ཡིག་སྒྱུར་གྱི་བྱ་རིམ་དང་དཀའ་གནད་འགའ་ཞིག་གླེང་བ།

174

རྩོམ་པ་པོ།   ཆུང་ཚེ་རིང་།

 

རྣམ་པ་ཚོར་ཚང་མར་འཚམས་འདྲི་ཞུ་བ་དང་སྦྲགས། ད་རེས་ཀྱི་བརྗོད་གཞི་དེ་ཡིག་སྒྱུར་ཁྲོད་ཀྱི་དཀའ་གནད་འགའ་ཞིག་གླེང་བ་ཟེར་བ་དེ་རེད། དེའི་ཐད་ལ་རྩ་བའི་ཆར་བཤད་དགོས་པ་མང་པོ་ཡོད་རེད་དེ་གཙོ་བོ་ང་རང་གི་མྱོང་ཚོར་འདྲ་བོ་ཞིག་ཞུས་ན། རྗེས་སུ་རྣམ་པ་ཚོ་ལོ་ཙཱའི་ལམ་ཁ་ལ་ཕེབས་ན་ཕན་ཐོགས་ཡོང་གི་རེད་དྲན་བྱུང་། ངས་ད་ལྟ་བར་ཡིག་སྒྱུར་བྱས་པའི་དེབ་བཅུ་གསུམ་བཅུ་བཞི་ཞིག་ཡོད་རེད། དེ་ཚོ་དབྱིན་ཇི་ནས་བོད་ཡིག་ལ་བསྒྱུར་བཞག་པ་རེད། ངས་ཐོག་མར་བསྒྱུར་བའི་ཡིག་ཆ་དེ་སྟེས་དབང་གིས་བསྒྱུར་བཞག་པ་རེད་མ་གཏོགས་ཡིག་སྒྱུར་བ་ཞིག་བྱེད་བསམ་པའི་དམིགས་ཡུལ་ང་ལ་མེད། ང་དབྱིན་ཇིའི་སྐད་ཡིག་ཡག་པོ་དེ་འདྲ་ཡང་མ་རེད། གང་ཡིན་ཟེར་ན་ང་དབྱིན་ཇིའི་སྐད་ཡིག་ལ་སློབ་སྦྱོང་ཚད་དང་ལྡན་པ་དང་བརྒྱུད་རིམ་ཚང་བ་ཞིག་བྱེད་མྱོང་མེད།

སྟེས་དབང་གང་འདྲ་བྱས་ཏེ་བྱུང་བ་ངས་མདོར་བསྡུས་ཤིག་ཞུས་ན། ༡༩༩༨ ལོར་ཤེས་རིག་ལས་ཁུངས་ནང་ལ་རྒྱ་གར་གཞུང་གི་སྔོན་འགྲོའི་དགེ་རྒན་དེ་ཚོ་ལ་ལམ་སྟོན་ཀྱི་ཡིག་ཆ་ཞིག་ཛ་དྲག་ངང་སྒྱུར་དགོས་བྱུང་བ་རེད། ཤེས་རིག་གིས་ཤེས་རིག་ལས་བྱེད་ནང་ནས་བོད་ཡིག་ཡག་པ་དང་དབྱིན་ཇི་ཡག་པ་མི་གཉིས་གསུམ་རེ་ཚོགས་ཆུང་བཟོས་ཏེ་ཤོག་བུ་བཅུ་གྲངས་རེ་བགོས་ནས་བསྒྱུར་བཅུག་པ་རེད། ང་བོད་ཡིག་ཏོག་ཙམ་ཡག་པའི་གྲས་ཡིན་ཙང་ཚོགས་ཆུང་གཅིག་གི་ནང་ལ་བཞག་བྱུང་། ང་ཚོས་བསྒྱུར་བའི་སྐབས་སུ་ངའི་རོགས་པ་གཉིས་དབྱིན་ཇི་ཡག་པོ་ཡོད་རེད། ཡིན་ནའང་དེ་ཚུར་བོད་སྐད་ཐོག་འགྲེལ་བཤད་བརྒྱབ་དུས་”ག་རེ་ཟེར་དགོས་རེད་གཅིག་ཡོད་པ་”ལྟ་བུ་མ་གཏོགས་དོན་དག་ག་རེ་ཡིན་པ་ཏག་ཏག་ལབ་ཐུབ་ཀྱི་མི་འདུག དེ་འདྲ་དེང་སང་ང་རང་ཚོའི་སྤྱི་ཚོགས་ནང་ལ་མང་པོ་ཡོད་རེད། དཔེར་ན་ང་ཚོས་གློག་བརྙན་ལྟ་དུས། འོ་ད་གནག་པོ་ཞེ་དྲག་ལབ་སོང་ཟེར་གྱི་རེད། “གང་ལབ་སོང་”ཞེས་དྲིས་དུས་”འོ་གཅིག་ཡོད་པ། ག་འདྲ་ལབ་དགོས་རེད།”ཅེས་བརྡ་འཕྲོད་པ་ཞིག་བརྗོད་མ་ཐུབ་པ་ཞིག་ཡོང་གི་ཡོད་པ་ལྟ་བུ་རེད། ང་ཚོར་བགོས་པའི་ཤོག་གྲངས་བཅུ་དེ་ཚར་བ་བྱ་དགོས་དུས་ངས་ཚིག་མཛོད་མང་པོ་ཞིག་ལ་བལྟས་ནས་བསྒྱུར་བ་ཡིན། ང་ཚོས་བསྒྱུར་བ་དེ་ཡག་པོ་འདྲ་པོ་ཞིག་ཆགས་འདུག དེར་བརྟེན་ང་ལ་ཡིག་སྒྱུར་གྱི་ཐད་ལ་ནུས་པ་ཡོད་པ་དེ་གོང་རིམ་ནས་གཟིགས་པ་རེད།

 

དེ་ནས་གནས་ཚུལ་གཞན་དག་ཅིག་ལ། ང་རང་གཞུང་ཞབས་ཡིན་པའི་ཆ་ནས། དེ་སྔོན་གཞུང་ཞབས་ནང་མ་ཞུགས་སྔོན། རང་གིས་གང་དྲན་པ་དེ་བྲིས་ཆོག་པའི་རང་དབང་དེ་ཡོད་མ་རེད། ང་རང་རྩོམ་ཡིག་འབྲི་རྒྱུ་དང་ཀློག་རྒྱུར་དགའ་པོ་ཡོད། གཞུང་ཞབས་སུ་ཞུགས་རྗེས་གང་བྱུང་བྲིས་ཆོག་གི་མེད་སྟབས། དེའི་ཚབ་ལ་ཡིག་སྒྱུར་བྱ་རྒྱུའི་བསམ་བློ་དེ་བྱུང་བ་རེད། བྱས་ཙང་། བྱེད་སྒོའི་ལམ་ནས་སློབ་ཁྲིད་བྱེད་ཐབས་ཞེས་པའི་དེབ་ཁ་ཤས་དང་། གསར་བཏོད་དང་གསར་གཏོད་པ་སོགས་བསྒྱུར་བ་རེད། ཡིན་ནའང་དེ་ཚོ་ཚོད་ལྟ་ལྟ་བུ་རེད།

 

