གྲོགས་མེ་ལྕེ་ལགས་དང་བགྲོ་གླེང་བ།

264

རྩོམ་པ་པོ།   གླག་མིག

 

—རྩོམ་ཐུང་གཉིས་ལས་འཕྲོས་པའི་གཏམ་ཐུང་།

ཉིན་ཤས་སྔོན་དུ། གྲོགས་མེ་ལྕེ་ལགས་ཀྱི་རྩོམ་ཐུང(1)«སློབ་ཆེན་པ་མགོ་སྟོང་ཚོ་གླེང་བ»ཞེས་པ་ཞིག་མཐོང་བྱུང་། མཐོང་ནས་ཀྱང་འོལ་ཚོད་དང་སྤོམ་བཤད་འདི་རིགས་ཀྱིས་བློ་སྟོབས་ཕྲ་བའི་སློབ་བུ་དག་གིས་མཚོན་པའི་སློབ་ཆེན་པ་རེ་གཉིས་མགོ་རྨོངས་པར་མི་བྱེད་དམ་སྙམ་པའི་སེམས་ཁྲལ་ཏོག་ཙམ་བྱུང་། གྲོགས་ལགས་ཀྱིས་ཟེར་བ་བཞིན“རླུང་དྲག་པོ་ལངས་ཏེ་ས་ལྡིང་གནམ་ལྡིང་བྱེད”པ་དེ་འདྲ་ནི་རང་གིས་མ་བྱས་ལ་གཞན་གྱིས་བྱེད་པའང་མ་ཚོར། བརྒྱ་ལ་དེ་འདྲ་བྱེད་མཁན་ཡོད་ཚེ་སོ་སོའི་རྣམ་དཔྱོད་ཉག་ཕྲ་བའི་རང་མཚང་བསྟན་པ་ཙམ་ལས་ཅི། རྩོམ་ཐུང་དེའི་གསལ་བཤད་ལྟ་བུའི་རྩོམ་ཐུང《རང་ངོ་རང་འཚོལ་གཞོན་པའི་སྨན་དུ་འགྲོ》ཞེས་པ་ཞིག་ཀྱང་ཁ་སང་དྲ་ལམ་ནས་མཐོང་བྱུང་། སློབ་གྲྭ་ཆེན་མོའི་རྩོམ་རིག་དགེ་རྒན་གྱི་མིང་ཙམ་འཛིན་པའི་ངོས་ནས། གཅིག་ན་བརྗོད་གཞི་གང་དེ་རང་ཉིད་ཀྱི་ལས་ཀ་དང་ཐད་ཀར་འབྲེལ་བས་དང་། གཉིས་ན་དཀའ་བས་བསྐྱངས་པའི་བུ་སློབ་དག་མགོ་བོ་མ་འཐོམ་པའི་སྒོ་ནས་རང་མོས་རང་དབང་གིས་རང་ལམ་བསྙེག་པ་ལ་ཕན་ཆེད། རྩོམ་ཐུང་དེ་གཉིས་ལས་འཕྲོས་པའི་གཏམ་ཁ་ཤས་མ་འཆད་ཐུ་མེད་ཆགས་སོང་།

དང་པོ། འོལ་ཚོད་དང་སྤོམ་བཤད།

གྲོགས་ལགས་ཀྱི་རྩོམ་ཐུང་གི་བསམ་བློའི་ལྟེ་གནད་ནི། “རང་ཅག་གི་སློབ་ཆེན་པ་རྣམས་ད་ལ་ཐུག་གི་བར་དུ་རྩོམ་རིག་གི་ཕོ་བྲང་ནས་མགོ་འཁོར་ཏེ་བསྡད། སྙན་ངག་གི་སྲས་མོ་ལ་ཤི་འཐམ་རོ་འཐམ་བྱས་ཏེ་ལུས།   དངོས་ཡོད་སྤྱི་ཚོགས་ལ་གདོང་གཏོད་དགོས་ཞེས་ཡང་ཡང་ཟློ་ནའང་དེ་འབྲེལ་གྱི་ཤེས་བྱ་ཡོན་ཏན་སྦྱང་མཁན་ཤིན་ཏུ་ཉུང་། དཔེ་ཆ་མང་པོ་བཀླགས་ཏེ་ཐོས་པ་འཚོལ་མཁན་ཉུང་ལ།   ཐོས་པ་བསགས་པའི་རྒྱ་མཚོ་ལས་དགོས་འདོད་ནོར་བུ་ལེན་མཁན་དེ་བས་ཀྱང་དཀོན། མི་མང་ཆེ་བས་ཚོར་བ་ཟ་ཟི་དང་སྣང་བ་བན་བུན་ལ་བརྟེན་ནས་སྙན་ངག་ཐན་ཐུན་རེ་བྲིས།  སྐྱེས་ཆེན་ལ་ཁ་རེ་བཏང་། ངའོ་སྙམ་པའི་བློ་རེ་སྐྱེས་ཏེ་ཉི་མ་གཏོང་གི་ཡོད་པ་རེད།”ཞེས་པ་དེ་རེད་སྙམ་ལ། རྩོམ་ཐུང་སྔ་ཕྱི་གཉིས་ཀྱི་བརྗོད་དོན་ཐམས་ཅད་ལྟེ་གནད་དེ་ལས་འཕྲོས་པར་སྣང་ངོ་། ། དེར་དཔྱད་པ་ལ་བཞི་སྟེ།

གཅིག  “སློབ་ཆེན་པ་རྣམས”ཟེར་བ་དང་།  “མི་མང་ཆེ་བ”ཟེར་བ་དང་། དེ་བཞིན“ཉུང་ལ”ཟེར་བ་དང་། “དེ་བས་ཀྱང་དཀོན”སོགས་ནི་འོལ་ཚོད་དང་སྤོམ་བཤད་འབའ་ཞིག་སྟེ། སློབ་ཆེན་ཁག་ལ་དངོས་སྐྱོད་ཀྱིས་བརྒྱ་ཆའི་ཚད་གྲངས་ལ་བཅལ་ཏེ་ཞིབ་འཇུག་ནན་ཏན་དེ་འདྲ་གང་ཡང་གནང་མེད་པ་མངོན་གསལ་རེད། དེ་འདྲ་གནང་ཡོད་ན་འབྲེལ་ཡོད་གྲངས་འབོར་དང་བརྒྱ་ཆའི་ཚད་སོགས་གསལ་པོར་ཡོད་འོས། ཁུངས་ཡོད་མེད་ལ་ཅི་མི་སྙམ་པར་ཚུལ་དེ་ལྟར་སྨྲ་བའི་དགོས་པ་ནི་གྲོགས་ལགས་རང་གིས་སྨྲས་པ་ནང་བཞིན“འུར་ཆིལ་ལེར”གཏོང་བའམ། “མཉམ་འུར”ཡོང་བའི་ཆེད་དུ་ཡིན་ན་ནི་ཅི་ཆ་སྟེ། ན་ནིང་ད་ལོར“འུར་ཆིལ་ལེར”གཏོང་བ་དང་།  “མཉམ་འུར”གྱི་ཐབས་རྩལ་བརྟེན་ནས་ཁེ་གྲགས་ཀྱི་བཞུགས་ཁྲི་མཐོན་པོར་གཤེགས་མཁན“སྟོན་པ”རེ་གཉིས་ཀྱང་དྲ་བའི་འཇིག་རྟེན་དུ་འཁྲུངས་ཡོད་སྐད་དོ། ། གྲོགས་ལགས་ནི“སྟོན་པ”དེ་རིགས་ཀྱི་གྲས་མིན་པའི་གསོལ་བ་སྨོན་ལམ་སྙིང་ནས་འདེབས་སོ། ། གཞན་དུ་ན། གསོ་བྱའི“སྐྲངས་འབུར”དང“རྣག་ཐུམ”ངོ་མ་ནི། འོལ་ཚོད་དང་སྤོམ་བཤད་ལ་བརྟེན་པའི“སྟོན་པ”དང་རྩོམ་ཡིག་དེ་རིགས་བྲིན་རྒྱུག་འབྱུང་བའི་རྒྱུ་རྐྱེན་ཏེ། གཞོན་ནུ་དག་གི་རྣམ་དཔྱོད་ཉག་ཕྲ་བའི་ངང་ཚུལ་དེའོ། ། ངའི་ལྟ་ཚུལ་ལ། དེ་གསོ་བྱེད་ལ“སྨན”རིགས་མང་པོ་ཡོད་པའི་ཁྲོད་ནས་རྩོམ་རིག་གི་བློ་སྦྱོང་ནི“སྨན”སྣ་ཆེས་གོ་ཆོད་ཅིག་གོ་སྙམ།

གཉིས། “སྣང་ཚུལ་དེ་རིགས་སློབ་ཆེན་རེ་གཉིས་ལ་བྱུང་བ་ཁོ་ན་ཞིག་མ་ཡིན་པར། བོད་ཀྱི་སྐད་དང་ཡི་གེ་སློབ་གཉེར་གནང་བའི་མི་རིགས་སློབ་ཆེན་སྤྱི་ལ་ཁྱབ་པ་ཞིག་གོ”ཟེར། ངེད་སློབ་གླིང་གིས་མཚོན་པའི་དབུས་ཀྱི་སློབ་ཆེན་དག་ན་གནས་པའི་སློབ་བུ་དག་ནི“རྩོམ་རིག་གི་ཕོ་བྲང་ནས་མགོ་འཁོར་ཏེ་བསྡད”འདུག་པ་མ་མཐོང་ཞིང་།    “སྙན་ངག་གི་སྲས་མོ་ལ་ཤི་འཐམ་རོ་འཐམ་བྱས་ཏེ་ལུས”པའང་མ་མཐོང་།    མངོན་སུམ་མིག་གིས་མཐོང་བ་ནི་མིག་མདུན་གྱི་གཞུང་ལས་ཀྱི་ལྟོ་ཕོར་ཙམ་ལ“མགོ་འཁོར”ཞིང་གཞུང་ཞབས་པའི་ཡིག་ཚད་ཀྱི“སྲས་མོ་ལ་ཤི་འཐམ་རོ་འཐམ”བྱེད་ཀྱིན་པ་དེའོ། ། རྒྱ་ནག་གི་སློབ་ཆེན་པ་དག་སྤྱི་ཡོངས་ནས་དེ་འདྲ་ཡིན་སྐད་འདུག་ན། བོད་ཀྱི་སློབ་ཆེན་གཞན་དག་གི་གནས་ཚུལ་ཀྱང་ཕལ་ཆེར་དེ་འདྲ་ཡིན་སྲིད་དམ་སྙམ། དེ་ལྟའི་གནས་བབ་འོག་ཏུ། བོད་ཀྱི་སློབ་ཆེན་དག་ན་ད་དུང་ཡང་སོ་སོའི་དགའ་མོས་ལྟར་རྩོམ་རིག་ལ་འཇུག་མཁན་དང་སྙན་ངག་འབྲི་མཁན་ཁ་ཤས་ཤིག་འབྱུང་གིན་པ་དེ་ནི་ཤིན་ཏུ་གཅེས་སུ་འོས་པ་ཞིག་གོ་སྙམ། རྒྱུ་མཚན་ནི། གཞུང་ཞབས་པའི་ཡིག་ཚད་ཀྱི་སྐར་གྲངས་རྩོད་སའི་གཡུལ་ས་དང་ལྟོ་ཕོར་ཁོ་ན་གཉེར་སའི་དོ་ར་ཞིག་ན་ཁོ་ཚོས་ད་དུང་ཡང་གཞོན་པའི་རྨི་ལམ་དང་ལང་ཚོའི་ངར་ཤུགས་མ་བོར་བར་གནས་པས་སོ། ། གནས་བབ་དེ་ལྟར་ན། “མི་རིགས་ཤིག་སྐྱོབ་དགོས་ན་སྙན་ངག་ཁོ་ནས་ཆོག་པར་སྙམ”ཞེས་པ་དང་། “སྙན་ངག་པ་རྐྱང་རྐྱང་སྐྱེད་སྲིང་བྱེད་དགོས་པ་ཨེ་རེད”ཅེས་པའང་མུན་ནག་མདའ་འཕེན་རང་སྟེ། དེ་འདྲ་བསམ་མཁན་དང་འཆད་མཁན་སྔར་ཡང་མ་མཐོང་ལ་ད་ཡང་མ་ཐོས། བརྒྱ་ལ་དེ་འདྲ་བསམ་མཁན་དང་འཆད་མཁན་ཡོད་པའི་དབང་དུ་བཏང་ཡང་། གོང་སྨོས་ཀྱི་གནས་བབ་དེ་འདྲའི་འོག་ཏུ་རེ་འབྲས་དོན་སྨིན་ཡེ་ནས་འབྱུང་མི་སྲིད་པ་ཞིག་རེད་པས། སྐུ་ཉིད་ཀྱིས་སེམས་ཁྲལ་ཁྱོན་ནས་གནང་དགོས་མི་འདུག་གོ །

