣང་ཚུལ་དང་རན་”པ་ཞེས་སོགས་ཀྱི་ཐ་སྙད་འགའ་ཞིག་འབྱུང་ལ།  སྐབས་འདིར་འཇིག་རྟེན་ཞེས་པ་ཕྱི་སྣོན་གྱི་འཇིག་རྟེན་ལ་མི་གོ་བར་ཁྱིམ་པ་བའི་རིགས་ལ་གོ་དགོས་ཤིང་།  ཕལ་བ་ནི་ཐ་ཆད་དེ་རིགས་དམན་པའི་དོན་ཡིན།  “འཇིག་རྟེན་ཕལ་བ་”ཞེས་པ་ཡང་ཆོས་ལུགས་ཀྱིས་འཇིག་རྟེན་པ་དག་ལ་སྐྱོན་འདེགས་པའི་ཆེད་སྤྱོད་མིང་ཚིག་ཅིག་ཡིན།  སྤྱིར་འཇིག་རྟེན་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་ཤིག་བྲིས་པ་ལ་མིང་ཚིག་འདི་འདྲ་བཀོལ་མི་རིགས་ཤིང་།  འཇིག་རྟེན་པའི་སྤྱོད་ཚུལ་ལ་ཡང་དགྲ་འདུལ་གཉེན་སྐྱོང་ཙམ་ལས་འདས་པ་མ་ཡིན་པར་སྤྱོད་པ་ལེགས་པོ་ཅི་རིགས་ཀྱང་ཡོད་དེ།  《ཏུན་ཧོང་གཏེར་ཡིག་》ལས་“མྱི་འཛངས་ཤིང་དཔའ་རུ་སྐྱེ།  ཆོས་བཟང་དུ་བྱེད། ”ཅེས་འབྱུང་ལ།  སྐབས་འདིའི་ཆོས་ཞེས་པ་ནི་སྤྱོད་པ་ལ་འཇུག་སྟེ།  《ཏུན་ཧོང་གཏེར་ཡིག་》ལས་“རྗེ་བོ་ནི་ཅི་ལ་ཡང་ལོག་པ་ཤ་སྟག་མཛད་པས།  འོ་སྐོལ་གྱི་སྲིད་ནི་སྲིད་དུ་མ་རུང་།  ཆོས་ནི་ཆོས་སུ་མ་རུང་སྟེ། ”ཞེས་སྤྱོད་པ་ཕྱིན་གྱི་ལོག་ལ་གོ་དགོས་གསལ་བར་བསྟན་པས་སོ། །  དེ་དག་གི་དབང་གིས་ཆོས་ལུགས་དང་འཇིག་རྟེན་རིག་གནས་གཉིས་ལ་ཡང་རང་ངོས་ནས་མཆོག་དམན་གྱི་དབྱེ་བ་འགེར་བའི་གནས་ལུགས་མེད་པས།  རིག་གནས་འདི་གཉིས་ལ་ཉེ་བར་འཇུག་པའི་སྐྱེ་བུ་རིགས་མི་མཐུན་གཉིས་ལ་ཡང་མཆོག་དམན་ནམ་གཙོ་ཕལ་གྱི་དབྱེ་བ་དགར་དུ་མེད་པ་ཡིན།

“ཚུར་མཐོང་བྱིས་པའི་སྣང་ཚུལ་དང་རན་པ་”ཞེས་པའི་ཐ་སྙད་ཀྱང་ཆོས་དང་འཇིག་རྟེན་གཉིས་ལ་གཙོ་ཕལ་འབྱེད་པ་ལས་བྱུང་བ་ཡིན།  “ཚུར་མཐོང་”ཞེས་པ་ནི་ཆོས་ཀྱི་བརྡ་ཆད་ཙམ་དུ་ཟད་ཅིང་།  དེའི་གོ་དོན་ནི་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་ལ་མི་བརྩོན་པར་ཚུར་ལས་ཉོན་གྱིས་བསྡུས་པའི་འཇིག་རྟེན་ལ་ཆགས་པའི་དོན་ཡིན་པ་བསྟན་བཅོས་ལས་འབྱུང་།  དེའི་ཕྱིར།  འདི་དང་ཆ་འདྲ་བའི་ཆོས་ཀྱི་དོན་ཁོ་ན་ཞུགས་པའི་མིང་ཚིག་སོགས་ནི་སྲིད་དང་འབྲེལ་བའི་རྒྱལ་རབས་དག་ཏུ་བཀོལ་རུང་བའི་བརྡ་ཆད་མ་ཡིན།  ཡིད་བརྟན་འཕེལ་བའི་རྒྱལ་རབས་ཤིག་སྨྲ་བ་ལ།  སྔ་ཕྱིའི་དུས་ཚིགས་ཤེས་པ་མེད་དུ་མི་རུང་ཡིན་མོད།  ལྷག་དོན་བོད་ཀྱི་མིང་ཚིག་གི་ཚོམས་ལས་ཆོས་ལུགས་དང་རྒྱལ་རབས་སོགས་རིག་ཚན་གང་ཞིག་བརྩམས་པ་ལ་ཆེད་དུ་བཀོལ་རུང་མི་རུང་གི་དབྱེ་ནི་མ་འཁྲུལ་ཞིག་ཡོང་ཐུབ་པར་བྱེད་པ་ནི་ཆེས་གལ་ཆེན་དུ་མཐོང་དགོས་པ་ཡིན།

དེ་བས་ཚུར་མཐོང་དང་འཇིག་རྟེན་ཕལ་བ་དག་ནི་ཆོས་ཀྱི་ཆེད་སྤྱོད་མིང་ཚིག་ཙམ་དུ་ཟད་པས་རྒྱལ་རབས་ལོ་རྒྱུས་སོགས་བཀོལ་རུང་མ་ཡིན་ལ།  འདིར་ཚུར་མཐོང་དང་འཇིག་རྟེན་ཕལ་བ་དག་ཅེས་པས་དོན་དུ་འཇིག་རྟེན་པའམ་ཁྱིམ་པའི་རིགས་སྟོན་པ་ཡིན་པས།  དོན་དུ་སྐྱེས་བུ་རང་མཚན་པ་ཞེས་སྦྱར་ན་ལེགས་པར་མཐོང་སྟེ།  “སྐྱེས་བུ་རང་མཚན་པ་”ཞེས་པ་ནི་སྐྱེས་བུ་སྤྱིར་བཏང་བ་དང་སྐྱེས་བུ་མཚན་ཉིད་པ།  སྐྱེས་བུ་དངོས་ཞེས་སོགས་དང་དོན་གཅིག་མིང་གི་རྣམ་གྲངས་ཡིན་པས་སོ། །

《གནའ་རབས་སྲིད་དོན་རྒྱལ་རབས་》ལས་“སྐབས་དེ་རྣམས་སུ་ཁྱིམ་མཚེས་ཡུལ་ཁག་དང་འབྲེལ་བ་དེ་ཙམ་བྱུང་མེད་སྟབས་ཁྱིམ་མཚེས་ཡུལ་ཁག་གི་རྒྱལ་རབས་རྣམས་སུའང་དེ་ཙམ་མི་གསལ་བས་ཇི་བཞིན་ཤེས་དཀའ་”ཞེས་འབྱུང་མོད་ངེས་པ་མེད་དེ།  མདོ་འདུས་ཀྱི་ལུང་ཚིག་《ཞང་བོད་ལོ་རྒྱུས་ཏི་སེའི་འོད་》དུ་དྲངས་པ་ལས་“ནུབ་ཕྱོགས་དམུ་ཡི་ཡུལ། །  ཤར་ཕྱོགས་རྒྱ་ཡིས་ཡུལ། །  ལྷོ་ཕྱོགས་མུན་མི་ཡུལ། །  ཤར་ལྷོ་འཇང་གི་ཡུལ། །  བྱང་ཕྱོགས་ས་ལེ་དལ་ཕྲལ། །  བྱང་ཤར་ཧོར་གྱི་ཡུལ། །  གངས་ཅན་བོད་ཀྱི་ཡུལ། །  མི་རིགས་སུམ་བརྒྱ་དྲུག་ཅུ་གནས། །  ཡུལ་ཆེན་བཅུ་དྲུག་དང་། །  ཡུལ་ཕྲན་སྟོང་དང་བཅས། ”ཞེས་དང་།  ཡང་《ཆོས་འབྱུང་སྙིང་བོ་སྦྲང་རྩིའི་བཅུད་》ལས་“ཡུལ་ཕྲན་སྟོང་དང་།  མི་རིགས་མི་འདྲ་བ་སུམ་བརྒྱ་དྲུག་ཅུ་དང་།  