ཁྲིམས་ལུགས་དང་སྤྱོད་ལམ།

270


རྩོམ་པ་པོ།   བོད་གཞུག་སྐྱིད།

 

རང་རེའི་མེས་པོ་གོང་མ་རྣམས་ཀྱི་དུས་སུ་བོད་རང་ལའང་ཁྲིམས་ལུགས་མང་པོ་ཅིག་ཡོད་པ་ཏུན་ཧོང་ཡིག་རྙིང་སོགས་ལས་མཐོང་ཐུབ་པ་ནི་འདི་ལྟར་སྟེ།  མི་སྲོག་མི་གཅོད་པ་སོགས་ཁྲིམས་ཆེན་དྲུག་དང་།  ཁྲིམས་ཆེན་བདུན།  མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་དང་།  ཁྲིམས་ཡིག་ལའང་ཁྲི་རྩེ་འབུམ་བཞེར་གྱི་ཁྲིམས་སོགས་ཁྲིམས་ཆེན་དྲུག་དང་ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག་སོགས་ཁྲིམས་ཀྱི་བདག་པོས་རང་དཔེ་གཞན་སྟོན་གྱི་སྒོ་ནས་རྒྱལ་ཁམས་ཁྲིམས་ཀྱིས་སྐྱོང་ལུགས་དང་།  བྲེ་སྲང་ཕུལ་ཁྱོར་གྱི་ཚད་གཞི་སོགས་ཡོད་པ་མ་ཟད།   རྒྱལ་ཁབ་དཔེར་བླངས་ཀྱི་ཁྲིམས་ལས་རྒྱལ་ཁྲིམས་བཅོ་ལྔ་ཞེས་དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གང་གི་ཐད་ནས་ཀྱང་ངན་པ་རྒྱ་ཡན་དུ་མི་གཏོང་བ་དང་།  བཟང་པོར་མ་ཉེས་ཁག་གཡོགས་བ་མི་ཡོང་བ་བཅས་ལུགས་མཐུན་དྲང་བཞག་གིས་སྐྱ་སེར་ཕོ་མོ་ཡོངས་ལ་ཁྱབ་པའི་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཤིག་བཙུགས་ཡོད།

རང་ཅག་གི་ཁྲིམས་ལུགས་དེ་དག་གི་ནང་དོན་ཡང་དེང་གི་རྒྱལ་ཁྲིམས་ཇི་བཞིན་ནང་དོན་ཞིབ་ཚགས་ལྡན་པ་མ་ཟད།  འུ་ཅག་ལ་སྤང་བླང་གི་འཇུག་ལྡོག་མི་ནོར་བའི་སྤྱོད་ལམ་བཟང་པོ་ཞིག་གི་ལམ་སྟོན་མཛད་ཡོད་པ་བསྙོན་དུ་མེད་ལ།རང་རེའི་ཁྲིམས་ཀྱི་ནང་དུའང་ལོག་གཡེམ་གྱི་ཁྲིམས་དང་།  མི་མནར་བ་གསུམ་ལས་ཕ་མ་མི་མནར་བ།  བུ་ཕྲུག་མི་མནར་བ།  བཟའ་ཚང་ལ་མི་མནར་བ་བཅས་བྱེ་བྲག་གིས་ཁྲིམས་བཅས་ཏེ་མིའི་སྤྱི་ཚོགས་ལ་ཞི་བདེ་འཆམ་མཐུན་གྱི་སྲོལ་ཡག་པོའང་བཏོད་ཡོད་པ་རེད།  ཡིན་ནའང་།  ལོ་རྒྱུས་དང་སྐལ་བས་ཆག་འཇིག་གི་དབང་གིས་ཁྲིམས་ལུགས་དེ་དག་བོད་མི་དག་གིས་ཤ་གསེང་རུས་གསེང་དུ་ཐིམ་ནས་ལག་ལེན་ཏུ་བསྟར་མཁན་ནི་ད་ལྟའི་དུས་སུ་ཉིན་མོའི་སྐར་མ་བཞིན་དུ་གྱུར་ཡོད་པ་རེད།  ཡིན་ཡང་འཇིག་རྟེན་མི་ཆོས་སྤྱོད་པ་ཡོན་ཏན་ཀུན་གྱིས་གཞི་ཞེས་ང་ཚོར་སྤྱོད་ལམ་ལ་གཟབ་གཟབ་གཏོང་དགོས་པའི་བསླབ་བྱ་གཏོང་གི་ཡོད་པ་མ་ཟད། དངོས་གནས་བཤད་ན་སྤྱོད་ལམ་བཟང་པོ་ཡོད་ན་ཁྲིམས་ལུགས་རང་བཞིན་གྱིས་བརྩི་ཐུབ་ཡོད་པ་ཞིག་ཀྱང་རེད།  ཡིན་ཡང་ང་ཚོ་ཁད་མཉམ་ཞེང་གིས་སློབ་གསོའི་ཆུ་ཚད་དང་ཁྲིམས་ལུགས་ཀྱི་གོ་རྟོགས་མཐོན་པོ་ཆགས་མེད་པ་དང་།  དེ་ལས་ཀྱང་སྐྱེས་མ་རྣམས་ཀྱི་སློབ་གསོ་མྱོང་བའི་ཚད་གཞི་ནི་ཤིན་ཏུ་དམའ་བ་རེད།  དེ་བས་ཁྲིམས་ལུགས་ཀྱི་འདུ་ཤེས།  ཁྲིམས་ལུགས་ཀྱི་རིན་ཐང་།  ཁྲིམས་ལུགས་བེད་སྤྱད་ནས་རང་སྲུང་བྱེད་ཤེས་མཁན་གྱི་ཚད་གཞིའང་ཤིན་ཏུ་སྐྱོ་བས་རང་རེའི་བོད་ཀྱི་འཚོ་བའི་ཁྲོད་ན་ཡ་རབས་གཞུང་དྲང་དང་།  གཤིས་འཇམ་ཉམ་ཆུང་གི་སྤྱོད་པ་མངའ་བའི་བོད་རིགས་སྐྱེས་མ་དག་ལ་ཉེས་ཅན་མི་སྣས་བཙན་གཡེམ་དང་།  གཉེན་སྒྲིག་གཉེན་འཐོར་གྱི་གོ་རིམ་ཁྲོད་ནས་ཡི་ཆད་འུ་ཐུག་དང་།  ཐབས་ཟད་བྱ་བྲལ་དུ་གྱུར་ནས་རང་མེད་བྱེད་མཁན་དང་།  མི་ཚེ་གང་བོར་སྡུག་གི་མཆི་མ་བཏོན་ནས་དཀའ་བའི་ལ་མོ་རྒྱག་མཁན་ཡང་གང་མང་ཡོད་པ་རེད།

