ཆམ་ནད། (བརྩམས་སྒྲུང་མེ་ཏོག་དང་རྨི་ལམ་བཀླགས་པ།)

1019

རྩོམ་པ་པོ།   ས་དམར་གྲགས་པ།

 

       ___ཨ་ཅག་ཚེ་རིང་དབྱངས་སྐྱིད་ལགས་ཀྱི་བརྩམས་སྒྲུང<<མེ་ཏོག་དང་རྨི་ལམ>>བཀླགས་པ།

གཞུང་ལུགས་ཆེན་པོ་གང་ཞིག་མིག་གིས་བལྟས་ཏེ་ཁ་ཡིས་བཤད་རྒྱུ་ནི་ཡིག་ངོ་ཆོད་པ་ཙམ་གྱིས་ནུས་པ་ཤིག་དང་། གཞུང་ལུགས་ཆེན་པོ་ཞིག་གིས་བསྟན་པའི་གནས་ལུགས་གསེར་ཕྱེ་ལྟ་བུ་དེ་དག་སེམས་ཀྱིས་བཙགས་ཏེ་མི་ཞིག་གི་མི་གཞི་རུ་གྲུབ་རྒྱུ་ནི་ཁ་རྒྱགས་པ་འགའ་ཡིས་ཡོང་པ་ཞིག་རྩ་བ་ནས་མིན། དེ་ལ་རང་བཞིན་གྱི་བློ་ཁོག་ཆེན་པོ་ཞིག་དང་ཕུ་ཐག་རིང་བའི་རང་བློ་གཙང་མ་ཞིག་ཅིས་ཀྱང་དགོས་ངེས། ལག་པས་རྐང་པར་འཇུ་ཐུབ་པ་མིག་མཐོང་ལག་ཟིན་ཡིན་རུང་། མི་གཞི་ཞིབ་ཀྱིས་བརྡར་རྒྱུ་ནི་རང་གི་ཤེས་རབ་ཀྱི་ཁབ་མིག་ལས་མཁས་པའི་རང་རྣམ་སོགས་ལ་མཇལ་ན་ཅུང་གསལ་པོར་ཤེས།དེ་མིན་རང་ལ་རང་ལུགས་མེད་པར་གཞན་གྱི་རྐང་ལག་ཁོ་ན་གཡར་ཏེ་རང་གི་ཉེ་འཁོར་གྱི་མི་རྣམས་ལ་ལྟ་དགོས་ཚེ་མཛོ་ཞར་གྱིས་རྩྭ་ཟ་བ་ལས་མ་འདས། དེའི་དབང་གིས་བདག་གིས་བརྩམས་སྒྲུང་རྩོམ་པ་བོ་ཚེ་རིང་དབྱངས་སྐྱིད་ལགས་ཀྱི་བརྩམས་གནང་མཛད་པའི༼མེ་ཏོག་དང་རྨི་ལམ༽ཞེས་པ་འདི་གཞུང་ལུགས་ཆེན་པོ་ཞིག་བཟུང་སྟེ་འཆད་མི་ཕོད། དེ་བཞིན་འོ་ཅག་གི་དཔྱད་རྩོམ་ལྟ་བུའི་ཡིག་ཚོགས་ཤིག་ཀྱང་སྤུངས་མི་ཐུབ། རང་གི་ནུས་པ་ཙམ་གྱིས་དཔེ་ཀློག་བྱ་རྒྱུ། རང་གི་ཤེས་རབ་དང་རིག་པ་མ་འཆལ་བའི་རྒྱུ་ཙམ་ཞིག་གི་ཐོག་ནས་བརྩམས་སྒྲུང་འདི་ཀློག་པའི་གོ་རིམ་ཁྲོད་ཀྱི་མི་སྣའི་སྣང་བརྙན་དང་དུས་ཚོད་ཀྱི་བར་སྟོང་གི་ཆ། སྤྱི་ཚོགས་ཀྱི་ཟུར་རེ་ནས་མཐོང་ཐོས་དྲན་རེག་གིས་ཟིན་པའི་ཚོར་བ་དག་སེམས་ཀྱིས་འཕྱར་བར་བྱེད་པ་གསུམ་སྟེ། མི་སྣའི་བྱུང་རིམ་ལས་སྤྱི་ཚོགས་འཚོ་བ། བུ་མོ་སྒྲོལ་དཀར་དང་མི་ཚེའི་འགྱུར་ལྡོག། ལྷ་ཆོས་རིག་གནས་དང་མཐའ་མའི་ལོག་མལ་ཏོ།།