གསུམ།  གྲོགས་ལགས་ཀྱི་ཚིག་ཤུགས་ལ་ཉན་ན། རྩོམ་རིག་ལ་འཇུག་པ་དང་སྙན་ངག་འབྲི་བ་དེ“དངོས་ཡོད་སྤྱི་ཚོགས་ལ་གདོང་གཏོད”པའི་སྦྱོར་བ་ཞིག་མིན་པར་སྣང་། རྩོམ་རིག་དང་སྙན་ངག་ནི། “དངོས་ཡོད་སྤྱི་ཚོགས་ལ་གདོང་གཏོད”པའི“ཤེས་བྱ་ཡོན་ཏན”དང་།  “དཔེ་ཆ་མང་པོ་བཀླགས་ཏེ་ཐོས་པ་འཚོལ”བ་དང་། “ཐོས་པ་བསགས་པའི་རྒྱ་མཚོ་ལས་དགོས་འདོད་ནོར་བུ་ལེན”པ་སོགས་ཀྱི་གྲས་སུ་མི་གཏོགས་པར་སྣང་། དེ་ནི“ཉི་མ་གཏོང་གི་ཡོད་པའི”བྱ་སྤྱོད་ཀྱི་གྲས་སུ་གཏོགས་ཀྱི་ཡོད་པ་འདྲ།    དེ་ལྟར་ཡིན་ན། གྲོགས་ལགས་ཀྱིས་ཡང་བསྐོར་བསྐྱར་བསྐོར་གྱིས“རྒྱང་མཇལ”དང“ཉེ་མཇལ”བྱས་དང་བྱེད་ཀྱིན་པའི་དགེ་ཆོས་དང་རང་གྲོལ་གཉིས་ཀྱི་རྩོམ་རིག་བརྩམས་ཆོས་ཀྱང་དེའི་གྲས་སུ་འཇོག་དགོས་མི་འབྱུང་ངམ། ཁོང་རྣམ་པ་གཉིས་ཀྱི་གསར་རྩོམ་གྱི་སྦྱོར་བ་དེའང“ཉི་མ་གཏོང་གི་ཡོད་པའི”བྱ་སྤྱོད་ཅིག་ཡིན་དགོས་མི་འབྱུང་ངམ། མ་ཟད། ཁྱོད་ཀྱིས“ཉི་མ་གཏོང”བའི་བྱ་སྤྱོད་དེ་རིགས་ལ“རྒྱང་མཇལ”དང“ཉེ་མཇལ”གྱིས་དཀའ་ལས་བརྒྱབ་པ་དེ་ཡང་མ་གཞི་ནས“ཉི་མ་གཏོང”བའི་བྱ་སྤྱོད་ཅིག་ཏུ་མི་ཐལ་ལམ། གལ་ཏེ།  ཁོང་རྣམ་གཉིས་ཀྱི་སྙན་ངག་ནི་ད་ལྟའི་བོད་པའི་སྙན་ངག་པའི་སྙན་ངག་བརྩམས་ཆོས་དག་ལས་ཁྱད་དུ་འཕགས་པས་རིགས་དེར་མི་གཏོགས་ཟེར་ན། དེ་ལྟར་ཡིན་པའི་མཐོ་དམན་བཟང་ངན་གྱི་ཤན་སུ་ཡིས་འབྱེད་ཐུབ་བམ། ཚད་གཞི་གང་ལ་བྱེད་དམ། ཚད་གཞི་གང་དེ་ཚད་མ་ཡིན་པའི་ཁུངས་གང་ལ་གཏུགས་དགོས་སམ།   དཔང་ཅི་ལ་བཅོལ་དགོས་སམ།