དེ་བས་ངས་ཁྲིམས་ལུགས་རྒྱ་མཚོ་ལྟ་བུའི་འཇིངས་ནས་སྐྱེས་མ་རྣམས་ཀྱི་དཀའ་སྡུག་དང་།  ཁེ་ཕན།  གྱོང་གུད་བཅས་ལ་དམིགས་ཏེ་འཚོ་བའི་ཁྲོད་རྒྱུན་མཐོང་དུ་གྱུར་བའི་བཙན་གཡེམ་དང་།  གཉེན་སྒྲིག་གཉེན་འཐོར་དང་འབྲེལ་བའི་ཁྲིམས་ལུགས་དང་སྤྱོད་ལམ་སྐོར་ནས་དྲན་ཚུལ་སྣ་ཟིན་སྤུ་ཟིན་རེ་སྨོས་ན།  རང་རེའི་འཚོ་བའི་ཁྲོད་ན་གཞི་རིམ་ལུང་ཀྱོག་ས་ཁུལ་ཡིན་ནའང་འདྲ།  སློབ་གྲྭའི་ཁོར་ཡུག་ཡིན་ནའང་འདྲ།  དེ་མིན་གྲོང་ཁྱེར་ན་འཚོ་སྡོད་བྱེད་པ།  བཟའ་ཚང་བར་སོགས་ལའང་བཙན་གཡེམ་གྱི་དོན་དག་མང་དུ་བྱུང་བ་ཡོད་ཀྱང་སྐྱེས་མ་མང་ཆེ་ཤོས་ཤིག་ལ་སྐྲག་སྣང་དང་ངོ་ཚས་ཁེངས་ནས་མི་གཞན་ལ་བཤད་མི་ཕོད་པར་མ་ཟད།  གསང་ཅི་ཐུབ་དང་།  ཕ་མ་མང་ཆེ་ཤོས་ཤིག་གིས་ཀྱང་སྒོར་རྡོག་རེ་འགའི་སྐྱིན་ཚབ་དང་།  འདུམ་སྒྲིག་བྱེད་པའི་སྒོ་ནས་བཏང་སྙོམས་སུ་སྐྱུར་རྒྱུ་ལས་སྤྱོད་ལམ་ངན་པ་འདི་དག་ལ་ཐེ་གཏོགས་བྱས་ནས་ཁྲིམས་ལུགས་ཀྱི་རྒྱབ་བསྐྱོར་བསྟེན་མཁན་ཤིན་ཏུ་ཉུང་བ་རེད།  རྒྱུ་མཚན་ནི་གཅིག་ནས་ང་ཚོ་ཁྲིམས་ལུགས་ཤེས་བྱར་རྨོངས་པ་དང་།  གཉིས་ནས་ང་ཚོའི་འདུ་ཤེས་ཀྱི་ཀློང་ན་ཁྲིམས་ནི་ངན་པ་ཞིག་དང་།  ཁྲིམས་ལ་གཏུག་གཤེར་བྱེད་པ་ནི་ཤིན་ཏུ་མི་འོས་པ་དང་།  མི་རུང་བའི་གནས་ཚུལ་ཞིག་ཏུ་འདོད་པ་དང་།  གསུམ་ནས་བཙན་གཡེམ་གྱི་དོན་དག་ནི་མི་གཞན་ལ་བཤད་པར་མི་རིགས་བསམ་ནས་གསང་བ་དང་།  ཡང་ན་ཁྱིམ་རྒྱུད་ཀྱི་མིང་ལ་འཛེམ་པ།  བཙན་གཡེམ་ཐེབས་མིའི་མིང་རྫོད་པར་བསམ་ནས་དེར་སྲུང་སྐྱོབ་བྱེད་པའི་སྒོ་ནས་གསང་བ་སོགས་བྱས་ཏེ་ཉེས་ཅན་གུ་ཡངས་སུ་གཏོང་བའི་ལས་དག་ནི་རང་རེའི་མི་རྣམས་ཀུན་སྤྱོད་ཀྱི་བཀག་རྒྱ་ལས་ཐར་ཐུབ་མེད་པ་དང་ཁྲིམས་ལུགས་འདུ་ཤེས་དམན་པ་ལས་བསྐྱེད་པ་ཤ་སྟག་རེད།