བརྩམས་སྒྲུང་འདིའི་སྤྱི་ཁོག་ནི་ཟ་ཁང་གི་སྦྱིན་བདག་བུ་ཁྲིད་དང་། བུ་མོ་སྒྲོལ་དཀར། བུ་རྫི་གཡང་འཛོམས། རྒྱ་མོ་ཞྭོའུ། ཁམས་མོ་འཛོམས་སྐྱིད་སོགས་མི་དྲུག་གཙོ་བྱས་ཏེ་གྲུབ་པའི་སྒྲུང་ཞིག་ཡིན་ཡང་། ཟུར་རེ་རེ་ནས་སྤྱི་ཚོགས་ཀྱི་ཆམ་ནད་ལྟ་བུའི་དངོས་ཡོད་ཀྱི་འཚོ་བ་དང་གཞི་གཅིག་ཏུ་འདུས་པར་བྱས་འདུག། ཟ་ཁང་སྦྱིན་བདག་བུ་ཁྲིད་ཀྱིས་སྒྲོལ་དཀར་གྱི་མི་ཚེའི་ཁ་ཕྱོགས་ལྟ་བུའི་མེ་ཏོག་དེ་ཀརྨ་རྡོ་རྗེའི་སྙིགས་གཤིས་ཀྱི་རྨི་ལམ་ཐུན་གཅིག་གི་དུས་ཚོད་ལ་བརྗེས། ཁྱིམ་བདག་སྒྲོལ་མས་དྭ་ཕྲུག་དབྱངས་འཛོམས་ཀྱི་རེ་བ་ཐ་གུ་འདྲ་བ་དེ་ཡང་སྒོར་སྟོང་གཉིས་ཀྱི་རྐུན་མིང་གིས་བསུབས། རྒྱ་མོ་ཞོའུ་ཡི་སློབ་ཆེན་གྱི་སྒོ་ཐེམ་དེ་མ་གཡར་མའི་སེམས་ལ་དཔར་བའི་རྒྱ་ལོ་དམར་པོ་དེ་དག་གིས་མཐོ་རུ་བཏང་། ཁམས་མོ་འཛོམས་སྐྱིད་ཀྱི་བརྩེ་དུང་གི་སྡིག་སྒྲིབ་དེ་ཁོང་རང་གི་ཨ་མས་ངོ་ཚར་བརྩིས་ཏེ་དང་ལེན་མ་བྱས་པ་སོགས་ཀྱིས་སྒྲུང་འདིིའི་ས་བོན་བཏབ།  རྫོང་དཔོན་སྙན་གྲགས་སོགས་ཀྱི་མི་གཤིས་དང་སྤྲོ་སྐྱིད་ཁང་གི་སྒོ་འགྲམ་ནས་བསྒུག་མཁན་གྱི་ཕོ་གསར།  ཀརྨ་མ་རྡོ་རྗེ་ལྟ་བུའི་ཚོང་བ་དེ་སོགས་ཀྱིས་ཆུ་ལུད་དྲངས། སྒོར་མོ་དང་རེག་དུག་གིས་ཆ་ཤས་ཟིན་པའི་འཛམ་གླིང་སྤྱིའི་གནས་བབ་ཀྱི་འགྱུར་ལྡོག་ཁྲོད་དུ་སེམས་ཀྱི་རིག་གནས་ལ་ལས་དབང་བཅོལ་བའི་མི་རིགས་ཤིག་གི་དད་སེམས་འགྱུར་བཞིན་པ་མཚོན་པར་བྱས་པ་ལས་གཞི་གྲུབ། སྐབས་དེར་གྲོང་ཁྱེར་འདིས་མཚོན་པའི་གྲོང་དང་གྲོང་གསེབ་ཡོངས་ལ་ཁ་བ་ཞིག་བབས། ཁ་བ་དེ་ཐག་རིང་གི་ཨ་ཧྥུས་རི་ཁ་དང་། ཨུ་རུ་སུ་སོགས་གཙོ་བྱས་འཛམ་གླིང་ཡོངས་ལ་བབས། མཐའ་མར་རང་ཅག་བོད་དུ་བབས། “ད་ཐེངས་ཀྱི་ཁ་བ་དེས་སྐམ་ཤས་ཆེ་བའི་གྲོང་ཁྱེར་འདི་ལ་བརླན་གཤེར་ཕྲན་བུ་བསྩལ་བྱུང་བས་མི་རྣམས་ཀྱིས་ད་ཐེངས་ཀྱི་ཁ་བ་དེས་ལོ་དེའི་ཆམ་ནད་ལྗིད་པོ་དེ་ཡང་རིང་དུ་འགྲོ་བར་རེ་བ་བྱེད”བཞིན་ཡོད་པའི་སྐབས་དེར། ཁ་བ་དེ་ཆེ་རུ་ཕྱིན་ཏེ། དབྱར་གྱི་བཞད་ཁ་མའི་མེ་ཏོག་ལྟ་བུའི་བུ་མོ་སྒྲོལ་དཀར་དང་། གཡང་འཛོམས། ཞོའུ། འཛོམས་སྐྱིད་སོགས་ཀྱི་ལས་དབང་དཀར་ཆ་ནག་ཆ་དེའི་འོད་ཟེར་གྱི་སྒོ་མོར་ཁ་ལེབ་བརྒྱབས། ཁ་ལེབ་ཆེན་པོ་དེའི་གས་གསེབ་ནས་ཉི་འོད་མཐོང་ཙམ་བྱས་ཀྱང་། མི་སྡུག་པའི་འཇིག་རྟེན་མིག་གིས་ཁོང་ཚོ་ལ་རེ་བ་གཞན་ཞིག་མ་སྤྲད་པར་བུ་མོ་སྒྲོལ་དཀར་ལ་རེག་དུག་ཕོག་སྟེ་ཚེ་ལས་འདས། སྨན་ཁང་གིས་སྨན་རིན་མིའི་ཚེ་སྲོག་ལས་ཀྱང་གཙིགས་སུ་བཟུང་། གཡང་འཛོམས་དང་འཛོམས་སྐྱིད་གཉིས་ཀྱིས་རང་གི་ལུས་པོར་བརྗེས་པའི་རྒྱ་ལོ་དམར་པོ་དེ་དག་དང་གསེར་གྱི་རྒྱན་ཆ་དེ་དག་གིས་འདས་མོར་སྨན་ཆུ་རྒྱག་ཐུབ་ཙམ་བྱུང་ཡང་། ཆམ་ནད་རུས་ལ་ཟུག་པའི་མིའི་གཤིས་རྒྱུད་ངན་པ་འདིས། སྒྲོལ་དཀར་གྱི་ཚེ་སྲོག་དེ་སྔ་ས་ནས་འཇིག་རྟེན་དཀར་ངོགས་འདི་ནས་སྐར་མདའ་བཞིན་དུ་ཡལ་བར་བསྒུག་ནས་འདུག་པས། མིས་སྤྱི་ཚོགས་གྲུབ་ཅིང་། སྤྱི་ཚོགས་ཀྱིས་མི་རྣམས་འདི་ལྟར་རྩེད་ཆས་ལྟ་བུར་སྤྱད་དོ།།