བཞི།  གཞན་ཡང་། བསམ་བློའི་ལྟེ་གནད་དེ་དང་འབྲེལ་བའི་འོལ་ཚོད་དང་སྤོམ་བཤད་དེ་རིགས་ནི་རྩོམ་ཐུང་གཉིས་ཀའི་མགོ་མཇུག་བར་གསུམ་ག་སར་མཐོང་དུ་འདུག་ཀྱང་རེ་རེ་ནས་འཆད་པའི་ངལ་བ་མི་བྱའོ། ། དཔེར་ན། “ལོ་རྒྱུས་ལ་མི་དཔྱོད། བརྡ་སྤྲོད་ལ་མི་ལྟ། གཙུག་ལག་ལ་མི་འཇུག”ཅེས་པ་སློབ་ཆེན་གང་ན་འདུག་གམ། དེ་འདྲའི་སློབ་ཆེན་པས་བརྒྱ་ཆའི་ག་ཚོད་ཟིན་གྱི་འདུག་གམ། “ཤེས་རིག་གི་འཕེལ་ཕྱོགས་དང་ད་ལྟའི་སྙན་ངག་གི་གནས་བབ”ཅེས་པ་དེ་ག་འདྲ་ཞིག་ལ་ངོས་གཟུང་ངམ། “རིན་ཐང་ལྟ་ཚུལ་དང་བསམ་པའི་འཁྱེར་སོ་ཡང་དག་པ”ཞེས་པའི་ཚད་གཞི་གང་ལ་འཇོག་གམ། དེ་སུས་ཐག་བཅད་པ་རེད་དམ། སུའི“རྒྱུད་ལ་འཁྲུངས”མྱོང་ཡོད་དམ། “ཡུན་རིང་གི་ཐོས་བསམ་ལས་རྙེད་དགོས”པའི“ལམ་སྟོན་གྱི་སྒྲོན་མེ”ཞེས་པ་དེ་ཅི་ཞིག་ཡིན་ནམ། དེ་གང་ན་འདུག་གམ། སུས་རྙེད་མྱོང་ཡོད་དམ་ཞེས་པ་ལྟ་བུ་མང་ཡང་བསྐྱུངས་སོ། །

 གཉིས་པ། དཔྱོད་ཤེས་དང་ཚོར་ཤེས།  ལོ་རྒྱུས་དང་སྒྱུ་རྩལ་རྩོམ་རིག་སོགས།

གོང་སྨོས་ཀྱི་བསམ་བློའི་ལྟེ་གནད་དེ་དང་འབྲེལ་བའི་ལྟེ་གནད་གཞན་ཞིག་ནི། “སློབ་ཆེན་པ་ཚོས་ནམ་ཡང་དཔྱོད་ཤེས་ལས་ཚོར་ཤེས་གལ་ཆེ་བར་འདོད་ལ། ལོ་རྒྱུས་ཤེས་རིག་ལས་སྒྱུ་རྩལ་རྩོམ་རིག་ལ་རིན་ཐང་ལྡན་པར་སྙམ། ཡང་སློབ་ཆེན་པ་ཚོས་རིགས་གཞུང་ཞིབ་འཇུག་ལས་རིག་རྩལ་གསར་རྩོམ་ལ་དོན་སྙིང་ལྡན་པར་འདོད་ལ། ཆེད་མཁས་པ་ལས་སྙན་ངག་པ་དང་སྒྱུ་རྩལ་པ་ལ་གདན་ཐོབ་ཡོད་པར་སྙམ”ཞེས་པ་དེ་རེད། དེར་དཔྱད་པ་ལ་ལྔ་སྟེ།

གཅིག གོང་དང་འདྲ་བར་ཞིབ་འཇུག་གི་ངོས་ནས་བཤད་ན། དེ་ལྟར་བསམ་མཁན་སློབ་ཆེན་པ་ཡོད་མེད་དང་ག་ཚོད་ཡོད་མེད་ནི་དྲི་ཤོག་བཀྲམ་སྟེ་རྒྱུས་ལོན་བྱས་ན་མ་གཏོགས་ཤེས་ཐབས་མེད་པ་ཞིག་རེད། ཐབས་དེ་འདྲ་སྤྱད་ཡོད་ན་དེ་མཐུན་གྱི་གྲངས་ཀ་སྒྲུབ་བྱེད་དུ་འགོད་འོས་ཤིང་། དེ་ལྟའི་སྒྲུབ་བྱེད་མེད་ཚེ་དེ་ཡང་འོལ་ཚོད་དང་སྤོམ་བཤད་ཙམ་མོ། །