འདི་ལྟར་བཙོག་པ་ཁོར་རྒྱུག་གི་འཚོ་བའི་ཀློང་ནས་མི་རྣམས་ཀྱིས་བཙན་གཡེམ་ཐེབས་པའི་སྐྱེས་མའི་ལུས་སེམས་གཉིས་ལ་བཞག་པའི་རྨ་ཁ་ནི་ཤིན་ཏུ་སྐྱི་གཡའ་བ་ཞིག་ཡིན་པ་གཏན་ནས་ཚོར་ཐུབ་ཀྱིན་མེད་པ་རེད།  བཙན་གཡེམ་ཐེབས་པའི་སྐྱེས་མར་ལུས་སེམས་གཉིས་ཀའི་ཆ་ནས་དཀའ་སྡུག་གང་དག་ལ་འཕྲད་ཀྱི་ཡོད་པ་རེད་ཟེར་ན།  བཙན་གཡེམ་ཐེབས་པའི་སྐྱེས་མར་སྐྱེ་ལུགས་ཀྱི་ཐད་ནས་སྐྱེ་ལམ་ནས་དུས་མིན་གྱི་མངལ་ཁྲག་འཛག་པ།  དུས་མིན་དུ་མངལ་འཁོར་བ། དངངས་སྐྲག་བྱུང་སྟེ་སྙིང་ནད་གློ་བུར་དུ་ཕོག་ནས་ཚེ་ལས་འདས་པ་སོགས་འབྱུང་གིན་ཡོད་པ་མ་ཟད།  སྐྱེས་མ་ལོ་ཆུང་ལ་བཙན་གཡེམ་ཐེབས་ན་མངལ་མི་འཁོར་བའི་ནད་དང་མནར་གཅོད་དེ་དང་བསྡོངས་ནས་བླ་གཉན་གྱི་ནད་བསྐྱེད་པའི་གནས་ཚུལ་ཚབས་ཆེན་དང་།  སེམས་ཁམས་ཀྱི་ཐད་ནས་ཞེད་སྣང་གི་ནད་རྟགས་དང་།  རང་དམན་གྱི་ནད་རྟགས།  ཟླ་མཚན་ཚུལ་བཞིན་མི་འབབ་པའི་ནད་རྟགས། རྒྱུན་ལྡན་སྐྱེ་ལུགས་སྣང་ཚུལ་འཆོལ་རྟགས།  འཁྲིག་སྤྱོད་ཀྱི་བཀག་རྒྱ་སོགས་སྐྱེས་མའི་མི་ཚེ་ཧྲིལ་བོར་སྡོད་བཟོད་མི་བདེ་བའི་གནས་སུ་བསྐྱལ་ཡོད་པ་རེད།

འདི་ལྟ་བུའི་གནས་བབས་ལ་རང་སྲུང་གི་འདུ་ཤེས་ཕྲན་ཙམ་ཡོད་ན་ང་ཚོས་ཉེས་ཅན་ཁྲིམས་ལ་ཞུ་གཏུག་བྱས་ཆོག་ལ།  ཉེས་ཅན་མི་སྣར་ཁྲིམས་འགལ་གྱི་རྣམ་པ་མི་འདྲ་བའི་སྒོ་ནས་ཁྲིམས་ཆད་ཕོག་པ་མ་ཟད།  བཙན་གཡེམ་ལས་ཐེབས་པའི་ལུས་སེམས་གཉིས་ཀྱི་གྱོང་གུད་དེ་ཁྲིམས་ལ་བརྟེན་ནས་རྒྱུ་ནོར་གྱི་ཁ་གསབ་བྱེད་དུ་འཇུག་པ་དང་།  དེ་ནས་ནད་རིགས་གསོ་བཅོས་དང་།  སེམས་ཁམས་སྙོམ་སྒྲིག མིང་སྣ་སླར་གསོ་བཅས་བྱས་ནས་རང་གི་ཁེ་དབང་རང་གིས་སྲུང་བ་ནི་སྐྱེས་མ་རང་ཉིད་བསྐྱར་སོན་གྱི་ཐབས་ལམ་ཉག་གཅིག་ཡིན་པ་ལས།  རང་དང་ཉེ་མི་ཀུན་གྱི་སེམས་སྡུག་ཁོག་ཏུ་བཅུག་ནས་བསྡད་ན་གཞན་གྱི་སྙིང་རྗེ་ཟེར་བ་ལས་ཅི་ཡང་མི་ཡོང་ཞིང་།  ཐ་ན་བརྙས་བཅོས་ཐེབས་པའི་མི་དེ་ཚེ་གང་བོར་སྡུག་ལ་མི་སྦྱར་བའི་ངེས་པའང་མེད་པས་ཀུན་གྱི་དོན་དག་འདི་ལ་དོ་སྣང་དང་ཐེ་གཏོགས་བྱ་དགོས་པ་ཤིན་ཏུ་གལ་འགངས་ཆེ་བའི་གནས་སུ་འཁུམས།  བཙན་གཡེམ་གྱི་ཁྲིམས་ཆད་ལ་སྤྱིར་བཏང་གི་ལོ་གསུམ་ཡན་དང་ལོ་བཅུའི་མན་གྱི་དུས་བཀག་བཙོན་འཇུག་དང་ཉེས་ཆད་ལྕི་ན་ལོ་བཅུའི་ཡན་དང་ཡང་ན་སྲོག་ཁྲིམས་ཀྱང་ཡོད་པས་ཁྲིམས་ལུགས་འདི་ལ་སྣང་མེད་དུ་མི་གཏོང་བར་དོ་སྣང་བྱས་ནས་ཁྲིམས་ལ་ཁྲིམས་ཀྱི་འདུ་ཤེས་འཛིན་པ་དང་།  ནམ་ཡང་མི་རང་ཉིད་ཀྱི་སྤྱོད་ལམ་ལ་བདག་པོ་རྒྱག་དགོས་པ་ལས་ཁྲིམས་འགལ་གྱི་གནས་སྐབས་སུ་འགྱོད་པའི་མིག་ཆུ་བཏང་ཡང་ཁྲིམས་ལ་སྙིང་རྗེ་མེད་པ་རྟོགས་དགོས་ཡོད།