འཚོ་གནས་ནི་འགྲོ་བ་མིའི་རིགས་ཀྱི་འདུ་ཤེས་ཀྱི་རུ་མ་ལྟ་བུའི་དངོས་ཡོད་ཀྱི་འཚོ་ཐབས་གྲུབ་བྱེད་དེ་ཡིན། འཚོ་ཐབས་ཤིག་རྙེད་རྗེས་འཚོ་བའང་དེ་བཞིན་གྲུབ་ཟིན་པས་འཚོ་གནས་ནི་མི་ཞིག་གསོན་བྱེད་དང་འགྲོ་བྱེད་ཀྱི་སྲོག་ཤིང་ལྟ་བུ་དེ་ཅི་ལ་མིན། ཚེ་སྲོག་གི་རྒྱུ་བ་མ་ཆད་པའི་ཕྱིར་དུ་འཚོ་གནས་བཙལ་ཞིང་འཚོ་བ་བསྐྱལ། དེ་ནས་རང་ཉིད་མི་རུ་གྲུབ་པའི་དགོས་པ་དག་འཚོལ་བ་ནི་ཆེས་སྤྱིར་བཏང་གི་གནས་ལུགས་ཤིག་གམ་ཡང་ན་དོན་དངོས་དེ་རེད། གཟོད་གཞི་ནས་ཁྱིམ་ཚང་བཅའ། འཚོ་བ་རོལ། རང་གི་བདག་དབང་དང་ཁེ་དབང་ཟེར་བ་དེ་གླེང་། དད་ཡུལ་དང་འགྲོ་ལམ་སྙེག ། འགྲོ་བ་མིའི་རིགས་ཤིག་འགྲོ་བ་མིའི་སྤྱི་ཚོགས་ཀྱི་གྲས་སུ་འཚང་།  འཚོ་བ་ལ་ཕྲ་རྒྱན་སྤྲད། འདི་དག་ནི་མི་ཞིག་མི་རུ་འགྲུབ་བྱེད་ཀྱི་ལམ་དེ་ཡིན་མོད། བུ་མོ་སྒྲོལ་དཀར་རང་ལ་དབང་བའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདིའི་ལམ་གྱི་བཞི་མདོ་དེ་རུ། རང་དང་ཡུལ་ལུང་གཅིག་པའི་ཟ་ཁང་སྤྱིན་བདག་བུ་ཁྲིད་ལགས་ཀྱི་འདོད་ཧམ་གྱི་སྒེའུ་ངོས་སུ་འབྱར་བའི་ཟིལ་བ་ཞིག་དང་འདྲ་བར་གཡོ་དང་སྒྱུ་ཡིས་ཕྱིས།ཁ་བ་བབས་པའི་མཚན་མོ་དེར། ཁ་བའི་ནང་གི་བྱིས་པ་དེ་དག་གི་རྗེས་སུ་གཡུགས་པའི་རྡོ་སོལ་དེ་དང་འདྲ་བར་སྒྲོལ་དཀར་གྱི་སེམས་པ་དཀར་པོ་དེ། ཉིན་དེ་ནས་བཟུང་ལས་དབང་གིས་ནག་རལ་དུ་བཏང་། ཁོ་མོ་ཇི་ལྟར་འདས་ལོག་བརྒྱབ་ཀྱང་ཁོ་མོར་ཤེས་རབ་མིག་གིས་བལྟ་མཁན་མ་བྱུང་བར་ཁེར་རྐྱང་དུ་ལུས། ཁྲུང་ཞུ་མ་བྱས། ལུས་བཙོང་། ཆང་དང་དུ་བར་རོལ། དམིགས་བསལ་གྱི་ལས་པོ་བྱས་རྗེས་སེམས་པའི་འོད་ཟེར་ནང་དུ་ཐུམ་བསྒྲིལ་བྱས་པའི་ཕོ་གསར་ཞིག་དང་འཕྲད། དེའང་རང་གི་རྒྱན་དུ་མ་སོང་བར་ཁུར་དུ་སོང་ནས་སེམས་ཁྲལ་དང་སྡུག་བསྔལ་ལྷག་མ་ཞིག་ཏུ་གྱུར། མཐའ་མར་འགྲོ་བ་མིའི་རིགས་ཀྱི་ཤེད་མ་ལྟ་བུའི་ནད་ངན་རེག་དུག་གིས་མནར་ཏེ་ལུས་རུལ། ཁྲག་འཛར། ཁ་ལ་ཆུ་མ་སོང་། ཕོ་བར་ཟས་མ་སོང་། མིག་ཆུས་སེམས་པ་བརླན་ཞོར་ཕ་མར་ཁང་པ་ཕུབ། སྤུན་ཆུང་ལ་སློབ་ཡོན་བསྐུར། རང་གི་ཚེ་སྲོག་ཉམ་ང་བ་དེ་མི་འདོད་བར་དོ་ལ་མོ་བརྒལ། འདི་ནི་འགྲོ་བ་མིའི་རིགས་དང་སྒོས་སུ་རྒྱུ་དག་མེད་པའི་བོད་ཀྱི་ཚོང་དཔོན་སྙིགས་གཤིས་ཅན་ཞིག་གིས་བཟོས་པ་ཡིན་མོད་ཀྱང་། དེ་ཁོ་ནར་ངན་ཁག་བཀལ་ཆོག་པ་ངས་རྩ་ནས་མ་ཚོར། རྒྱུ་མཚན་འགྲོ་བ་མིའི་སྤྱི་ཚོགས་ཤེས་རིག་ཅན་གྱི་སྤྱི་ཚོགས་སུ་འགྲོ་བཞིན་ཡོད་ཀྱང་ཁ་ཆེ་དང་ཡོ་རབ་ཀྱི་དམག་འཁྲུག། མི་རིགས་གྲངས་ཉུང་ཅན་གྱི་དཔལ་ཡོན་རྗེས་ལུས། ཆོས་ཁྲིམས་གཙང་མ་དབེན་པའི་བླ་སྤྲུལ་དབང་ཤེད་ཅན། རྒྱུ་མཚན་གནས་ལུགས་མེད་པའི་དཔོན་པོ་དོལ་ཅོ་ཅན་སོགས་ལས་གྲུབ་པའི་ང་ཚོའི་སྤྱི་ཚོགས་ཡོངས་དང་། ནང་སྒོས་བོད་སྤྱི་ཚོགས་ཀྱི་ཕ་མའི་རེ་བ་བུ་ལ་བཅོལ་བའི་ལས་འབྲས་ངན་པ་འདི་ལས་བྱུང་མ་ཡིན་གྲང་། སྒྲོལ་དཀར་གྱི་ལས་དབང་འདི་ནི་འགྲོ་བ་མིའི་རིགས་ཀྱི་སྡུག་བསྔལ་ཞིག་ཡིན་པ་མ་ཟད། ང་ཚོ་བོད་པའི་རུས་པའི་གཏིང་ལ་ཟིན་པའི་ནད་རྟགས་ཆེ་ཤོས་དེའོ།།