གཉིས། གཞུང་ལུགས་ཞིབ་འཇུག་གི་དབང་དུ་བྱས་ན། ཚོར་ཤེས་དང་དཔྱོད་ཤེས་གཉིས་ཁ་ཁ་སོ་སོར་ཕྱེ་སྟེ་དབྱེ་ཞིབ་བྱེད་ན་ཡང་། སྐབས་འདིའི་འཆད་བྱའི་སློབ་ཆེན་པ་ལྟ་བུའི་གང་ཟག་སྒེར་བ་ཞིག་གི་ངོས་ནས་བཤད་ན་དེ་གཉིས་ནི་ཁ་ཁ་སོ་སོར་དབྱེ་ཐབས་མེད་པ་ཞིག་སྟེ། མི་ཡི་ཤེས་པ་ནི་མ་གཞི་ནས་ཚོར་ཤེས་དང་དཔྱོད་ཤེས་གཉིས་འདུས་ཀྱིས་གྲུབ་པའི་ཕྱིར། མི་ཡོད་དོ་ཅོག་ནི་དེ་གཉིས་གང་ལ་གང་འཚམ་ཡོད་མཁན་ཤ་སྟག་ཡིན་པའི་ཕྱིར། གཅིག་ཁོ་ན་ཡོད་ཅིང་ཅིག་ཤོས་ཁྱོན་ནས་མེད་པའི་མི་ཞིག་འཇིག་རྟེན་ན་ཡོད་མི་སྲིད་པའི་ཕྱིར། བརྒྱ་ལ་དེ་འདྲ་ཡོད་པའི་དབང་དུ་བཏང་ཡང་། མིའི་མཚན་ཉིད་མ་ཚང་བའམ་མི་སྐྱོན་ཅན་ཉིད་དོ། ། དེ་གཉིས་ལས་གང་ཞིག་གཙོ་བོར་འཛིན་མིན་དང་བསྡུར་ཚད་ག་འདྲ་དགོས་མིན་དེ་ཡང་གཙོ་བོ་མི་རེ་རེའི་ལྷན་སྐྱེས་ཀྱི་ཤེས་རབ་དང་རང་སྒེར་གྱི་དགའ་མོས་སོགས་ཀྱིས་ཐག་གཅོད་པ་ཞིག་སྟེ། དཔེར་ན། དགེ་ཆོས་ལྟ་བུའི་མཁས་པ་སྔོན་མ་ཁག་ཅིག་ལ་དེ་གཉིས་ཀ་ཁྱད་མེད་དུ་རྣོ་བ་དང་། ང་ཚོ་ཕལ་བ་རྣམས་ནི་དེ་གཉིས་ལ་ཤུགས་ཆེ་ཆུང་ཤོར་ཏེ་གཅིག་གསལ་ན་ཅིག་ཤོས་བསྒྲིབས་འགྲོ་བ་ལྟ་བུའོ།།           དེས་ན།    རང་རེའི་སློབ་ཆེན་པ་ཚོས་རང་སོ་སོའི་ཚོར་ཤེས་དཔྱོད་ཤེས་གཉིས་ཀྱི་ཤུགས་ཆེ་ཆུང་ཇི་ལྟ་བར་འཚམས་ཤིང་ཁམས་དང་མོས་པར་བསྟུན་པའི་རང་འཚམ་གྱི་མི་ཚེའི་ཁ་ཕྱོགས་ཞིག་གདམ་ག་བྱེད་པ་ལ་ཉེས་པ་གང་འདུག་གམ། སྒེར་གྱི་དགའ་མོས་སོགས་ངེས་པར་སྤྱི་ཡི་འཕེལ་ཕྱོགས་དང་བསྟུན་དགོས་དོན་གང་ཡིན་ནམ། ཁོ་ཚོའི་སྒེར་གྱི་དོན་དག་ལ་བཟའ་དཔོན་ལྟར་ཇུས་གཏོགས་དང“བསླབ་བྱ”བཙན་པོ་རྒྱག་པའི་དབང་ཆ་དེ“དཔྱོད་ཤེས་པ”དག་ལ་སུས་སྤྲད་པ་ཡིན་ནམ། སྒོས་སུ། འདྲ་མཉམ་དང་རང་དབང་ཁ་ནས་ཟློ་མཁན་ཞིག་གི་ངོས་ནས། གཞན་གྱི་རང་དབང་འཕྲོག་གིན་ཨེ་ཡོད་དམ། དེ་ལྟའི་ཧམ་པ་དང་སྙིང་ཁམས་དེ་ཕར་དེད་ན་གཞུང་ལུགས་གང་གི་ལྟ་གྲུབ་ལ་གཏུགས་ཡོད་མེད་གསལ་པོ་མ་རེད་དམ། ཡང་གཅིག་བཤད་ན། དཔྱོད་ཤེས་ཞེས་པ་དེའང་། “ང་ལ་ཡོད”ཅེས་པས་ཁྱོད་ལ་ཡོད་ངེས་པ་ཞིག་དང་། “ཁྱོད་ལ་མི་འདུག”ཅེས་པས་ང་ལ་མེད་འགྲོ་བ་ཞིག་ཀྱང་མིན་པར་སྣང་སྟེ། འཆད་བྱའི་རྩོམ་ཐུང་འདི་གཉིས་ཀྱིས་མཚོན་པའི་ཅི་བྲིས་གང་བརྩམས་ཀྱི་རྩོམ་ཡིག་དང་དཔེ་དེབ་ཐམས་ཅད“དཔྱོད་ཤེས”ཀྱིས་ཟིན་ཡོད་མེད་ལ་ལན་གཅིག་བརྟགས་པས་ཀྱང་ཡོད་ཚད་གསལ་ལེར་བཤམས་མི་འདུག་གམ།