གཉེན་སྒྲིག་རང་དབང་གི་གོམས་སྲོལ་དར་སྤེལ་བྱེད་ཀྱིན་པའི་དུས་བབས་དང་བསྟུན་ནས་བོད་ཁུལ་དུའང་གཉེན་སྒྲིག་རང་དབང་གི་སྒོ་མོ་ཡུན་གྱིས་ཕྱེས་ཡོད་པ་རེད།  ཡིན་ནའང་གཉེན་སྒྲིག་དཔང་ཡིག་ལེན་དགོས་པའི་ཁྲིམས་ལུགས་དང་།  དེའི་དགོས་པ་རྟོགས་ཀྱིན་མེད་པ་མ་ཟད།  གཞི་རིམ་ས་ཁུལ་ན་མི་མང་པོ་ཞིག་གིས་སྔར་བཞིན་གཉེན་སྒྲིག་དཔང་ཡིག་ལེན་པར་དོ་སྣང་བྱེད་ཀྱི་མེད་པ་རེད།  གཉེན་སྒྲིག་དཔང་ཡིག་ནི་གཉེན་སྒྲིག་ཐོ་འགོད་དོ་དམ་སྡེ་ཁག་གིས་སྐྱེས་མ་དང་སྐྱེས་པའི་གཉེན་སྒྲིག་གི་འབྲེལ་བར་བདེན་དཔང་བྱེད་ཆེད་སྦྱིན་པའི་ཁྲིམས་ལུགས་ཀྱི་ཡིག་ཆ་ཡིན་པས་གཉེན་སྒྲིག་གི་འབྲེལ་བར་ཁྲིམས་ཀྱི་རྒྱབ་རྩ་ཡོད་པ་རེད།  གཉེན་སྒྲིག་གི་འབྲེལ་བ་ཡོད་པའི་དུས་སྐབས་སུ་སྐྱེས་ཕོ་མོ་གཉིས་ཀྱི་རྒྱུ་ནོར་གྱི་དབང་ཆ་དང་།  བདེ་ཐང་།  བདེ་སྐྱིད་ཀྱི་འཚོ་བར་ཁྲིམས་ལུགས་ཀྱི་ཁག་ཐེག་ཡོད་པས་གཞི་རྩ་ཡིན།  དཔེ་ཆུང་ངུ་ཞིག་བཞག་ན་གཉེན་སྒྲིག་རྗེས་བཟའ་ཚང་གཉིས་ལ་འདྲ་མཉམ་གྱི་དབང་ཆ་ཡོད་པས་ཟླ་ཕོག་མཐོ་དམན་ཅི་འདྲ་ཡིན་རུང་ཐུན་མོང་གི་བཀོལ་སྤྱོད་བྱས་ཆོག་པའི་རྒྱུ་ནོར་ཡིན་པས་གཅིག་གིས་གཅིག་ལ་མཚང་འབྲུ་བ་དང་དམའ་འབེབས་བྱེད་པ། མནར་གཅོད་གཏོང་བ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་པ་ལྟ་བུ་རེད།  དེ་མིན་གཞན་བཟའ་ཚང་ནང་ཁུལ་དུ་དྲག་ཤུགས་སྤྱད་ནས་གཅར་རྡུང་བྱེད་པ་དང་།  འཇིགས་སྐུལ་བ་དང་།  རྒྱན་ལྐུགས་པ་དང་།  ལོག་གཡེམ་བྱེད་པ་དང་།  སྐྱེས་མ་གཞན་དང་ལྷན་ཏུ་འཚོ་བ་རོལ་ནས་རང་གི་བཟའ་ཚང་ལ་ལུས་སེམས་གཉིས་ཀྱི་ངོས་ཐད་ནས་གནོན་ཤུགས་དྲག་པོ་དང་།  དཀའ་ལས་ཚད་མེད་གཏོད་མི་ཆོག་པ་དང་གཞིས་ཁྱིམ་གསར་བཟོ་སོགས་མཁོ་རྫས་རྩ་ཆེན་ཉོ་བ་སོགས་ཅི་འདྲ་ཞིག་ཡིན་རུང་སྐྱེས་མ་ལའང་དེར་ཐེ་གཏོགས་དང་ལོངས་སྤྱོད་བྱེད་པའི་དབང་ཆའང་ཁྲིམས་ལུགས་ཀྱི་གཏན་འཁེལ་ཡོད་པ་རེད། གལ་ཏེ་གཉེན་སྒྲིག་དཔང་ཡིག་མེད་པར་བྱིས་པ་སྐྱེས་པ་དང་།  མཉམ་དུ་སྡོད་པའི་བར་ལ་དོན་དག་ཅི་ཞིག་བྱུང་ཡང་སྐྱེས་ཕོ་མོའི་བར་གྱི་ལུས་སེམས་བདེ་ཐང་གང་གི་ཆ་ལའང་ཁྲིམས་ལུགས་ཀྱི་ཁག་ཐེག་མེད་པར་མ་ཟད་ཁྲིམས་མེད་ལུགས་མེད་དུ་བརྩིས་ནས་ཉེས་ཆད་ཀྱང་ཕོག་སྲིད་པ་ཡིན།  ལྷག་ཏུ་ལོ་ངོ་ཉི་ཤུ་སུམ་ཅུའི་བཟའ་ཚང་གི་འཚོ་བ་མཉམ་དུ་རོལ་ན་ཡང་རང་གི་སྐྱེས་པ་ཚེ་ལས་འདས་པའམ།  ཡང་ན་བཟའ་ཚང་འཆམ་མཐུན་མ་བྱུང་བར་གཉེན་འཐོར་བྱེད་དགོས་ཚེ་བོད་ཁུལ་གྱི་སྐྱེས་མ་མང་པོ་ཞིག་མིག་མཆི་མ་ཤ་ལེར་ཕྱིར་རང་ཁྱིམ་དུ་ལོག་པ་དང་།  རང་ཁྱིམ་དེར་ཡང་ཕྱིའི་དཔལ་འབྱོར་གྱི་བགོ་བཤའ་དང་། ནང་སེམས་ཁམས་དོ་མཉམ་མི་ཡོང་བའི་ཆ་ནས་སྐྱེས་མ་རང་དང་ཉེ་མི་ཀུན་སྡོད་བཟོད་མི་བདེ་བ་བཟོ་བའི་དོན་དག་བྱུང་ཀྱིན་པ་ང་ཚོས་མིག་མཐོང་ལག་ཟིན་ཏུ་གྱུར་ཡོད་པ་རེད།  དེ་བས་གཉེན་སྒྲིག་དཔང་ཡིག་འདི་ལ་བལྟས་པ་ཙམ་གྱིས་དངོས་པོ་ཆུང་ངུ་ཙམ་ལས་མེད་ཀྱང་དེའི་སྐྱེས་མའི་རང་དབང་དང་།  ཁེ་དབང་།  དཔལ་འབྱོར།  བདེ་ཐང་།  མ་འོངས་པ་སོགས་སྐྱེས་མ་རང་ཉིད་ཀྱི་ཁེ་དབང་དང་འབྲེལ་བ་ཆེན་པོ་ཡོད་པ་མཚོན་ཐུབ་པར་མ་ཟད།  ད་དུང་སྐྱེས་མ་རང་ཉིད་ལའང་རང་སྲུང་གི་འདུ་ཤེས་དང་།  རང་བརྩིའི་འདུ་ཤེས།  རང་ཉིད་ཀྱི་རིན་ཐང་བལྟ་ཚུལ་སོགས་གང་ཅིའི་ཐད་ནས་ཀྱང་བསམ་གཞིགས་ཀྱི་སྒོ་མོ་ཆེས་ཆེར་ཕྱེ་ཐུབ་པའི་རྣམ་པ་ཞིག་ཀྱང་མཚོན་ཐུབ།