རང་ཅག་བོད་ལ་དབང་བའི་མེ་ཏོག་དེ་དག་རང་ཅག་བོད་ཀྱི་གྲོང་ཁྱེར་ཆེན་པོ་ལྷ་ས་ནས་འདབ་མ་ཐོར་ཞིང་རླུང་གིས་ཁུར། འདི་ནི་ལས་དབང་བཅོས་མ་ཞིག་མ་ཡིན་པར་དོན་དངོས་ཀྱི་འཚོ་བ་དངོས་དང་འབྲེལ་བ་དམ་པོ་ཡོད་པའི་གནས་ཚུལ་ཞིག། ལོ་འདི་དག་ལ་མང་ནས་མང་དུ་འགྲོ་བཞིན་པའི་ཆམ་ནད་ངན་པ་འདི་ཨ་ཧྥུས་རུ་ཁ་གཙོ་བྱས། ཨུ་རུ་སུ་དང་ཀྲུང་ཀོའི་ནང་ལོག། དེ་བཞིན་བོད་དང་ཀླུ་ཡུལ་སོགས་སུ་མེ་ཡི་ཚ་རླབས་ཆེན་པོ་ཞིག་ལྟར་རླུང་གིས་དེད་ནས་འོང་བཞིན་པའི་ཆམ་ནད་ཅིག། ཁ་བ་གངས་ཅན་ལྗོངས་ཀྱི་ཁ་བ་འབབ་ཐེངས་གཅིག་གིས་བསལ་མི་ཐུབ་པའི་ཆམ་ནད་ལྗིད་མོ་ཞིག་སྟེ། དམ་ཆོས་གསེར་གྱི་ཕྱེ་མས་མི་སེལ་ལ། མི་ཆོས་བདེན་པའི་བུ་གས་འཇུབ་མི་ཐུབ་པ། ལས་འབྲས་ས་བོན་དཀར་པོས་འདེགས་མི་ནུས་པ་ཞིག་ཡིན་པས། བུ་མོ་སྒྲོལ་དཀར་དང་། བུ་རྫི་གཡང་འཛོམས། རྒྱ་མོ་ཞོའུ། ཁམས་མོ་འཛོམས་སྐྱིད་སོགས་ཀྱི་ལས་དབང་ཕྱིར་མི་ལྡོག་པའི་ལམ་ཆེན་འདི་ནས་མི་འདོད་བཞིན་དུ་ལང་ཚོའི་མེ་ཏོག་གི་ཕུང་བོ་ལྟ་བུ་དེ་འདོད་ཅན་འཇིག་རྟེན་པའི་ལག་ནས་མི་ཚེ་ཕྱེད་ཙམ་ལུས། དེ་ནས་བུ་མོ་སྒྲོལ་དཀར་གྱི་དཀར་གཙང་གཙང་གི་སེམས་པའི་ར་ཞིག  ཚེ་ཡི་མཐའ་རྫོགས།སྦྱིན་བདག་མ་བུ་ཁྲིད་རང་གི་ཉེས་པལམ་ཚེ་སྔོན་ལས་འབྲས་བཟང་བོའི་སྟོབས་ཀྱིས་འཇིག་རྟེན་མིའི་སྙིགས་གཤིས་ཀྱི་རྒྱ་ལས་ཐར། དམ་ཚིག་གཙང་མས་ད་བསགས་ལས་ཀྱི་སྡིག་པ་བཤགས་པའི་ཕྱིར་དུ་སྐྲ་ལོ་རྒྱ་ལྕང་འདྲ་བོ་རྩ་ནས་བཅད་དེ་སེམས་པ་དམ་པའི་ལྷ་ཆོས་ལ་ཕྱོགས། འདིའི་དགེ་བ་འདི་ལ་གཏན་ནས་བུ་རྫི་གཡང་འཛོམས་ཀྱི་སེམས་ཀྱི་རྣམ་ཏོག་གི་སྒོ་མོར་འོད་ཐིགས་ཙམ་ཕོག་པའི་སྐལ་བ་བཟང་བོ། རྒྱ་མོ་ཞོའུ་དང་ཁམས་མོ་འཛོམས་སྐྱིད་གཉི་ག་རང་ཡུལ་སྐྱིད་པའི་ལུང་པར་ལོག་ཐུབ་པ་བྱུང་། མཐའ་མར་ཁམས་མོ་འཛོམས་སྐྱིད་དང་བུ་རྫི་གཡང་འཛོམས། རེག་དུག་ལུས་ལ་ཕོག་པའི་བུ་མོ་སྒྲོལ་དཀར་གསུམ་དབུས་གཙང་ཆོས་ཀྱི་ཆོལ་ཁ་ནས་འཛོམས་ཞིང་། སྣང་བ་རྒྱང་དུ་དེད་དེ་རང་རང་གི་མ་འོངས་པར་ས་ལམ་རིགས་མི་འདྲ་བ་རེ་བྲིས་རྗེས་ཚེ་འདས་མ་དེའི་རྨི་ལམ་ནས་མཇལ། སྐྱེལ་མ་བྱས། སྐྱེས་པ་ནས་སྡུག་བསྔལ་ཁང་སྟོང་བཞིན་མགོ་ལ་གྱོན་པའི་བུ་རྫི་གཡང་འཛོམས་གཅིག་པུ་གྲོང་ཁྱེར་འདིའི་ཆང་ཁང་ཞིག་གིས་ཉེ་སར་བཅར་ཏེ་རང་གི་ཕར་སོང་ལ་ཕྱིར་མིག་བལྟས། དེ་ནས་ཆོས་ཀྱི་འོད་དཀར་པོ་ལུས་ལ་གྱོན་བའི་བསྐལ་བ་ཐོབ་པ་ལྟ་བའི་དཀར་པོ་ལས་ཀྱི་ས་བོན་ཞིག་སེམས་ཀྱི་སྲོག་ཏུ་ཞུགས་པའི་རྟེན་འབྲེལ་འགྲིག་སོང་ངོ་།།