གསུམ།  “ལོ་རྒྱུས་ཤེས་རིག”དང“སྒྱུ་རྩལ་རྩོམ་རིག”གཉིས་ཀྱང་ཤ་ཁ་ཁ་དང་གྲི་སོ་སོ་ལྟ་བུའི་འབྲེལ་མེད་ཅིག་རྩ་བ་ནས་མིན་པར་མ་ཟད། གཅིག་ཁུངས་གཅིག་ལ་བཅོལ་ཅིང་གཅིག་རོགས་གཅིག་གིས་བྱེད་པ་ཞིག་སྟེ། རྩོམ་རིག་གི་མཚོན་བྱ་ནི་ལོ་རྒྱུས་ཡིན་པས་སོ། ། དེ་ཡང་ཅུང་གསལ་བོར་བཤད་ན། རྩོམ་རིག་གི་མཚོན་བྱར་གྱུར་བའི་མི་ནི་མི་རིགས་གང་དེའི་ལོ་རྒྱུས་དང་རིག་གནས་ཀྱི་སྐྱེད་འབྲས་ཡིན་ཅིང་། རྩོམ་རིག་གི“བསམ་བློའི་ཁྱད་ཆོས”ཞེས་པ་དེའང་མདོར་དེད་ན། མི་སྣ་དེ་དང་འབྲེལ་བའི་མི་རིགས་གང་དེའི་ལོ་རྒྱུས་དང་རིག་གནས་ལས་གཞན་དུ་མེད། དེ་བས། ཚད་ངེས་ཅན་ཞིག་ནས་བཤད་ན། རྩོམ་རིག་བརྩམས་ཆོས་ནི་སྣང་བརྙན་ཅན་དུ་བྱས་པའི་ལོ་རྒྱུས་ཉིད་དང་ཚོར་ཤེས་དང་དཔྱོད་ཤེས་འོ་ཆུ་བཞིན་དབྱེར་མེད་དུ་འདྲེས་པའི་སྒྱུ་རྩལ་དང་བསམ་བློའི་གཏེར་ཁ་རེ་རེ་ཡིན་ནོ། ། གྲོགས་ལགས་ཀྱིས་རྟག་པར་དགེ་ཆོས་དང་རང་གྲོལ་གྱི“བསམ་བློ། མི་གཞི། སྒལ་ཚིགས”ཟེར་གྱིན་པ་དེ་ཚོ་ཡང་གཙོ་བོ་ཁོང་རྣམ་གཉིས་ཀྱི་རྩོམ་རིག་བརྩམས་ཆོས་ལས་རྙེད་པ་མ་ཡིན་ནམ། དེ་ཚོ་ཚོར་ཤེས་དང་དཔྱོད་ཤེས་ཟུང་དུ་འབྲེལ་བ་ལས་བྱུང་བ་མ་རེད་དམ། དེ་ནི་རྩོམ་རིག་གིས“དངོས་ཡོད་སྤྱི་ཚོགས་ལ་གདོང་གཏོད”ཀྱིན་པའི་སྒྲུབ་བྱེད་དུ་མི་འགྲོའམ། གལ་ཏེ། ཁོང་རྣམ་གཉིས་ཀྱི་སྙན་ངག་གིས“དངོས་ཡོད་སྤྱི་ཚོགས་ལ་གདོང་གཏོད”པ་ལྟ་བུ་ད་ལྟའི་སློབ་ཆེན་པའི་སྙན་ངག་གིས་དེ་ལྟར་གདོང་གཏོད་ཐུབ་ཀྱི་མི་འདུག་ཟེར་ན། འོལ་ཚོད་དང་སྤོམ་བཤད་ཀྱིས་མ་སྦགས་པའི་སྒྲུབ་བྱེད་ཅི་ཞིག་འགོད་རྒྱུ་ཡོད་དམ།

བཞི། བརྒྱ་ལ་སློབ་ཆེན་པ་ཚོས། དེ་ལྟར“འདོད”ཅིང“སྙམ”གྱི་ཡོད་པའི་དབང་དུ་བཏང་ཡང་མི་སྐྱོན་ཏེ། མི་ཞིག་ལ་མཚོན་ན། དཔྱོད་ཤེས་དང་ཚོར་ཤེས་གཉིས་ལས་གང་ཞིག་གཙོར་འཛིན་མིན་དང་ལོ་རྒྱུས་དང་རྩོམ་རིག་གཉིས་ལས་གང་ལ་དགའ་མིན་སོགས་ནི་གལ་ཆེན་པོ་མ་རེད་བསམས། ད་དུང་སྙན་ངག་པ་དང“འབོལ་རྩོམ་པ”གང་ཞིག་ཡིན་མིན་དང་ཆགས་མིན་དེ་ཡང་གནད་འགག་ཆེན་པོ་མ་རེད་འདོད། གནད་འགག་ནི་ངེད་ཅག་གླེང་བར་དགའ་བའི“བསམ་བློ། མི་གཞི། སྒལ་ཚིགས”སོགས་ནི་གླེང་མཁན་རང་ཉིད་ལ་ངེས་པ་དོན་གྱིས་ལྡན་མིན་དེ་རེད། ཁྲ་ཁྲ་ཟང་ཟིང་གི་སྤྱི་ཚོགས་ལ་གདོང་གཏོད་དུས་ཁ་ལག་བསམ་སྦྱོར་ཡ་བྲལ་དུ་འགྱུར་གྱི་ཡོད་མེད་དེ་རེད། དེའི་མིང་ལ་ད་གཟོད“མི་གཞི”ཟེར་རོ། ། དེའི་མིང་ལ་ད་གཟོད“བླ་སྲོག”དང“སྒལ་ཚིགས”ཟེར་རོ། ། དེ་ལྟ་མ་ཡིན་ཚེ། “འབོལ་རྩོམ་པ། དཔྱོད་ཤེས་པ། དགག་སྒྲུབ་པ”སོགས་སུ་ཁས་འཆེས་ཤིང “མི་གཞི་དང་སྒལ་ཚིགས”ཟེར་བ་དག་ཁ་ལ་འཁྱེར་མཁན་དག་གིས་ཀྱང་། གཞན་ལྟ་ཅི་དངུལ་ལོར་གྱི་ཁེ་ཕན་ཆུང་ངུའི་མདུན་དུའང་རྣོག་ལས་གཡོ་འཚོང་གི་ཟློས་གར་ཅི་མི་སྙམ་པར་འཁྲབ་ཕོད་ཅིང་འཁྲབ་ཀྱིན་པའི་ཚུལ་སོགས་ནི་གསལ་པོར་ལབ་དགོས་མ་མཆིས་ཏེ“རང་མི་རང་ལ་ཁ་ནང་ལྕེ་རྒྱུས་ཡོད”པ་མ་ཡིན་ནམ། དེ་ནི“དཔྱོད་ཤེས་པ”དག་གཞོན་ནུ་ཚོའི“མདུན་ཕྱོགས་ན་ཆུ་བཞུར་བཞུར་བྱས་ཏེ་སོང་ཡོད”རབས་ཟེར་བའི་རང་གཟུགས་ཨེ་ཡིན་ནམ། དེ་ནི“རིན་ཐང་ལྟ་ཚུལ་དང་བསམ་པའི་འཁྱེར་སོ་ཡང་དག་པ”ཞེས་པ་དེ་ཡིན་ནམ་ཅི། རང་རེའི་སློབ་ཆེན་པ་ཚོ་དེ་ལྟའི“དཔྱོད་ཤེས་པ”ཞིག་ཆགས་པ་ལས། “སྙན་ངག་གི་སྲས་མོ་ལ་འཐམ”བཞིན་རང་ཚུགས་སྲུང་སྡོད་པའི“ཚོར་ཤེས་པ”ཞིག་ཆགས་ན་མི་ལེགས་སམ། དེ་ནི་ད་གཟོད་གནད་འགག་གོ །