གཉེན་འཐོར་ནི་བཟའ་ཚང་བར་གྱི་བརྩེ་བའི་ངོ་བོར་ཆག་གྲུམ་ཤོར་ནས་མཉམ་དུ་སྡོད་ཐབས་མེད་པའི་གནས་སྐབས་སུ་ཕན་ཚུན་འགྲིག་མཐུན་ངང་སོ་སོར་གྱེས་དགོས་པའི་ངང་ཚུལ་ཞིག་རེད།  དེ་བས་གོང་ནས་བཤད་ཟིན་པ་ཇི་བཞིན་དུ་གཉེན་སྒྲིག་དཔང་ཡིག་བླངས་ཡོད་པའི་བཟའ་ཚང་ལ་ཁྲིམས་ཀྱི་རྒྱབ་བསྟེན་ཡོད་པས་འཚོ་བ་རོལ་ཐབས་མེད་པའི་གནས་སྐབས་སུ་བཟའ་ཚང་སྒེར་ངོས་ནས་གཉེན་འཐོར་ཆིངས་ཡིག་བྲིས་ནས་གཉེན་འཐོར་བྱེད་པ་དང་།  ཡང་ན་ཁྲིམས་ལ་བརྟེན་ནས་གཉེན་འཐོར་བྱས་ཆོག་པའི་རང་དབང་ཡོད་པ་རེད།  འོན་ཀྱང་གཉེན་འཐོར་བྱེད་པའི་གནས་སྐབས་སུ་གལ་ཏེ་སྐྱེས་མ་དེ་ལ་སྤྱོད་ལམ་གྱི་ཆ་ནས་ཉེས་སྐྱོན་ཅི་ཡང་མེད་ན་སྐྱེས་མ་དེར་གཉེན་འཐོར་ཁས་མི་ལེན་པའི་དབང་ཆ་དང་།  ཡང་ན་སྐྱེས་མ་གང་དེ་མངལ་སྦྲུམ་པའི་གནས་སྐབས།  བྱིས་པ་སྐྱེས་ནས་ལོ་གཅིག་གི་རིང་། བྱིས་པ་མའི་མངལ་ནས་སྐྱེ་མཚམས་བཞག་པ་དཔེར་ན་སྨན་སོགས་བཏང་ནས་ཕྱིར་དེད་རྗེས་ཀྱི་ཟླ་བ་དྲུག་གི་རིང་ལ་སྐྱེས་པ་དེ་རང་གི་བཟའ་ཚང་ལ་གཉེན་འཐོར་བའི་དབང་ཆ་མེད་པ་རེད།  རྒྱུ་མཚན་ནི་སྐྱེས་མ་དང་བྱིས་པའི་ལུས་སེམས་བདེ་ཐང་དང་། དཔལ་འབྱོར་གྱི་འགན་འཁྲི།  བྱིས་པའི་འཚར་སྐྱེས་སོགས་ལ་དམིགས་ནས་སྐྱེས་པ་དེར་གནས་སྐབས་དེའི་རིང་ལ་སྐྱེས་མ་དང་བྱིས་པའི་བདེ་ཐང་དང་འཚོ་བར་འགན་འཁུར་བའི་འོས་འགན་ཡོད་པ་རེད།  གལ་ཏེ་སྐབས་འདི་དག་ལ་གཉེན་འཐོར་བྱེད་པར་བརྩམས་ན་སྐྱེས་མ་དང་བྱིས་པའི་བདེ་ཐང་གི་ལུས་ཁམས་ཐོབ་དབང་ལ་གནོད་པ་སྐྱེལ་བའི་ཁྲིམས་འགལ་གྱི་ལས་རེད།  ཡིན་ནའང་སྐབས་འདི་དག་ལ་སྐྱེས་པ་དེས་སྤྱོད་ལམ་གྱི་ཆ་ནས་ཉེས་སྐྱོན་ཆེན་པོ་བཟོ་བ་དཔེར་ན་མ་བུ་གཉིས་ལ་གཅར་རྡུང་དང་། འཇིགས་སྐུལ།  མི་གཞན་དང་ལོག་གཡེམ་བྱེད་པ་སོགས་ཀྱི་ལས་བརྩམས་ཏེ།  བང་མའི་ལུས་སེམས་གཉིས་ལ་མནར་གཅོད་གཏོང་བའི་བྱ་སྤྱོད་འབྱུང་དུས་སྐྱེས་མར་གཉེན་འཐོར་བྱེད་པའི་འདུན་པ་ཡོད་ན་ཁྲིམས་ཁང་གིས་རྒྱབ་བསྐྱོར་བྱེད་སྲིད་པ་ཡིན།