སྐད་རིགས་མི་འདྲ་བ་བདུན་བརྒྱ་ཉི་ཤུ་ཡོད་སྐད་དོ།  རི་བརྒྱུད་ཆེན་པོ་བཞི་ཡོད་དེ། ”ཞེས་སོགས་འབྱུང་ལ།  ལུང་ཚིག་འདི་གཉིས་དང་འདྲ་བ་ཞིག་ནི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས་ཀྱང་གསུངས་ཡོད།  དེ་དག་གི་དོན་མདོར་སྒྲིལ་ན་གནའ་བོའི་སྐབས་སུ་བོད་ཡུལ་དང་དེའི་མཐའ་བསྐོར་དུ་རིགས་རུས་མི་འདྲ་བའི་མིའི་རིགས་བརྒྱ་ཕྲག་འགའ་གནས་ཡོད་པ་དང་།  སྐད་རིགས་ཀྱང་དེའི་གྲངས་ལས་ལྡབ་འགྱུར་གྱིས་མང་པ་ཞིག་ཡོད་ཅེས་པའོ། །  དེ་ཡང་ཡིན་ཏེ་བྲན་གཡོག་རྒྱལ་ཕྲན་མ་ཚུགས་པའི་གོང་རོལ་ཏུ་རུས་རྒྱུད་ཚོ་བ་དག་ལ་ཡང་གནས་ཆགས་པའི་གཞི་གཏན་ཁེལ་དུ་མེད་པར་དུས་མ་ཡིན་པར་རུ་སྤོར་བ་ཡིན་ཞིང་།  བྲན་གཡོག་རྒྱལ་ཕྲན་ཚུགས་རྗེས་སུ་ཡང་རྒྱུན་མི་ཆད་པར་ཕན་ཚུན་འབངས་དང་ཡུལ་བརྩོད་པའི་འཁྲུག་པ་ལ་ཞུགས་པས།  རུས་རྒྱུད་ཚོ་བ་དང་བྲན་གཡོག་རྒྱལ་ཕྲན་དེ་རྣམས་ལས་ལ་ལ་ཞིག་ནི་ཕན་ཚུན་ལ་རྒྱབ་རྟེན་བཅོལ་བ་སོགས་གཉེན་དང་སྲིད་ཀྱི་འབྲེལ་བ་ཅི་རིགས་འབྱུང་བ་ཡིན།  དུས་སྐབས་དེ་དག་ཏུ་རིག་གནས་ཀྱང་བར་མ་ཆད་པར་རྒྱུ་རྐྱེན་དེ་དག་བརྒྱུད་ནས་ཕར་ཚུར་ལ་དར་ཁྱབ་ཏུ་ཕྱིན་པ་ཡིན་པས།  སྤུར་རྒྱལ་མ་ཚུགས་གོང་དང་ཚུགས་པའི་རྗེས་ཙམ་གང་རུང་ལ་བོད་འདི་ཁྱིམ་མཚེས་གཡས་གཡོན་དག་ལ་འབྲེལ་བ་ཆེན་པོ་ཆགས་ཡོད་པ་ཡིན།  ཡང་《ལྷ་ལས་ཕུལ་བྱུང་གི་བསྟོད་འབྲེལ་》ལས་“རུ་པ་ཏི་ཞེས་བྱ་བའི་རྒྱལ་པོ་དཔུང་ཚོགས་གཅིག་དང་བཅས་པ་གཡུལ་འགྱེད་པའི་ཚེ།  བུད་མེད་ཀྱི་ཆ་ལུགས་སུ་བྱས་ཏེ་བྲོས་ནས་རི་ཁ་བ་ཅན་གྱི་ཞུགས་”ཞེས་སོགས་འབྱུང་ཞིང་།  《ཐང་ཧྲུས་རྙིང་མ་》ལས་ཀྱང་འཕན་མྱི་བྱ་བ་ཞིག་དཔུང་ཕམ་ནས་བོད་དུ་བྲོས་ཚུལ་གྱི་ལོ་རྒྱུས་ཤིག་ཀྱང་འབྱུང་ཡོད་ལ།  དེ་ལས་སྔ་མ་ནི་སྤྱི་ལོ་མ་ཚུགས་གོང་གི་ལོ་ངོ་ཉིས་སྟོང་ལྔ་བརྒྱའི་སྔོན་གྱི་བྱུང་བ་ཞིག་ཡིན་པ་རྒྱ་གར་དུ་གྲགས་པ་ལོ་རྒྱུས་དེབ་ཐེར་འགའ་ཞིག་ཏུ་གསལ་བར་བཤད་།  