ལྔ།  རྩོམ་ཐུང་གཉིས་ཀྱི་ཚིག་བབ་ལ་བསམས་ཤིང་། ལོ་འགའི་སྔོན་ལ་གྲོགས་ལགས་ཀྱིས(2)“《གངས་རྒྱན་མེ་ཏོག》དང《སྦྲང་ཆར》གཙོས་པའི་དུས་དེབ་ཁག་ཏུ་སྤེལ་བའི་དེང་གི་སྙན་ངག་དག་གིས་འུ་ཅག་ལ་བསམ་བློའི་འཚོ་བཅུད་ཅི་ཞིག་གནང་སོང་བ་དང་སྙིང་སྟོབས་ཀྱི་དཔའ་ཅི་ཞིག་བསྐྱེད་སོང་། … …”ཞེས་ཨ་ཁུ་ཡི་དམ་ཚེ་རིང་དང་རང་གྲོལ་ལྟར་སྙན་ངག་ལས“རིགས་ཞེན”ཐད་ཀར་བརྗོད་མཁན་ཉུང་བའི་ཚུལ་ལས་བརྩམས་ཏེ་དེང་གི་སྙན་ངག་ལ་སྤྱི་ཚོགས་ཕན་ནུས་མེད་ཚུལ་བརྗོད་པ་སོགས་ལ་གཞིགས་ན། སློབ་ཆེན་པ་རྣམས་ཀྱིས་གྲོགས་ལགས་ཀྱིས་ཟེར་བ་ལྟར“འདོད”ཅིང“སྙམ”གྱི་ཡོད་མེད་གང་ཤེས་ཀྱང་། གྲོགས་ཁྱེད་རང་གིས་ནི་ཚོར་ཤེས་ལས་དཔྱོད་ཤེས་གལ་ཆེ་བ་དང་སྒྱུ་རྩལ་རྩོམ་རིག་ལས་ལོ་རྒྱུས་ཤེས་རིག་ལ་རིན་ཐང་ལྡན་པ་སོགས“འདོད”ཅིང“སྙམ”གྱི་ཡོད་པ་འདྲའོ། ། དེ་ལྟར་བལྟས་ན། རྩོམ་ཐུང་དེ་གཉིས་ཀྱང“སློབ་ཆེན་པའི་རིག་གནས་སྣང་ཚུལ་ལ་བསམ་ཚུལ་ཕྲན་ཙམ་ཐོལ་གྱིས་སྦྱར་པ”ཙམ་མིན་པར། “སྙན་ངག་མཁོ་མེད་སྨྲ་བའི”ནད་རྙིང་ཞིག་གྲོགས་ལགས་ཀྱི་རུས་རྐང་གསེང་ན་ཨ་འཐས་སུ་གནས་མེད་དམ་སྙམ་པའི་དོགས་པ་ནི་བདག་ལ་ཡང་ཡང་འབྱུང་ངོ་། །