དེ་བཞིན་དུ་གཉེན་འཐོར་བྱུང་བའི་བརྒྱུད་རིམ་ཁྲོད་རྒྱུ་ནོར་བགོ་བཤའ་དང་བྱིས་པའི་བདག་དབང་གི་ཐད་ལ་བཟའ་མི་སྒེར་ངོས་ནས་གྲོས་བྱས་ནས་དེ་བཞིན་འཐད་པ་བྱུང་ན་དམངས་སྲིད་ཅུའུ་ནས་གཉེན་འཐོར་དཔང་ཡིག་ལེན་ཆོག་པ་ཡིན།  འོན་ཀྱང་རྒྱུ་ནོར་བགོ་བཤའ་དང་བྱིས་པའི་བདག་དབང་གི་ཐད་ནས་དོ་མི་མཉམ་པ་དང་། སྐྱེས་མ་རྣམས་ལ་མོས་མཐུན་མེད་ཚེ་ཁྲིམས་ཁང་ལ་གཏུགས་གཤེར་བྱས་ཆོག་པ་ཡིན་ལ།  སྤྱིར་བཏང་དུ་གཉེན་འཐོར་བའི་སྐབས་སུ་སྐྱེས་མ་རྣམས་ལ་རང་ཉིད་ཀྱིས་བྱིས་པར་བདག་དབང་བརྒྱབ་ཆོག་པའི་དོན་ཚན་ཆེན་པོ་བདུན་ཡོད།

༡ བྱིས་པ་ཉིད་སྤྱི་རྩིས་ལྟར་ལོ་གཉིས་ཀྱི་ནང་དུ་ཡོད་པ་དང་།

༢ བྱིས་་ལོ་གཉིས་ཀྱི་ཡན་ཡིན་རུང་ཨ་མར་བྱིས་པ་གཏན་འགོགས་ཀྱི་བཤགས་བཅོས་བྱས་ཡོད་ལ་ཨ་ཕར་བྱིས་པ་འགོགས་ཐབས་སྤྱད་མེད་པ་དང་།  བཟའ་མི་གཉིས་ཀྱི་ལོ་ཚོད་ལ་ཧེ་བག་ཆེན་པོ་མེད་པ།

༣ བྱིས་པ་ཨ་མ་དང་འགྲོགས་ཡུན་རིང་ནས་ཨ་མའི་འཚོ་བར་གོམས་ཡོད་ལ་ཨ་ཕར་འགྲོགས་རྗེས་བྱིས་པའི་འཚོ་བའི་གོམས་གཤིས་འགྱུར་ལྡོག་ཆེན་པོ་ཐེབས་པ།

༤ བཟའ་མི་གཉིས་གའི་བྱིས་པ་གསོ་བའི་ཆ་རྐྱེན་ཏེ།  བྱ་བ་གཏན་འཇགས་ཀྱི་ཚད་གཞི།  ཡོང་སྒོའི་གནས་ཚུལ་ལ་ཧེ་བག་ཆེན་པོ་མེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་གལ་ཏེ་སྐྱེས་པའི་བྱ་སྤྱོད་ཀྱིས་བཟའ་ཚང་གི་བརྩེ་བ་ཆག་གྲུམ་བཟོ་བའི་རྒྱུ་གཙོ་བོ་གྲུབ་པ།དཔེར་ན་གཉེན་སྒྲིག་ཕན་ཆད་ནས་སྐྱེས་མ་གཞན་དང་ལོག་གཡེམ་གྱི་གནས་ཚུལ་བྱུང་བར་བདེན་དཔང་བྱེད་ཐུབ་པ།

༥ སྐྱེས་པ་གོམས་སྲོལ་ངན་པ་ཡོད་པ་སྟེ།  དཔེར་ན་རྒྱན་འགྱེད།  ཆང་སྐྱོན་སོགས་ཀྱི་སྤྱོད་ངན་དག་གིས་བྱིས་པའི་འཚར་སྐྱེས་ལ་མི་འཚམས་པ།

༦ གལ་ཏེ་བཟའ་མི་གཉིས་ཀྱི་བྱ་སྤྱོད་ལ་ནོར་འཁྲུལ་ཆེན་པོ་མེད་པ་དང་གཉིས་ཀའི་ཆ་རྐྱེན་འདྲ་མཚུངས་ཡིན་པ།  དེ་ལས་ཀྱང་སྐྱེས་མའི་བསམ་བློ་ཀུན་སྤྱོད་སྐྱེས་པ་ལས་བཟང་བ་དང་།  བྱིས་པ་གཉོར་བའི་དུས་ཚོད་སྐྱེས་པ་ལས་མང་བ་ཡིན་ན་བྱིས་པ་ཨ་མར་སྦྱོར་ངེས་ཤིང་།

༧ ལོ་བཅུ་ཡན་གྱི་བྱིས་པ་ཨ་མར་འགྲོགས་འདོད་པའི་བློ་ཡོད་ནའང་ཨ་མར་སྦྱོར་ངེས།   གཉེན་འཐོར་རྗེས་བྱིས་པ་ཨ་མར་སྦྱར་ན་ཡང་བྱིས་པ་དེ་ཉིད་ལོ་༡༨ལ་སོན་པའི་བར་དུ་བྱིས་པའི་ཨ་ཕར་རང་གི་བུ་ཕྲུག་ལ་གསོ་རྟེན་དོད་དངུལ་སྟེར་བའི་འོས་འགན་ཡོད་པ་རེད།