མཇུག་ཏུ་རྩོམ་པ་བོ་ཁོང་ལ་ཐད་ཀར་ཞུ་རྒྱུ་ཞིག”壶”དང”汤””麻将””glass”ལྟ་བུའི་རྒྱ་སྐད་དང་ཨིན་སྐད་འདི་དག་བོད་སྐད་ཀྱི”ཚ་དེམ”དང”ཁུ””ཤོ་སྤག””ཇ་ཕོར”སོགས་ཀྱི་བརྡ་ཡོད་པ་འདི་དག་མི་སྤྱོད་དོན་སེམས་ཚུལ་གཞན་ཞིག་ཡོད་པ་ཡིན་ནམ་ཡང་ན་ཚིག་ལ་གོམས་ཆེ་བས་སོར་བཞག་བྱས་པ་ཡིན་ནམ་ཞེས་དྲིས་ན་འདོད་བྱུང་། དེ་བཞིན་བརྩམས་སྒྲུང་འདིའི་ཁ་ཕྱོགས་དང་བསམ་བློ་ཤིན་ཏུ་ནས་ལེགས་ཤིང་རང་བློར་ཧ་ཅང་བབས་སོང་། འོན་ཀྱང་རེག་དུག་གི་ནད་རྟགས་བྲིས་པ་མི་གསལ་པ་འདིས་སློབ་གསོ་རང་བཞིན་གྱི་ཆ་ནས་བཤད་ན་ཅུང་ནོར་འཛོལ་ཆེན་པོ་ཞིག་རེད་འདོད་བྱུང་། དེ་དང་དེ་བཞིན་བརྩམས་སྒྲུང་འདི་བརྩམས་སྒྲུང་གཞན་པ་དང་བསྡུར་ན་ཚིག་གི་སྒྱུ་རྩལ་དེ་འདྲ་ཡག་པོར་མཐོང་མ་སོང་། འདི་ཡང་ཧམ་བཤད་ཙམ་ཞིག་ཡིན་ཡང་སྲིད་དེ་མཐོལ་ལོ་བཤགས།     བཀྲ་ཤིས་བདེ་ལེགས།

༢༠༡༦།༥།༣༠ཉིན་གཡོས་ཁང་དུ་གྲུབ།

 

 

 རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།