གསུམ་པ།   “སྡོམ་ཚིག”ཡ་མཚན་དང་རྩེད་མཚར་ཀུ་རེ།

གྲོགས་ལགས་ཀྱིས《རང་ངོ་རང་འཚོལ་གཞོན་པའི་སྨན་དུ་འགྲོ》ཞེས་པའི་རྩོམ་མཇུག་ཏུ་ཚིག་ཐག་ཆོད་པོས“སྡོམ་ཚིག”གསུམ་བཀོད་པའི་སྔ་མ་གཉིས་ལ“ཡ་མཚན”ཆེན་པོ་སྐྱེས་བྱུང་། “ཡ་མཚན”སྐྱེས་དོན་ལ་གཉིས་ཏེ། གཅིག་ནི“ཁོ་བོའང་སློབ་ཆེན་འགྲིམ་དུས་རྩོམ་རིག་ལ་དགའ་མྱོང་། སྙན་ངག་ལ་བལྟས་མྱོང་། ཐ་ན་སྙན་ངག་གི་དཔྱད་པ་ཐ་ངེ་ཐུང་ངེའང་བྲིས་མྱོང”ཞེས་པའི“བློ་སྦྱོང”དེ་འདྲ་ཡོད་པ་བདེན་ན། “སྡོམ་ཚིག”འདི་འདྲ་ཞིག་གང་འདྲ་བྱས་ཏེ་ཐོབ་པ་ཡིན་ནམ་སྙམ་སྟེ“ཡ་མཚན”སྐྱེས་པ་དང་། གཉིས་ནི“སྡོམ་ཚིག”སྔ་ཕྱི་གཉིས་ཀྱི་མཇུག་ཏུ“འཇོག་གི་མིན་པ་དང”ཞེས་དང་། “རྩི་རྒྱུ་མིན་པ”ཞེས་བཀོད་པའི་ཚིག་འགྲོས་ལ་གཞིགས་ཚེ། “སྡོམ་ཚིག”ཅེས་མིང་བཏགས་པའི་ཚིག་ཕྲེང་དེ་གཉིས་ནི་ཤེས་ཡོན་པའི“དཔྱོད་ཤེས”ལས་བྱུང་བའི་ཞིབ་འཇུག་གི“སྡོམ་ཚིག”ཅིག་དང་ཁྱོན་ནས་མི་འདྲ་བར་སྒེར་གཅོད་སྲིད་གཞུང་གང་ཞིག་གིས་ཁ་བརྒྱ་ཆིག་གཅོད་ཀྱིས་བཀས་བཅད་པའི་རྩ་ཚིག་བཙན་པོ་ཞིག་དང་ཀུན་ནས་འདྲ་བར་མཐོང་སྟེ“ཡ་མཚན”པའོ། །

མཇུག་ཏུ་གྲོགས་ལགས་ལ་རྩེད་མཚར་ཀུ་རེ་ཞུ་བ་ལའང་གཉིས་ཏེ། གཅིག་ནི་གྲོགས་ལགས་ཀྱིས“སྙན་ངག་ནི་སྒེར་པའི་ཁོངས(私人领域)ལས་སྤྱི་པའི་ཁོངས(公共领域)ལ་འཇོག་གི་མིན་པ”ངེས་པར་བདེན་ཚེ། ཁོ་བོས་དེ་སྔ་བྲིས་པའི་སྙན་ངག་ཡིན་ནོ་ལོ་དེ་ཚོ་སྤྱི་ཚོགས་ཤུགས་རྐྱེན་དང་བཅས་པ“སྤྱི་པའི་ཁོངས”ནས་བླངས་ཏེ་ཁོ་བོ“སྒེར་པའི་ཁོངས”སུ་གང་མགྱོགས་སྤྲོད་གནང་ཡོད་པ་ཞུ་རྒྱུ་དང་། རྗེས་མར་གྲོགས་ལགས་ཀྱི“རྩ་ཚིག”དང་མི་འགལ་བའི་ཁས་ལེན་དམ་བཅའ་ཡང་འབུལ་ལོ་ཞེས་པ་དང་། གཉིས་ནི་གྲོགས་ལགས་ཀྱིས་ཉེ་ཆར་བྲིས་པའི་རྩོམ་ཐུང་དེ་གཉིས་ཀྱིས་མཚོན་པའི་ལྗགས་རྩོམ་མང་པོ་ཞིག་ཀྱང“དཔྱོད་ཤེས་བསམ་གཞིག་གི་རྩི་བཅུད”མེད་པའི“ཚོར་བ་རྒྱ་ཡན་པའི་སྙན་ངག”ཅིག་དང་ཤིན་ཏུ་རབ་ཏུ་མཚུངས་ན། སྐུ་ཉིད་ཀྱིས་ཀྱང་རང་དཔེ་གཞན་སྟོན་གནང་སྟེ“སྤྱི་པའི་ཁོངས”ནས“སྒེར་པའི་ཁོངས”སུ་གང་མགྱོགས་འཁྱེར་རོགས་ཞུ་རྒྱུ་དང་ཆབས་ཅིག རྗེས་མ་ནས“དཔྱོད་ཤེས་བསམ་གཞིག་གི་རྩི་བཅུད”ཡོད་ཅིང“ཚིག་སྐམ”མ་ཡིན་པའི་གསུང་རྩོམ་མང་དག་ཅིག་གསོལ་རས་སུ་གནང་རོགས་ཞུ་ཞེས་པའོ། །

དོན་གོ་ལོག་ཡོད་ན་མཛུབ་མོ་ཚུགས། །

ངག་འཁྲུལ་བ་གདའ་ན་དགག་སྒྲུབ་གྱིས། །

ཚིག་བཙན་པོ་འདུག་ན་བཟོད་པར་གསོལ། །

གྲོགས་མེ་ལྕེའི་ཐུགས་ལ་དེ་ལྟར་ཞོག ། ཅེས་ཀྱང་སྨྲས་སོ། །

 

   2016-5-31ཉིན་ལྷ་སའི་རང་ཤག་གད་པ་མཐོངས་ཡངས་སུ་བྲིས་པ་འདིས་ཀྱང་སློབ་བུ་གསར་རྙིང་ཀུན་གྱི་རྣམ་དཔྱོད་རྒྱས་པ་ལ་ཕན་ཐོགས་པར་གྱུར་ཅིག །  ། །

 

 

མཆན།      [1] རྩོམ་ཐུང་དེ་གཉིས་དྲ་གནས་འདི་ནས་གཟིགས་ཐུབ། གཞོན་གསར་དྲ་བ།www.tbnewyouth.com/discussion/6897.html

              [2] མེ་ལྕེས་བརྩམས། 《རིགས་ཞེན་དཀར་པོའི་བདག་ཉིད》  ༢༠༠༩ལོའི《ཤར་དུང་རིའི 》ཤོག་ངོས༡༥༥ལ་གསལ།

 

 རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།   

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།