གཡང་ཁྱིམ་ཤིག་གི་འཆམ་མཐུན་ཁོར་ཡུག་དེ་ནི་བདེ་སྐྱིད་ཀྱི་འཚོ་བའི་སྔོན་འགྲོ་དང་།  སྤྱི་ཚོགས་འཆམ་མཐུན་གྱི་རྨང་གཞི་ཡིན་པ་སྨྲོས་མེད་ཡིན་པའི་རང་རེའི་བོད་པའི་གོམས་སྲོལ་བཟང་པོ་ལྟར་ནང་བུ་ཕྲུག་གཉོར་ཤེས་སྐྱོང་ཤེས་དང་།  ཁྱིམ་ཕ་མ་བཀུར་ཤེས་བྱམས་ཤེས། ནང་བཟའ་ཚང་འགྲོགས་ཤེས་བསྟུན་ཤེས་བྱས་ནས་ཁྱིམ་ཚང་འཚོ་བ་འཕེལ་རྒྱས་སུ་གཏོང་བ་ནི་སངས་རྒྱས་ལ་ཀ་ཁ་སློབ་པའི་དཔེར་འགྱུར་མོད་ཀྱང་།  མིག་སྔར་ཀྲུང་གོའི་སྤྱི་ཚོགས་ནང་དུ་གཉེན་འཐོར་ཚད་ཇེ་མཐོ་ཇེ་མཐོར་འགྲོ་བ་མ་ཟད་ལོ་རབས་༧༠ནས་༨༠བར་གྱི་བཟའ་ཚང་གཉེན་འཐོར་ཚད་ཤིན་ཏུ་མཐོན་པོར་ཆགས་ཡོད་པ་རེད། དེ་བཞིན་དུ་བོད་ཁུལ་དུའང་གཉེན་འཐོར་དོན་རྐྱེན་གང་མང་བྱུང་དང་འབྱུང་བཞིན་པའི་མི་ཚད་གཉེན་འཐོར་རྗེས་ཀྱི་སྐྱེས་མའི་གནས་ཚུལ་དང་།  བྱིས་པའི་གནས་བབས་གང་གི་ཆ་ནས་ཀྱང་སྡུག་པོར་ཆགས་ཡོད་པས་མི་སྒེར་རེ་རེ་ནས་རང་རང་ཕྲག་སྟེང་གི་འགན་འཁུར་ཅིས་ཀྱང་ཐེག་དགོས་པ་འདི་ཡང་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་བྲིས་པ་ཡིན་ལ།  ལྷག་ཏུ་བཙན་གཡེམ་གནད་དོན་དང་།  གཉེན་སྒྲིག་རང་དབང་།  གཉེན་དོན་སྒྲུབ་ལུགས་ཀྱི་ཤེས་བྱ།  གཉེན་འཐོར་བྱ་བ་སྒྲུབ་ལུགས་སོགས་ནི་མི་སྐྱ་ཕོ་མོ་རེ་རེའི་ཅིས་ཀྱང་གདོང་གཏད་པའི་ཁ་ཚ་དགོས་གཏུག་གི་དོན་དག་དག་ཡིན་པས་དོ་སྣང་དང་མཐོང་ཆེན་བྱེད་དགོས་པའིགནས་ཡིན་ལ།  རྒྱལ་ཁབ་དང་མི་རིགས་གང་གི་ཆབ་དཔལ་རིག་གསུམ་གྱི་འཕེལ་རྒྱས་ཀྱི་ཆུ་ཚད་ནི་ས་གནས་དེའི་སྐྱེས་མ་དང་བྱིས་པའི་ལུས་སེམས་བདེ་ཐང་།  ཁེ་དབང་སྲུང་སྐྱོབ་བཅས་ཀྱི་ཆུ་ཚད་མཐོར་འདེགས་སུ་སོང་ཡོད་མེད་ལས་རྟོགས་ཐུབ་ཞེས་མཁས་པ་ཀུན་གྱིས་བཞེད་པ་ཇི་བཞིན་དུ།  རང་ཅག་གིས་ཀྱང་མི་སྒེར་རེ་རེ་ནས་རང་གི་སྤྱོད་ལམ་ལ་བདག་པོ་བཟང་པོ་བྱས་ཏེ་ཁྲིམས་འགལ་གྱི་ཉེས་པ་སྣ་ཚོགས་སྤང་ཅི་ཐུབ་སྒོས་སྐྱེས་མ་དང་བྱིས་པའི་ལུས་སེམས་གཉིས་བདེ་ཐང་དང་ལ་རྒྱ་ཡོད་པའི་སྒོ་ནས་འཚོ་བའི་ལམ་བུ་ཞིག་བསྐྲུན་དགོས་པ་ནི་མི་རེ་རེ་ཡི་ཕྲག་སྟེང་དུ་བབས་པའི་འགན་འཁྲི་དང་འོས་འགན་ཡིན་པར་སྙམ་མོ།།

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།