དེ་ཡང་སྐྱ་སེང་བུ་ལྔ་དང་སྒྲ་ངན་དཔུང་ཚོགས་འཐབ་པའི་དུས་ནི་སྟོན་པ་ཤཱཀྱ་ལས་ཀྱང་ཆེས་སྔ་བའི་དུས་སུ་བྱུང་བ་ནི་དཔའ་བོ་གཙུག་ལག་ཕྲེང་བས་མདོ་རྒྱ་ཆེན་རོལ་བའི་ལུང་ཚིག་ལ་བརྟེན་ནས་ཞིབ་པར་གསུངས་སོ། །  ཕྱི་མ་ནི་སྤྱི་ལོ་ཚུགས་རྗེས་ཀྱི་བརྒྱ་སྐོར་བཞི་བའི་ནང་དུ་ཡིན་པ་རྒྱའི་ལོ་རྒྱུས་སུ་འབྱུང་ལ།  《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ལས་“རྒྱལ་པོ་རུ་ཏ་ཏི་དཔུང་བཅས།  རི་ཁ་བ་ཅན་གྱི་ཁྲོད་དུ་ཞུགས་པ་ལས་འཕེལ་བའི་རིགས་ཀྱང་ཡོད་སྲིད་”ཅེས་གསུངས་པ་ནི་ལེགས་པར་རྨད་པའི་གཏམ་དུ་མཐོང་བས།  སྤྱི་ལོ་མ་ཚུགས་པའི་ཡར་སྔོན་དང་ཚུགས་པའི་རྗེས་གཉིས་ཀྱི་དུས་སྐབས་སུ་རྒྱ་གར་དང་རྒྱ་ནག་སོགས་ནས་བྲོས་ཏེ་བོད་ལ་སྐྱབས་བཅོལ་བའི་རིགས་སྣ་ཚོགས་ཤིག་བྱུང་ཡོད་ལ།  དེ་དག་དང་བོད་ཀྱི་གཉུག་གནས་རུས་རྒྱུད་དབར་དུ་རིག་གནས་མཉམ་བསྲེས་སོགས་ཀྱི་འབྲེལ་བ་ངེས་ཅན་ཞིག་ནི་བྱུང་ཡོད་ངེས་ཏེ།  《རྩོད་བཟློག་ཐེམ་སྤུངས་མ་》རུ་《ཀྲུང་གོ་དང་ནུབ་ཕྱོགས་འགྲིམ་འགྲུལ་ལོ་རྒྱུས་དཔྱད་ཡིག་བདམས་བསྒྲིགས་》ཀྱི་ཚིག་དུམ་ཞིག་དྲངས་པ་ལས་“ཆོས་རྒྱལ་མྱ་ངན་མེད་…རྒྱལ་པོ་དེ་དམ་པའི་ཆོས་ལ་དད་པས་སེར་མོ་བ་ཉེ་འབྲེལ་གྱི་རྒྱལ་ཁབ་ཏུ་མངགས་ཏེ་ནང་ཆོས་སྤེལ།  ཡུལ་ཐག་ཅུང་ཙམ་རིང་བ་ནི་དཔེར་ན་ཨེ་ཅིབ་དང་།  མ་ཆི་ཏུན།  བོད་བཅས་སུ་ནང་བའི་ཆོས་ལ་དད་པ་བྱེད་མཁན་གྱི་རྗེས་ཤུལ་ཡོད་པ་རེད་”ཅེས་སོ། །  ཆོས་རྒྱལ་མྱ་ངན་མེད་ནི་སྤྱི་ལོ་སྔོན་གྱི་272ནས་སྤྱི་སྔོན་གྱི་232བར་གྱི་རྒྱ་གར་གྱི་རྒྱལ་པོ་ཞིག་ཡིན།  དོན་གྱི་གནད་ཟིན་པའི་ལོ་རྒྱུས་ཀྱི་གཏན་ཚིགས་འདི་དག་ལས་བོད་དང་རྒྱ་གར་སོགས་ཀྱི་བར་དུ་ཤེས་རིག་དང་སྲིད་ཀྱི་འབྲེལ་བ་ངེས་ཅན་ཞིག་ཆགས་ཡོད་པ་རྟོགས་ཐུབ་པ་ཡིན་ནོ། །

 

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།