རྗེས་སུ་ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་འགན་འཛིན་ཨཅརྱ་ཀརྨ་སྨོན་ལམ་ལགས་དང་མཉམ་དུ་ཤེས་ཡོན་སྲིད་བྱུས་ཀྱི་ཟིན་བྲིས་དང་པོ་དེ་དབྱིན་སྐད་ནས་བོད་སྐད་དུ་བསྒྱུར་བ་རེད། ཀརྨ་སྨོན་ལམ་ལགས་མཉམ་དུ་ལོ་བཅུ་གྲངས་ཤིག་ལས་ཁུངས་གཅིག་ནང་བསྡད་ཅིང་དེའི་རིང་ཡིག་སྒྱུར་རང་གི་ཐོག་ནས་མཉམ་དུ་ལས་ཀ་བྱས་པ་དེ་བཙན་བྱོལ་བོད་མིའི་གཞི་རིམ་ཀྱི་ཤེས་ཡོན་སྲིད་བྱུས་གཅིག་པུ་རེད། ངེད་གཉིས་ཀྱིས་བསྒྱུར་བ་དེ་ཟམ་གདོང་རིན་པོ་ཆེའི་སྐབས་ལ་གཏན་ལ་ཕབ་པའི་ཤེས་ཡོན་སྲིད་བྱུས་དེ་མ་རེད། དེའི་གོང་ལ་གཅིག་ཡོད་རེད། དེའི་ཟིན་བྲིས་ཚང་མ་དབྱིན་སྐད་ཐོག་ལ་བྲིས་ཡོད་ཅིང་གོང་རིམ་ནས་ཀརྨ་ལགས་ང་གཉིས་ལ་དེ་སྒྱུར་གསུངས་པ་རེད། ངེད་གཉིས་ཀྱིས་བསྒྱུར་བའི་སྐབས་ལ། འགན་གཙོ་བོ་དེ་ཀརྨ་སྨོན་ལམ་ལགས་ཀྱིས་བཞེས་པ་རེད། ཡིན་ནའང་། ཁོང་དང་མཉམ་ལས་བྱེད་དུས། དབྱིན་ཇི་ནས་བོད་སྐད་དུ་སྒྱུར་སྟངས་ཀྱི་ཐད་ལ། གཅིག་ཤེས་ཀུན་གྲོལ་གྱི་དཔེ་ལྟར། ཚིག་གྲུབ་ཁ་ཤས་ཤིག་བསྒྱུར་སྟངས་མཐོང་བ་ཙམ་གྱིས། གནད་འགག་མང་པོ་ཞིག་ཤེས་ཐུབ་པ་བྱུང་། དེས་ང་ལ་དངོས་གནས་ཡིག་སྒྱུར་གྱི་ཟབ་སྦྱོང་སྤྲད་པ་ལྟ་བུའི་ཧ་ཅང་ཕན་ཐོགས་པོ་བྱུང་། དེ་ཡན་ཆད་དེ། ང་རང་ཡིག་སྒྱུར་གྱི་ལས་དོན་ན་ཇི་ལྟར་ཞུགས་པའི་སྐོར་དེ་རེད། ད་གཤམ་ལ། དོན་དག་རང་གི་སྒང་ལ་བབས་ནས་བཤད་ཀྱི་ཡིན།

 

མི་མང་པོས་”ལོ་ཙཱ་བ། ལོ་ཙཱ་བ།”ཞེས་གལ་ཆེན་པོ་ཞིག་ཏུ་རྩི་གི་ཡོད་རེད། ལོ་ཙཱ་བ་ཞེས་པའི་ཚིག་གི་དོན་དག་ནི་འཇིག་རྟེན་གྱི་མིག་ཟེར་གྱི་ཡོད་རེད། དོན་དུའང་ལོ་ཙཱ་བ་ཚོ། མི་རིགས་མི་འདྲ་བ་དང་། སྐད་ཡིག་མི་འདྲ་བ། རིག་གཞུང་མི་འདྲ་བའི་དབར་དུ། ཕན་ཚུན་ཤེས་རྟོགས་དང་རྒྱུས་ལོན། ཉམས་སུ་མྱོང་བ་བཅས་ཀྱི་བརྒྱུད་ལམ་གྱི་བྱེད་པོ་ལྟ་བུ་དེ་ཡིན་ཙང་། ཧ་ཅང་གལ་ཆེན་པོ་རེད། ཧ་ཅང་གནད་འགག་ཆེན་པོ་རེད། ཡིན་ནའང་ཧ་ཅང་གི་གནད་འགག་ཆེན་པོ་ཡིན་པ་དང་། དཀའ་ལས་ཁག་པོ་ཡིན་པ་གཉིས་འཁྲུལ་མི་ཉན། ལོ་ཙཱའི་ལས་ཀ་འདི་ལ་དཀའ་ངལ་ཡོད་རེད་དེ། མི་རང་ག་བས་འཇོན་ཐབས་མེད་པའི་ཧ་ཅང་གིས་དཀའ་ཚེགས་ཆེན་པོ་ཞིག་ལ་བརྩིས་ན་འགྲིག་གི་མ་རེད། ཡིག་སྒྱུར་གྱི་ལས་ཀ་དེ་ཆུ་རྐྱལ་རྒྱག་པ་དང་གཅིག་པ་རེད། ཆུའི་ཕྱི་རུ་ལངས་ནས་བལྟས་བསྡད་ན་ཞེད་རྒྱུ་ལས་ཤེས་རྒྱུ་ཡོད་མ་རེད། ཆུའི་ནང་འཛུལ་པ་ཡིན་ན་རྐྱལ་རྒྱག་རྒྱུའི་བརྒྱུད་རིམ་ཞིག་འགོ་བཙུགས་ཚར་པ་རེད། དེ་ཡིན་དུས་ཡིག་སྒྱུར་གྱི་ལས་ཀའི་ནང་དངོས་སུ་འཛུལ་ནས་ལས་ཀ་དེ་ག་རང་བྱས་ན་ཤེས་རྒྱུ་དང་མུ་མཐུད་ཡར་རྒྱས་འགྲོ་རྒྱུ་ཞིག་རེད་འདུག དེ་ཡིན་དུས་ཞེད་སྣང་ཚ་པོ་དང་ཧ་ཅང་གིས་དཀའ་ལས་ཁག་པོ་ཞིག་ལ་དགོངས་པ་མ་བཞེས་ན། ཡག་གི་རེད་བསམ་གྱི་འདུག དེ་དཀའ་ངལ་སེལ་ཐབས་གལ་ཆེ་ཤོས་ཤིག་རེད།

 

ད་དེ་ནས་བསྒྱུར་བ་དེ་ཚད་ལྡན་ཞིག་དགོས་པ་རེད། ཚད་ལྡན་ཟེར་བའི་ཚད་དེ་མ་ཡིག་གི་ནང་དོན་ནོར་བ་དང་འཁྲུལ་བ་མེད་པའི་ངང་ནས་ཚུར་བསྒྱུར་ཐུབ་པ་བྱ་རྒྱུ་དེ་རྩ་དོན་དང་པོ་རེད། དེ་ལ་ཡང་གནད་འགག་གཉིས་རེད། སྒྱུར་མཁན་གྱིས་མ་ཡིག་གི་ནང་དོན་འཁྲུལ་བ་མེད་པར་གོ་བ་དང་། གང་གོ་བ་དེ་འཁྲུལ་བ་མེད་པར་བོད་སྐད་དུ་སྟོན་ཐུབ་དགོས་པ་དེ་རེད། དང་པོ་དེ་མ་ཡིག་གི་གོ་བ་ལེན་རྩལ་རེད། གཉིས་པ་དེ་བོད་ཡིག་ཏུ་འབྲི་རྩལ་རེད། བོད་ཡིག་ནང་དུ་བསྒྱུར་ནས་འབྲི་དུས་ཁྱད་ཆོས་གང་ཚང་དགོས་རེད་ཟེར་ན། མ་ཡིག་དེ་ལ་དོན་ཙམ་མ་ཡིན་པར་ཚིག་གི་རྩལ་དང་རྩོམ་གྱི་སྒྲིམ་གཞི། རྗོད་སྟངས་ཀྱི་ཉམས་སོགས་མང་པོ་ཞིག་ཡོད་པ་དེ་ཚང་མ་བརྒྱ་ཆ་བརྒྱ་མ་ཉམས་པར་ཚུར་འཁྱེར་རྒྱུ་དེ་ཁག་པོ་རེད་དེ། ག་ཚོད་ཐུབ་ཐུབ་ཀྱིས་མ་ཡིག་གི་ཁྱད་ཆོས་དེ་འགྱུར་གྱི་ནང་སླེབ་ཐུབ་པ་བྱ་རྒྱུ་དེ་གལ་ཆེན་པོ་རེད་འདུག ལྷག་པར་དུ་བོད་པ་ཚོས་གོ་བདེ་པོ་དང་རྟོགས་བདེ་པོ་ཡོང་བ་བྱ་རྒྱུ་དེ་རེད། རྩ་བའི་ཡིག་སྒྱུར་བྱེད་སྟངས་ཐད་ལྟ་ཚུལ་མང་པོ་ཡོད་རེད། ཁ་ཤས་ཀྱིས་མ་ཡིག་གི་ནང་དོིན་ཙམ་མ་ཟད། ཚིག་གི་མང་ཉུང་དང་། གོ་རིམ། ཐ་ན་དབྱངས་ཀྱི་མཐོ་དམའ་དང་གཅོད་མཚམས་ཚུན་ནས་མ་ཡིག་དང་མཐུན་ཐབས་བྱེད་དགོས་ཟེར་མཁན་ཡོད་རེད། ཡང་ནང་དོན་མ་གཏོགས་ཚིག་གི་སྦྱོར་བ་དང་། དབྱངས་ཀྱི་འདེགས་འཇོག་སོགས་མ་ཡིན་ལ་བསྟུན་དགོས་མ་རེད་ཟེར་མཁན་ཡང་ཡོད་རེད། ངའི་ལྟ་ཚུལ་ལྟར་བྱས་ན། དང་པོ་ང་ཚོས་ཅིའི་ཕྱིར་བོད་སྐད་དུ་བསྒྱུར་གྱི་ཡོད་རེད་ཅེས་པའི་དྲི་བར་ལན་འདེབས་དགོས་རེད། དེ་ལ་ལན་སྣ་ཚོགས་ཡོང་སྲིད་པ་རེད། ཡིན་ནའང་ཚང་མས་ཐུན་མོང་དུ་ཁས་ལེན་བྱེད་སྲིད་པའི་ལན་གཅིག་ཡོད་པ་དེ། མ་ཡིག་དབྱིན་ཇི་ཡིན་ན། གཙོ་བོ་བོད་ཡིག་མ་གཏོགས་དབྱིན་ཇི་མ་ཤེས་མཁན་གྱི་ཀློག་པ་པོ་ཚོའི་ཆེད་དུ་བསྒྱུར་གྱི་ཡོད་རེད་ཅེས་པ་དེ་རེད། ཚུར་བསྒྱུར་བ་དེ་གོ་རྒྱུ་མེད་པའམ་གོ་བདེ་བོ་མེད་པ་ཆགས་ན་མ་བསྒྱུར་བ་དང་ཆ་རེད། བསྒྱུར་པ་དེ་གོ་ཡི་ཡོད་པ་ཡིན་ནའང་གོ་བདེ་པོ་མ་ཡིན་པར། ཀློག་པ་པོས་དཀའ་ལས་ཞེ་དྲག་བརྒྱབ་དགོས་པ་དང་སུན་པོ་འདྲ་བྱུང་བ་དེ་འགྱུར་ཡག་པོ་མ་རེད།

 

ཡིན་ནའང་གོ་བདེ་པོ་ཟེར་བའི་སྐབས་ལ་ཡང་གོ་ནོར་མ་ཐེབས་པ་ཞིག་དགོས། བོད་ཀྱི་དཔེ་མཛོད་ཁང་གིས་སྔོན་མ་ཚན་རིག་དུས་དེབ་དང་པོ་དེ་བཏོན་པ་རེད། ངའི་རོགས་པ་བོད་ཡིག་ཡག་པོ་ཞེ་དྲག་ཡོད་པ་ཁ་ཤས་ཀྱིས་ཚན་རིག་དུས་དེབ་བཀླགས་རྗེས་”ཁྱོན་ནས་ཡག་པོ་བསྒྱུར་མི་འདུག་”ཟེར། ངས་རྒྱུ་མཚན་འདྲི་དུས་་”གོ་ཡི་མི་འདུག”ཟེར། དེ་ནས་ཡག་པོ་བྱས་དྲིས་དུས། ཁོང་ཚོར་ཚན་རིག་གི་རྨང་གཞིའི་ཤེས་བྱ་རྩ་བ་ནས་མི་འདུག། རྨང་གཞིའི་ཤེས་ཚད་མེད་ན་དེ་བོད་ཡིག་ནང་ཡོད་པའི་རྒྱུ་མཚན་གྱིས་དེ་གོ་ཡི་མ་རེད། དབྱིན་ཇི་ཡག་པོ་ག་ཚོད་ཡོད་པ་ཡིན་ནའང་ཚན་རིག་གི་རྨང་གཞིའི་ཤེས་བྱ་ཙམ་ཡང་མ་ཤེས་མཁན་ཞིག་གིས་ཚན་རིག་གི་གཞུང་ལ་བལྟས་པ་ཡིན་ན་དབྱིན་ཇི་ཤེས་པའི་རྒྱུ་མཚན་གྱིས་གོ་ཐུབ་ཀྱི་མ་རེད། དེ་ནི་བོད་ཀྱི་སྐད་ཡིག་ཡག་པོ་ག་ཚོད་ཡོད་ནའང་ནང་པའི་གཞུང་《ཚད་མ་རྣམ་འགྲེལ།》དང་《ཤེས་རབ་སྙིང་པོ།》སོགས་བལྟས་པ་ཙམ་གྱིས་གོ་གི་མེད་པ་དང་གཅིག་པ་རེད། བྱས་ཙང་གོ་མ་གོ་ཟེར་བ་དེ་སྐབས་མང་པོ་ཞིག་ལ་ཀློག་པ་པོར་རྨང་གཞིའི་ཤེས་ཚད་ཡོད་མེད་ལ་ཐུག་ཡོད་རེད།

 

ལོ་ཙཱའམ་ཡིག་སྒྱུར་གྱི་ལས་ལ་ཞུགས་དུས། ཐོག་མར་དེ་མི་རང་ག་བས་འཇོན་ཐབས་མེད་པ་ཞིག་རེད་བསམ་པའི་ལོག་རྟོག་དེ་དོར། ཡིག་སྒྱུར་ཚད་ལྡན་གྱི་གཞི་རྩའི་ཚད་གཞི་དེ་གསལ་པོ་ཆགས་དུས། ད་ཡིག་སྒྱུར་བ་རང་གི་ཚད་གཞིའི་སྐོར་དེ་བཤད་དགོས་པ་རེད། སྒྱུར་མཁན་ལ་ཆ་རྐྱེན་གང་དགོས་ཀྱི་འདུག་ཟེར་ན། དང་པོ་དེ་སྐད་ཡིག་གནས་ཚད་དེ་དགོས་རེད། སྐད་ཡིག་གི་གནས་ཚད་དེ་སྐད་ཡིག་གཉིས་ཀ་ལ་བྱང་ཆུབ་པ་ཞིག་བྱུང་ན་ཡག་ཤོས་རེད། བྱང་ཆུབ་པ་ཟེར་དུས། སྐད་ཡིག་དེ་དང་དེའི་ནང་དུ། འཆད་ཐུབ་པ། རྩོམ་ཐུབ་པ། ཉན་ཐུབ་པ་དེ་འདྲ་ཞིག་དགོས་རེད། སྐད་ཡིག་གཉིས་ཀའི་ཐད་ལ་བྱང་ཆུབ་པ་མ་བྱུང་ཡང་། བསྒྱུར་བྱའི་སྐད་ཡིག་ནང་བྲིས་ཡོད་པའི་མ་དཔེ་དེ་ནོར་འཁྲུལ་མེད་པར་གོ་ཐུབ་པ་དང་དེའི་བྲོ་བ་མྱོང་ཐུབ་པ་གང་ཞིག སྒྱུར་བྱེད་སྐད་ཡིག་གི་ནང་དུ་འཆད་ཉན་རྩོམ་གསུམ་ཚད་ལྡན་ཐུབ་པ་ཞིག་ངེས་པར་དགོས་རེད། དཔེ་ཆ་བཞག་ན། དབྱིན་ཇི་ནས་བོད་ཡིག་ལ་སྒྱུར་གྱི་ཡོད་ན་དབྱིན་ཇིའི་མ་ཡིག་གི་ནང་དོན་འཁྲུལ་བ་མེད་པར་གོ་ཐུབ་མཁན་ཡིན་དགོས། དེ་ཉུང་མཐའི་ཚད་གཞི་རེད། དབྱིན་ཡིག་ནང་རྦད་དེ་འཆད་ཉན་རྩོམ་གསུམ་ཆ་ཚང་བྱེད་ཐུབ་མཁན་བྱུང་ན་ཡག་ཤོས་རེད་དེ་དེ་འདྲ་རང་མ་བྱུང་ནའང་འགྲིགས་ཀྱི་ཡོད་རེད། དེ་བོད་ཡིག་ཐོག་ཚུར་སྒྱུར་གྱི་ཡོད་པ་བརྟེན་བོད་ཡིག་ནང་དངོས་གནས་འཆད་ཉན་རྩོམ་གསུམ་ཆ་ཚང་གི་ཤེས་ཚད་ལྡན་པའི་མི་སྣ་ཞིག་དགོས་པ་དེ་གལ་ཆེན་པོ་རེད། ཡང་བོད་ཡིག་ནས་དབྱིན་ཇིའི་ནང་སྒྱུར་གྱིེ་ཡོད་ན་དབྱིན་ཇིའི་གནས་ཚད་དེ་འཆད་ཉན་རྩོམ་གསུམ་བྱེད་ཐུབ་མཁན་དང་བོད་ཡིག་ནང་གོ་བ་ལེན་ཐུབ་པ་ཉུང་མཐའ་ལ་དེ་འདྲ་བྱུང་ན་འགྲིགས་ཀྱི་ཡོད་རེད། ངས་འདི་སྤྱིའི་དབང་དུ་བྱས་ནས་བཤད་ཀྱི་ཡོད། དེ་གསལ་བཤད་མ་བྱས་ན་ཡང་ཁ་ཤས་ཀྱིས་ངག་ལྐུགས་པ་དང་རྣ་བ་འོན་པ་དེ་འདྲ་དཔེ་རུ་བཀོད་ནས་ཀླན་ཀ་བྱས་ཡོང་གི་རེད།

 

གཉིས་པ་དེ་ནང་དོན་རེད། སྐབས་ཐོག་གང་སྒྱུར་གྱི་ཡོད་པ་དེའི་ཤེས་ཚད་དགོས་རེད། དཔེར་ན། ཁྲིམས་ཀྱི་ཡིག་ཆ་བསྒྱུར་གྱི་ཡོད་ན་ཁྲིམས་ཀྱི་ཤེས་ཚད་དགོས་རེད། བརྩམས་སྒྲུང་ཞིག་སྒྱུར་གྱི་ཡོད་ན་སོ་སོ་རང་ཉིད་བརྩམས་སྒྲུང་འབྲི་མི་ཤེས་མཁན་ཞིག་ཡིན་ན་སྒྱུར་ཐུབ་ཁག་པོ་རེད། སྒྱུར་བ་ཡིན་ནའང་ཡག་པོ་ཆགས་ཀྱི་མ་རེད། སོ་སོ་ནམ་རྒྱུན་སྙན་ངག་འབྲི་མི་ཤེས་མཁན་ཞིག་ཡིན་ན་སྙན་ངག་དེ་ཚུར་སྒྱུར་ཐུབ་ཀྱི་མ་རེད། དེ་བཞིན་ལོ་རྒྱུས་སོགས་གང་ཡིན་ནའང་ཁྱབ་ཁོངས་དེའི་རྨང་གཞིའི་ཤེས་ཚད་ཡིན་གཅིག་མིན་གཅིག་ལྡན་དགོས་ཀྱི་ཡོད་རེད། དེ་ནས་གལ་ཆེ་ཤོས་གཅིག་ལ་ཡིག་སྒྱུར་གྱི་ལས་ཀ་དེ་ཉོབ་ཏོ་ཉོབ་ཏོ་རེད། སྒྱུར་ཡིག་གི་ནང་དུ་སོ་སོའི་བསམ་ཚུལ་བསྲེས་ནས་བཤད་ས་ཡོད་མ་རེད། མ་ཡིག་གི་ཚིག་རེ་རེ་བཞིན་འདེད་ནས་འགྲོ་དགོས་རེད། དེ་ཡིན་དུས་བརྩོན་འགྲུས་ཧ་ཅང་ཆེན་པོ་བྱེད་དགོས་པ་དེ་ཆ་རྐྱེན་གལ་ཆེ་ཤོས་ཤིག་རེད། ཤོག་བུ་གཅིག་གཉིས་སྒྱུར་བར་ཞེ་དྲག་དཀའ་ལས་བརྒྱབ་དགོས་མ་རེད། ཡིན་ནའང་དེབ་བསྒྱུར་དགོས་བྱུང་ན་ཉི་མ་ནས་ཟླ་བ་དང་ཟླ་བ་ནས་ལོ་འགོར་གི་ཡོད་རེད། སོ་སོའི་བསམ་ཚུལ་འདོན་ས་མེད་པ་ཙམ་མ་ཟད། སྒྲུང་དང་སྙན་ངག་སོགས་རང་ངོས་ནས་རྩོམ་དུས་ཇི་བཞིན་དགའ་སྐྱོ་ཆགས་སྡང་གི་ཚོར་བ་ཡང་ཡིག་སྒྱུར་བྱེད་དུས་བསྟན་ས་གང་ཡང་ཡོད་མ་རེད། འགོ་མཇུག་བར་གསུམ་ཆ་ཚང་མི་གཞན་གྱི་བསམ་ཚུལ་ཡིན་དུས་ཡིག་སྒྱུར་གྱི་ལས་ཀ་དེ་ཉོབ་ཏོ་ཡིན་པས་ཡིག་སྒྱུར་བར་བརྩོན་འགྲུས་དགོས་པ་དེ་གནད་འགག་གི་ཆ་རྐྱེན་གཅིག་རེད་འདུག

 

 

དེ་ཡན་དེ་ཡིག་སྒྱུར་བའི་ཆ་རྐྱེན་སྐོར་རེད། ད་དངོས་སུ་སྒྱུར་བའི་སྐབས་སུ་དང་པོ་དེ་ལ་མ་ཡིག་དེ་ཀློག་དགོས། སྤྱིར་བཏང་ང་ཚོས་དེབ་ཀློག་དུས་བྱ་བ་ཞེ་དྲག་མང་པོ་བྱེད་ཀྱི་ཡོད་རེད། དེ་ཡང་ལག་པས་དེབ་འཛིན་པ་དང་མིག་གིས་ཡི་གེ་ལ་གཡས་ནས་གཡོན་དུ་བལྟས་ཏེ་ཀློག་པ། ཡི་གེ་ཀློག་ནས་བྱུང་བའི་གོ་བ་དང་འཆར་སྣང་། དེ་ཚོ་ཡིད་ལ་འཇོག་པ་སོགས་དུས་གཅིག་ལ་ལས་ཀ་མང་པོ་ཞིག་བྱེད་འགྲོ་ཡི་ཡོད་རེད། དེ་ནས་དེབ་དེ་ཁ་བརྒྱབ་ནས་ཕར་བཞག་སྟེ། དེའི་ནང་དོན་རང་གི་བློ་ལ་འཆར་སྟངས་ལ་བསམ་བློ་བཏང་ན། ཀློག་པ་པོའི་བློའི་ནང་དེབ་དེ་བཀླགས་པ་ལས་བྱུང་བའི་འཆར་སྣང་ངམ་དོན་སྤྱི་འདྲ་པོ་ཞིག་ཤར་བསྡད་ཡོད་རེད། ཡིན་ནའང་དེབ་དེའི་ནང་གི་ཚིག་དྲན་གྱི་འདུག་གམ་བལྟས་ན། ཚིག་གྲུབ་སྙན་པོ་གཅིག་གཉིས་མ་གཏོགས་དྲན་གྱི་མ་རེད། དེ་དེབ་ཀློག་དུས་ཀྱི་ཡོངས་ཁྱབ་ཀྱི་བྱེད་སྟངས་རེད། སྒྱུར་མཁན་ཡིན་ན་ཀློག་སྟངས་དེ་ཙམ་གྱིས་མི་འགྲིག་པར་ཀློག་སྟངས་གཉིས་སྤྱོད་དགོས་རེད། དང་པོ་དེ་གོང་ཞུས་ལྟར་ཐད་ཀར་བཀླགས་ནས་སྒྲུང་ངམ་སྙན་ངག ལོ་རྒྱུས་གང་ཡིན་རུང་། དེ་དང་དེའི་བྲོ་བ་མྱང་རྒྱུ་དེ་རེད། བྲོ་བ་དེ་ཡང་དང་པོ་དེ་གལ་ཆེན་པོ་ཞེ་དྲག་རེད། མི་ཚེའི་ནང་དང་པོ་ཟེར་བ་དེ་གལ་ཆེན་པོ་རེད། བརྩེ་དུངས་དང་པོ། ཁ་ལག་དང་པོ། ཉམས་མྱོང་དང་པོ་སོགས་དང་པོ་དེ་ཚོ་གང་ཡིན་ནའང་སེམས་ལ་བག་ཆགས་གལ་ཆེན་པོ་འཇོག་གི་ཡོད། ཆོས་ལུགས་ལྟ་བུར་ཆ་བཞག་ན། སོ་སོར་དང་པོ་འཕྲད་ཅིང་འདྲིས་པའི་ཆོས་ལུགས་དེ་མི་ཚེ་གཅིག་རིང་གི་ཆོས་ལུགས་སུ་ཆགས་འགྲོ་བ་རེད། ཁ་ལག་ལྟ་བུར་ཆ་བཞག་ནའང་། སྐྱེས་ཙམ་ཉིད་ནས་ཐོག་མར་བཟའ་གོམས་སུ་ཆགས་པའི་ཟས་དེ་ཚོ་ཚེ་ཟས་སུ་གྱུར་འགྲོ་བ་རེད། བྱས་ཙང་དང་པོ་ཟེར་བ་དེ་ལ་ནུས་པ་དམིགས་བསལ་ཡོད་རེད། དཔེ་དེབ་བཀླག་རྒྱུ་དེར་ཡང་དང་པོའི་བྲོ་བ་དང་གཉིས་པ་བསྡུར་ན་ཁྱོན་ནས་འདྲ་ཡི་མ་རེད། དེར་བརྟེན་བྲོ་བ་དང་པོ་དེ་མྱོང་དགོས་རྒྱུ་གལ་ཆེན་པོ་རེད། གང་ཡིན་ཟེར་ན། ཡིག་སྒྱུར་ཞེས་པ་དེ་སྟབས་བདེ་པོ་བྱས་ནས་བཤད་ན། སྐད་ཡིག་གཅིག་གི་ནང་དུ་ཡོད་པའི་བྲོ་བ་དེ་ལོ་ཙཱ་བས་མྱངས་ཏེ། སྐད་ཡིག་དེ་མི་ཤེས་པའི་མི་ལ་རང་སྐད་བཀོལ་ནས་བྲོ་བ་དེ་ཚོར་འཇུག་པ་འདྲ་པོ་རེད།

 

ཀློག་སྟངས་གཉིས་པ་དེ་ཚིག་དང་ཚིག་བྱས་ནས་ཀློག་དགོས། ཀློག་དུས་དོན་མ་ཤེས་པ་དང་ཚིག་མ་ཤེས་པ་ལ་རྟགས་བརྒྱབ་རྒྱུ་དེ་གལ་ཆེན་པོ་རེད། རྟགས་བརྒྱབ་ཚར་རྗེས་དེ་ཚོའི་གོ་དོན་རྟོགས་ཐབས་བྱེད་དགོས་རེད། དེ་ནས་དེང་སང་གི་དབྱིན་ཇིའི་རྩོམ་ཡིག་མང་པོ་ཞིག་ལ། དུམ་མཚམས་སམ་ཕྲེང་འབེབས་སོ་སོའི་ནང་ལ་དབྱིན་སྐད་དུ།Topic sentence ཞེས་པ་ཞིག་ཡོད་རེད། དེའི་དོན་བོད་སྐད་དུ་བརྗོད་བྱ་གཙོ་བོ་སྟོན་པའི་ཚིག་ཕྲེང་ཟེར་གྱི་ཡོད་རེད། ཚིག་ཕྲེང་དེས་བརྗོད་བྱ་གཙོ་བོ་བསྟན་གྱི་ཡོད་པ་རེད། དེ་མིན་གྱི་ཚིག་ཕྲེང་ཚང་མ་བརྗོད་བྱ་གཙོ་བོ་སྟོན་པའི་ཚིག་ཕྲེང་གི་རྒྱས་བཤད་དམ་དེའི་ཡན་ལག་ལྟ་བུ་རེད། ཚིག་ཕྲེང་དེ་ངོ་མ་འཕྲོད་ན། ལོ་ཙཱ་བས་བསྒྱུར་དུས་བརྗོད་དོན་གཙོ་ཕལ་གྱི་དབྱེ་བ་ཕྱེ་ཤེས་ཀྱི་མ་རེད། དེ་མ་ཤེས་པར་བོད་ཡིག་ཏུ་བསྒྱུར་བ་དེ་ཚོ་འཐོར་བསྡད་ཡོད་རེད། འཐོར་དོན་གང་རེད་ཟེར་ན་གཙོ་བོ་གང་འཆད་ཀྱི་ཡོད་པ་དང་དེའི་འགྲེལ་བཤད་གང་ཡིན་པ། ཡན་ལག་གང་ཡིན་པ་བཅས་ཀྱི་གནད་འགག་ངོས་འཛིན་མ་ཐུབ་པར་ཚིག་གི་ཕྲེང་བ་ཙམ་བསྒྱུར་དུས། གོ་ཁག་པོ་དང་སྙན་པོ་མེད་པ་ཆགས་ནས་ཀློག་པ་པོ་ལ་ཚོར་བ་སྤྲོད་ཐུབ་ཀྱི་མ་རེད། བརྗོད་བྱ་གཙོ་བོ་སྟོན་པའི་ཚིག་ཕྲེང་དེ་དུམ་མཚམས་སམ་ཕྲེང་འབེབས་སོ་སོའི་ནང་དངོས་སུ་ཡོད་རུང་མེད་རུང་། ང་ཚོས་བསྒྱུར་བའི་སྐབས་ལ། དུམ་མཚམས་འདིའི་བརྗོད་བྱ་གཙོ་བོ་གང་དང་གང་རེད། དེའི་རྒྱས་བཤད་གང་དང་གང་རེད། གཙོ་ཕལ་ཕྱེ་ན་ཕལ་བ་གང་དང་གང་རེད། དེ་ཚོ་ངོ་འཕྲོད་དགོས་པ་གལ་ཆེན་པོ་རེད།

 

དེ་བཞིན་མ་ཡིག་གི་རྩོམ་པ་པོའི་རྩོམ་སྤྱི་ཡོངས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་འགྲོས་གང་འདྲ་ཡོད་མེད་དང་ཚིག་དེ་ཚོ་མཐོ་དམན་བེད་སྤྱོད་གང་འདྲ་བཏང་ཡོད་མེད། ཁོ་རང་གི་ལྟ་བ་གང་འདྲ་ཡིན་མིན་ལ་དོ་སྣང་བྱེད་དགོས་རྒྱུ་དེ་གལ་ཆེན་པོ་རེད་བཞག དེ་ནས་ཚིག་མ་ཤེས་པ་ཡོད་ན་ཚིག་མཛོད་མང་པོ་བེད་སྤྱོད་བཏང་ནས་ཧ་གོ་བར་བྱ་རྒྱུ་དེ་རེད། ཚིག་མཛོད་ལ་ཡག་སྡུག་བརྩི་རྒྱུ་ཁྱོན་ནས་མི་འདུག གང་ཡིན་ཟེར་ན་ཚིག་མཛོད་ཚང་མ་ལ་སོ་སོའི་ཁྱད་ཆོས་རེ་རེ་ཡོད་ཅིང་ཁ་ཤས་ནང་སྔོན་གྱི་ཚིག་རྙིང་པ་དང་དེའི་འགྲེལ་བཤད་ཡོད་པ་དང་ཡང་ཁ་ཤས་ནང་དེང་སང་གི་ཆབ་སྲིད་ཚིག་དང་དེའི་འགྲེལ་བཤད་འདུག དེར་བརྟེན་ཚིག་མཛོད་གཅིག་རང་བཟུང་ནས་མ་བཞུགས་པར་ཚིག་མཛོད་མང་ཙམ་ལ་ལྟ་ཐུབ་ན་ཡག་པོ་འདུག ཡང་མང་པོ་ཞིག་གིས། ཚིག་བརྗོད་ཀྱི་ནང་ནས་རག་པའི་ཚིག་དེ་རང་བེད་སྤྱོད་བཏང་བ་མ་གཏོགས་ཚིག་སྦྱོར་སྤེལ་དུས། ཚིག་དེ་སྤྱད་ན་འཚམས་པོ་ཡོད་མེད་དང་སྙན་པོ་ཡོད་མེད་ལ་བསམ་བློ་བཏང་གི་མི་འདུག ང་ཚོ་བོད་པར་དོན་གཅིག་མིང་གི་རྣམ་གྲངས་མང་པོ་ཡོད་རེད། ཚིག་མཛོད་ནང་ནས་ཚིག་གཅིག་རག་པ་དང་། ཚིག་དེའི་གོ་དོན་དང་མཐུན་པའི་ཚིག་གཞན་གང་དང་གང་ཡོད་མེད་ལའང་བསམ་བློ་བཏང་ནས་བེད་སྤྱོད་བཏང་དགོས། དེ་བཞིན་བརྗོད་བྱ་དང་འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་ག་ཚོད་མང་མང་བལྟས་ཏེ། བསྒྱུར་བྱའི་དོན་དག་གི་ཐད་ལ་སྒྲོ་འདོགས་བཅད། དེའི་ཐད་ལ་གོ་བ་གསལ་པོ་དང་སྒྱུར་དུས་སེམས་ནང་ལ་འཆར་སྣང་འདྲ་པོ་ཞིག་ཡོད་པ་བྱ་རྒྱུ་དེ་གལ་ཆེན་པོ་རེད། སྒྲོ་དོགས་ཆོད་ཅིང་གོ་བ་གསལ་པོ། འཆར་སྣང་ལྡན་པ་བྱུང་ན་རང་ལ་གདེངས་ཚོད་སླེབ་ཀྱི་ཡོད། གདེངས་ཚོད་བསླེབས་ན་སོ་སོས་དངོས་སུ་བསྒྱུར་བའི་སྐབས་སུ་དེའི་ཐོག་ལ་ང་རང་ཐོགས་པ་མེད། ཤེས་ཀྱི་ཡོད་བསམས་ནས་སྤོབས་པ་སྐྱེ་ཡི་རེད། དེ་མ་གཏོགས་བསྒྱུར་དུས་ནང་དོན་དང་ཚིག་ཕྲེང་གཉིས་ཀའམ་གང་རུང་ལ་ངེས་ཤེས་ཏན་ཏན་མེད་པ་ཡིན་ན། བསྒྱུར་དུས་གདེང་ཚོད་ཡོད་མ་རེད། བསྒྱུར་བའི་ཚིག་ལའང་ཤུགས་ཡོད་མ་རེད། འགྱུར་བཟང་ངན་གྱི་ཁྱད་པར་འགྲོ་ས་གཙོ་བོ་དེ་རེད།

 

དེ་ནས་དངོས་སུ་སྒྱུར་བའི་སྐབས་སུ་བློའི་ཁྱེར་བཟོ་དེ་ཧ་ཅང་གནད་འགག་ཆེན་པོ་རེད་འདུག ངས་སྒྱུར་བསྡད་པ་མང་ཆེ་བ་སྒྲུང་དང་ལོ་རྒྱུས་ཡིན་པ་བརྟེན། དང་པོ་སོ་སོའི་སེམས་དེ་ཁོང་ཁྲོ་དང་བློ་ཕམ་ལྟ་བུའི་ཚོར་བ་དྲག་པོའི་གཞན་དབང་དུ་མ་བཏང་བར། སེམས་བཏང་སྙོམས་སམ་ལྷོད་ལྷོད་ལ་གནས་པ་བྱེད་ཀྱི་ཡོད། སེམས་བཏང་སྙོམས་སུ་གནས་ཐབས་ཙམ་མ་ཟད་མ་རྩོམ་འབྲི་མཁན་རྩོམ་པ་པོ་དེས། རྩོམ་དེ་འབྲི་བའི་སྐབས་ཀྱི་གནས་བབས་གང་འདྲ་ཡིན་པ་དང་། ཁོང་གིས་རྩོམ་དེ་འབྲི་བའི་སྐབས་སུ་ལྟ་ཚུལ་དང་དགོངས་པ་གང་འདྲ་བཞེས་ཀྱི་ཡོད་མེད་དེ་ཚོ་བློ་ལ་འཆར་བར་བྱས་ནས་སོ་སོས་དེ་ག་རང་མར་དབབ་རྒྱུའི་ཐབས་ཤེས་བྱས་པ་ཡིན་ན་བརྗོད་བྱ་དང་རྗོད་བྱེད་གཉིས་ཀའི་ཐད་ཉམས་ཐོན་རྒྱུར་ཏན་ཏན་ཁྱད་པར་འདུག དེ་བཞིན་ལོ་རྒྱུས་ཤིག་བསྒྱུར་གྱི་ཡོད་ན། མི་སྣ་དེའི་སྐབས་དུས་དེའི་གནས་སྟངས་ཆ་ཚང་མིག་ལ་འཆར་བ་བྱས་ཏེ་བསྒྱུར་ན་ཁྱད་པར་ཆེན་པོ་ཡོང་གི་འདུག དེ་མ་ཡིན་པར་སོ་སོའི་སེམས་པ་རྦད་དེ་འཁྲུག་བསྡད་ནས་ཕར་ཕྱོགས་རྩོམ་པ་པོའི་སྐབས་དེ་དུས་ཀྱི་་སེམས་ཁམས་དང་ཁོར་ཡུག་ལ་ཁྱོན་ནས་བསམ་མནོ་མ་བཏང་བར། ཚིག་ལ་ཚིག་གིས་བསྒྱུར་བཞག་ན། དེ་འཕྲུལ་འཁོར་གྱིས་བསྒྱུར་པ་འདྲ་པོ་དང་། ཚིག་མཛོད་གཅིག་པུ་ལ་བལྟས་ནས་སྒྱུར་བ་འདྲ་པོ་ཡིན་སྟབས་ཞེ་དྲག་གོ་རྒྱུ་དང་ཚོར་རྒྱུ་ཡོང་གི་མ་རེད། དེ་ནས་རྩོམ་ཡིག་མང་པོའི་ནང་ལ་མི་སྣ་ཡོད་པས་དེ་ཚོ་སུས་སུ་ལ་གུས་ཞབས་དང་སུས་སུ་ལ་འཁོན་འཛིན་ཡོད་མེད་ཀྱི་གནད་འགག་དེ་ཚོ་ཤེས་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག གང་ཡིན་ཟེར་ན་ཚིག་བེད་སྤྱོད་བྱེད་དུས་འཁོན་འཛིན་ཡོད་ན་འཁོན་འཛིན་གྱི་རྣམ་པ་མཚོན་རྒྱུ་དང་ཡང་གུས་ཞབས་ཡོད་པ་ཡིན་ན་གུས་ཞབས་ཀྱི་རྣམ་པ་མཚོན་རྒྱུར་དོ་སྣང་བྱ་དགོས་པ་རེད་འདུག

 

ང་ཚོས་སྔོན་མ་ཚན་རིག་དང་ཨང་རྩིས་བསྒྱུར་རྒྱུ་དཀའ་ལས་ཁག་ཤོས་རེད། སྙན་ངག་དང་ལོ་རྒྱུས་སྒྲུང་དེ་ཚོ་སྒྱུར་སླ་ཤོས་རེད་བསམས་ཀྱི་ཡོད་ཀྱང་དེ་འདྲ་རེད་མི་འདུག སྒྱུར་ལས་སླ་ཤོས་དེ་ཚན་རིག་དང་ཨང་རྩིས་རེད་འདུག ཚན་རིག་དང་ཨང་རྩིས་བསྒྱུར་དུས་ང་ཚོར་ཐ་སྙད་མེད་པའམ་ཡོད་ཀྱང་གཅིག་གྱུར་མེད་པའི་དཀའ་ངལ་ཕྲན་བུ་ཡོད། དེ་ང་ཚོ་བོད་པའི་དམིགས་བསལ་གྱི་དཀའ་ངལ་ཞིག་རེད། དེ་མིན་ཚན་རིག་དང་ཨང་རྩིས་བསྒྱུར་དུས་ཚིག་དང་དོན་གྱི་ཉམས་འགྱུར་བསམ་བློ་གཏོང་དགོས་མ་རེད། སྤྱི་ཚོགས་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཀྱང་ཤེས་དགོས་མ་རེད། དེ་བཞིན་རིག་གཞུང་དང་ཆོས་ལུགས་ཀྱི་བསམ་བློ་གཏོང་སྟངས་ལའང་བསམ་བློ་གཏང་དགོས་མ་རེད། འོན་ཀྱང་སྒྲུང་དང་སྙན་ངག་ལོ་རྒྱུས་བསྒྱུར་དུས་དེ་ཚོ་ལ་བསམ་མནོ་མང་པོ་གཏོང་དགོས་རེད། དེ་བཞིན་སྐད་ཡིག་གི་རིམ་པ་ལ་བསམ་མནོ་ཞེ་དྲག་གཏོང་དགོས་འདུག རྩོམ་པ་པོ་དེ་ཡིས་ཕྲུ་གུ་ལ་བཀླག་རྒྱུ་བྲིས་ཡོད་ན་ཚུར་བསྒྱུར་ཚར་དུས་དེ་མི་རྒན་པས་བཀླག་རྒྱུ་འདྲ་པོ་ཆགས་ན་དེ་འགྲིག་གི་མི་འདུག དེ་བཞིན་དབྱིན་ཇིའི་གནའ་རྩོམ་ཡིན་ན་དེ་ཚུར་སྒྱུར་དུས་དེང་རབས་ཀྱི་ཚིག་བེད་སྤྱོད་བཏང་ན་མི་འཚམས་ཤིང་སྔོན་མའི་ཉམས་མེད་པར་བརྟེན་ཡག་པོ་མི་འདུག

 

ད་དེ་ནས་སྒྱུར་བའི་སྐབས་སུ་མ་ཡིག་གི་ཚིག་ཕྲེང་ངམ་བརྗོད་པའི་གོ་རིམ་ཡིན་ནའང་རེད། དུམ་མཚམས་སམ་ཕྲེང་འབེབས་ཡིན་ནའང་རེད། དེབ་རང་གི་མགོ་མཇུག་བར་གསུམ་གྱི་འབྲེལ་བ་ཡིན་ནའང་རེད། ཐ་ན་སྒྲའི་གཅོད་མཚམས་དང་། མིང་ཚིག་དང་ཚིག་དོན་གྱི་ཉམས་འདོན་ཚུལ་དེ་ཚོ་ཚང་མ་ག་ཚོད་ཐུབ་ཐུབ་ཀྱིས་མ་ཡིག་དང་མཐུན་པ་དང་། མ་ཡིག་ལྟར་གྱི་གོ་རིམ་ཐོག་ནས་གོ་བརྡ་སྤྲོད་ཐབས་བྱ་རྒྱུ་དེ་གལ་ཆེན་པོ་རེད། དེ་ལྟར་བྱེད་དུས་གོ་བརྡ་སྤྲོད་ཐབས་གཏན་ནས་མི་འདུག་ན། གཞི་ནས་གོ་རིམ་དཀྲུག་པ་དང་། དོན་སྒྱུར་བྱེད་པ། ཐ་ན་ཚིག་ཁ་ཤས་གསར་དུ་བསྣན་དགོས་རེད་མ་གཏོགས། དཀའ་ངལ་དེ་འདྲ་གང་ཡང་མེད་པར་གོ་རིམ་དཀྲུག་པ་དང་། དོན་སྒྱུར་བྱེད་པ། མ་ཡིག་ལ་མི་བསྟུན་པ་བྱས་ན་འགྲིག་གི་མ་རེད། དེ་ཡིག་སྒྱུར་གྱི་རྩ་དོན་གལ་ཆེ་ཤོས་ཤིག་རེད། གལ་ཏེ་མ་ཡིག་ལ་མི་བསྟུན་པའི་སྲོལ་དེ་དར་ཆེ་ན། རིམ་པས་རིམ་པས་སྒྱུར་དང་བརྩམས་གཉིས་དབྱེ་བ་ཞེ་དྲག་མེད་པ་དང་། ཐ་ན་བསྒྱུར་བ་དང་ཡིན་དང་མ་ཡིག་གི་ནང་དོན་སྙིང་བསྡུས་བཟོས་པ་ཡིན་དབྱེ་བ་མེད་པ་ལྟ་བུ་ཆགས་ཏེ་ཡིག་སྒྱུར་ཟེར་བ་དེ་ཚད་དང་མཚམས་གང་ཡང་མེད་པ་ཆགས་ཉེན་ཡོད། དེར་བརྟེན་མདོར་ན་སོ་སོས་སྒྱུར་བའི་ཚིག་དེ་མ་དཔེའི་ནང་གང་དུ་ཡོད་མེད་རྩིས་སྤྲད་ཤོག་ཟེར་ན་སྤྲད་རྒྱུ་ཡོད་པ་ཞིག་བྱེད་དགོས་རེད་མ་གཏོགས། ཡར་མར་དཀྲུག་སྟེ་བོད་ཡིག་ནང་གོ་བདེ་པོ་འདྲ་ཞིག་བཟོས་ཀྱང་དོན་དུ་མ་ཡིག་ནང་རྩ་བ་ནས་མེད་པ་མང་པོ་ཞིག་སླེབས་ཡོད་ན། ཡིག་སྒྱུར་གྱི་ཚད་གཞིའི་ཐད་ནས་བཤད་ན་སྡུག་ཤོས་དེ་ཆགས་པ་རེད།

 

ཡང་མི་རིགས་སོ་སོའི་སྐད་ནང་བཤད་སྟངས་མ་འདྲ་བ་མང་པོ་ཞིག་ཡོད་པ་དེ་ཚོ། མི་རིགས་རང་རང་གི་སྐད་ཆའི་བཤད་སྲོལ་དང་། རིག་གཞུང་གི་རྒྱབ་ལྗོངས་ལ་བལྟས་ནས་བསྒྱུར་དགོས་རེད་མ་གཏོགས་མ་ཚིག་ལ་དེ་འདྲ་གསལ་བའི་དབང་གིས་འགྱུར་གྱི་ནང་ལ་དེ་བཞིན་དུ་བསྒྱུར་དགོས་པའི་ངེས་པ་མེད། དེར་བརྟེན་ཕར་ཕྱོགས་མི་རིགས་ཀྱི་སྐད་ཆ་བཤད་སྟངས་དེ་བོད་སྐད་ནང་འཆད་མི་སྲིད་པ་དང་བཤད་སྟངས་ཁྱོན་ནས་མེད་པ་དེ་ཚོའི་རིགས་ལ་གཟབ་གཟབ་བྱེད་དགོས་འདུག དཔེ་ཆ་བཞག་ན། ང་ཚོ་བོད་སྐད་ནང་ག་ལེར་ཕེབས་ཟེར་བ་དེར་ please go slowlyཟེར་བསྒྱུར་བ་ཡིན་ན་ཁྱད་མཚར་པོ་ཞེ་དྲག་ཆགས་ཀྱི་རེད། ཚིག་ལ་བལྟས་ན་ག་ལེར་འགྲོ་རོགས་གྱིས་ཟེར་གྱི་ཡོད་རེད། ཡིན་ནའང་ང་ཚོས་བྲེལ་བ་ཡོད་པའི་སྐབས་སུ་ཡང་ག་ལེར་ཕེབས་ཞེས་བརྗོད་ ཀྱི་ཡོད་རེད། དེ་ཡག་པོ་བྱས་ནས་ཕེབས་རོགས་གྱིས་ལབ་ཀྱི་ཡོད་པ་རེད། དེ་བཞིན་དགོང་མོ་ཕྱི་རྒྱལ་དེ་ཚོས་སོ་སོའི་ནང་་མི་དེ་ཚོ་ལ་sweet dream ལབ་ཀྱི་རེད། སྤྱིར་བཏང་ sweet ལ་ནང་དོན་མངར་མོ་དང་འཇམ་པོ། སྙིང་རྗེ་པོ་སོགས་ཡོད་རེད། ཡིན་ནའི་སྐད་ཀྱི་ཡོང་ཁུངས་དང་བེད་སྤྱོད་ཀྱི་ཆ་ནས་ཤུགས་ཆེ་ཤོས་མངར་མོ་ལ་འཇུག་གི་ཡོད་རེད། ད་དེ་ང་ཚོས་ཚིག་མཛོད་ནང་ལ་ sweet ཡི་དོན་མངར་མོ་ཡིན་པ་དང་ dream གྱི་དོན་རྨི་ལམ་རེད། ད་དེ་རྨི་ལམ་མངར་མོ་ཞེས་བསྒྱུར་ན་འགྲིགས་ཀྱི་མ་རེད། དེ་བོད་སྐད་རང་གི་བཤད་སྟངས་བྱས་ན་དབུས་གཙང་དུ་གཟིམས་འཇགས་གནང་ངོ་ཟེར་བ་དེ་རེད།

 

ཚིག་ཁ་ཤས་ཀྱི་རྩ་བའི་དོན་དག་ག་རེ་ཡིན་མིན་ལ་བལྟ་དགོས་རེད། ཡང་ཚིག་ཁ་ཤས་ཀྱི་རྩ་བའི་དོན་དག་ལ་བལྟ་མི་དགོས་པར། དེང་སང་གི་དོན་ག་རེ་ཡིན་མིན་རང་ལ་བལྟས་ནས་བསྒྱུར་དགོས་རེད། དཔེར་ན། དབྱིན་སྐད་ཀྱི་ Breakfast ཞེས་པ་དེའི་རྩ་བའི་དོན་དག་ལ་བལྟས་ན། Break ནི་རྒྱ་ལས་གྲོལ་བ་ལྟ་བུ་རེད། fast ནི་ཁ་ཟས་སྤངས་ཏེ་སྨྱུང་བར་གནས་པའི་དོན་རེད། ཚིག་དེ་གཉིས་མཉམ་དུ་བསྡོམས་ན། སྨྱུང་གནས་ལས་གྲོལ་བ་ལྟ་བུར་གོ་དགོས་པ་རེད། འོན་ཀྱང་དེ་ཚིག་གི་འབྱུང་རྩར་བརྟག་པའི་གོ་དོན་རེད། དེང་སང་ Breakfast ཟེར་བ་དེ་ཡོངས་ཁྱབ་ཏུ་ཞོགས་ཟས་ལ་གོ་དགོས་པ་ལས་སྨྱུང་གནས་ལས་གྲོལ་བའི་གོ་དོན་ཡོད་མ་རེད། དེ་བཞིན་ངའི་གྲོགས་པོ་ཞིག་གིས་སྔོན་མ་དེབ་མཐུག་པོ་ཞིག་བསྒྱུར་ཡོད་ཅིང་དེབ་དེའི་ནང་ལ་མི་ཡར་ནང་ལ་ཡོང་དུས་ Have a seat ལབ་ཀྱི་རེད་པ། have ལབ་ན་ཡོད་པ་ seat ཟེར་ན་རྐུབ་བཀྱག་ཟེར་གྱི་ཡོད། དེར་བརྟེན་ཁོང་གིས་རྐུབ་བཀྱག་གཅིག་ཡོད་པ་གྱིས་ཞེས་བསྒྱུར་ཡོད་རེད། དངོས་གནས་བྱས་ན་དེ་བོད་པའི་བཤད་སྟངས་བྱས་ན་བཞུགས་གདན་འཇགས་ཟེར་བ་དེ་རེད། དེ་བཞིན་ please take a seat ཞེས་པའི་ཚིག་དེ་ཐད་ཀར་བསྒྱུར་ན་རྐུབ་བཀྱག་ལེན་ལབ་ཀྱི་ཡོད་རེད་དེ་དོན་དག་དེ་མ་རེད། དེ་ཡིན་དུས་ཡིག་སྒྱུར་ཟེར་བ་དེ་ཕྱོགས་མང་པོ་ཞིག་ནས་ཚིག་གི་སྒྱུར་མ་རེད། དེ་ག་ནང་བཞིན་ཁ་བྱང་འདྲ་པོ་ལ་ཆ་བཞག་ན་དབྱིན་ཇིའི་ནང་TIBETཞེས་ཆེན་པོ་ཞིག་བྲིས་དེའི་འོག་ལ་ A Political History ཞེས་བྲིས་ཡོད་ན། ང་ཚོེས་ཐད་ཀར་སྒྱུར་དུས། བོད། སྲིད་དོན་གྱི་ལོ་རྒྱུས་ཤིག་ཅེས་བསྒྱུར་གྱི་རེད། དངོས་གནས་བྱས་ན་དེ་བོད་ཀྱི་སྲིད་དོན་རྒྱལ་རབས་སམ་ལོ་རྒྱུས་ཞེས་བསྒྱུར་དགོས་རེད་པ།

 

དབྱིན་སྐད་ལ་གཅིག་ཚིག་མང་ཚིག་ཡོད་ཀྱང་། བོད་སྐད་ནང་བཞིན་དེ་ཙམ་གྱིས་མངོན་གསལ་དོད་པོ་དང་ཡང་ཡང་ཡོང་བ་ཞིག་མ་རེད། དེར་བརྟེན་དབྱིན་སