“རིན་པོ་ཆེ”ཁག་ཅིག་གི་རྒྱ་ཡིག་བསྟན་བཅོས་ལས་འཕྲོས་པ།

222


རྩོམ་པ་པོ།   རྨེ་རུ་ཡུལ་ལྷ་ཐར།

 

 ཉེ་བའི་ལོ་ཤས་ནང་།  བོད་ཡིག་གི་ནང་བསྟན་སྡེ་རུ་མཚན་ཙམ་ཡང་ཐོས་མ་མྱོང་བའི”རིན་པོ་ཆེ”གང་མང་ཞིག་གི་བླ་དྭགས་ཀྱི་མཚན་རྒྱ་ཡིག་གི་དེབ་རྒན་སྤུས་ལེགས་གོང་ཆེན་ཅན་དག་གི་མདུན་ངོས་གང་རུང་ལ་མངོན་ཡོང་ཞིང་།  “རིན་པོ་ཆེ”ག་ལ་བ་དེས་གསུངས་དང་ཁྲིད་བསྐྱངས་དང་སྣག་བྲིས་སུ་ཕབ་ལྟ་བུའི་དེབ་རྒན་མང་བོ་ཐོན་ཡོང་གི་འདུག  སྤྱིར་ན་འདི་རིགས”རིན་པོ་ཆེ”དག་གི་ཁྱད་པར་བའི་ནང་ཆོས་ངོ་སྤྲོད་དང་ཐུབ་བསྟན་སྤེལ་བའི་ཐབས་འབའ་ཞིག་ཡིན་སྲིད་མོད།  བོད་སྐད་ནང་བསྟན་གྱི་སྡེར་སྦྱངས་པ་མཐར་མ་ཆོད་པར་ལོགས་ཤིག་ནས་ག་ཤེད་དུ་ཐོན་པའི་སྟེང་།  རང་གི་སྐད་ཡིག་གི་སྡེ་ལ་འབྲེལ་ཙམ་ཡང་མི་འཇོག་པར་ནང་ལོགས་རྒྱ་སྐད་ཀྱི་སྡེ་ལ་གློ་བུར”སྤྲུལ་བའི”མཛད་པ་འདྲ་ཞིག་འཁྲབ་པ་ནི།  འོས་མོ་འཕྲོད་མོ་དང་འགྲིག་མོ་བདེ་མོ་ཞིག་མིན་ཚོད་འདུག་ལ།  མ་མཐར་ཡང་།  ང་རང་གི་བློ་ལ་ཧ་ཅང་མི་མཐུན་པའི་མཛད་པ་ཞིག་ཏུ་སྣང་།

      དེབ་རྒན་དེ་ཚོས་གཅིག་ན་རྒྱ་ཡིག་ཕ་སྐད་དུ་བྱས་པའི་དད་པ་ཅན་དག་ལ་སྟབས་བདེ་བྱས་ཡོད་ཚོད་དང་།  གཉིས་ནས།  ཁོང”རིན་པོ་ཆེ”དག་དེབ་ཀྱི་སྤུས་ཚད་དང་འབྲེལ་བར་དྲིལ་བསྒྲགས་བྱས་ཡོད་ཚོད་རེད།  ཡིན་ནའང་།  དེབ་དེ་དག་ལ་རགས་ཙམ་བལྟས་པས་ཚོར་ཐུབ་པ་ནི།  རང་རེའི་ནང་བསྟན་ཆོས་གཞུང་གི་ཐུན་མོང་མིན་པའི་རིག་གཞུང་གི་ངོས་ཀྱི་ཟབ་ཚད་དེ་མཐོང་དཀའ་ཞིང་།  “བོད་ཀྱི་ཆོས་དང་རིག་གཞུང”ཞེས་པའི་མ་ལག་ཚང་བའི་རིག་ཚན་གང་དེའི་ཁྱད་ཆོས་ཤ་འདྲེས་པགས་འདྲེས་ཀྱིས་ངོ་སྤྲད་པའི་ཚུལ་ཡང་མཐོང་དཀོན་པོ་འདུག  གོ་ཐོས་ལ།  “རིན་པོ་ཆེ”གང་མང་གིས་རང་གིས་རྒྱ་སྐད་མི་ནུས་རུང”མར་གྱུར་སེམས་ཅན”གྱི་དོན་ལ་དྲུང་ཡིག་ཆེད་བསྐོས་ཀྱིས་རང་གི་ལྟ་བ་རང་གིས་ཀྱང་ཧ་མི་གོ་བའི་སྐད་ལ་བསྒྱུར་ཏུ་འཇུག་བཞིན་ཡོད་རབས་བཤད་ཅིང་།  བདེན་ཚེ།  འདི་འདྲའི་ལུས་སེམས་ངལ་བའི”ཁུར་ཆེན་པོ”འདེགས་དགོས་དོན་ཨེ་འདུག་ཡང་སྙམ།

      ཡང་ན།  བྱེད་ལས་འདི་རིགས་ཀྱིས་གང་ལ་གང་འདུལ་དེ་ལ་དེ་སྟོན་གྱི་དགོངས་པ་ལྷུར་བླངས་ཡང་སྲིད་མོད།  ཧ་ཅང་སྟབས་བདེ་དང་དྲིལ་བསྒྲགས་ཁྱད་མཚར་གྱི་ཕྱོགས་སུ་གཞོལ་ཆེ་ན།  བསྟན་པ་རང་གི་ཐུན་མིན་རིག་གཞུང་གི་ལེ་ལག་ལ་ཨེ་གནོད་དམ་འདོད་དོ། །གལ་ཏེ་དངོས་གནས་རྒྱ་ཡིག་གིས་རྩོམ་རྒྱུ་ཡིན་ན།  དོར་ཞི་སྐྱེ་མིང་བ་དང་བཞག་པ་སྐྱེ་མིང་བས་མཚོན།  རང་གི་བསྟན་པ་མཐར་ཆོད་པར་བྱས་ཏེ་བོད་ཡིག་མ་ལག་གི་ནང་བསྟན་རིག་གཞུང་ལ་ནང་བྱན་ཆུད་པའི་རྨང་གཞིའི་སྟེང་།  ད་གཟོད་རྒྱ་ཡིག་གིས་རྩོམ་པ་ལྟ་བུར་མིག་ལྟོས་ཀྱིས་གཞོལ་ན་ཅི་འདྲ།

      འདི་ནི་ཁོང”རིན་པོ་ཆེ”དག་གི”མཛད་པར”ཕྲག་དོག་གིས་སངས་རྒྱས་ལ་ཀ་ཁས་གདམས་པ་ནི་མ་ཡིན་པར།  ཉིན་འདི་ཚོར་དེ་འབྲེལ་གྱི་དེབ་འགར་བལྟས་པ་ལས་བློ་ཕམ་ཆེ་ཙམ་བྱུང་བས་རྐྱེན་བྱས།  རང་གི་མྱོང་སྣང་ཙམ་བརྗོད་པའོ། །
༢༠༡༥.༡༠.༢•ཟི་ལིང་།
0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།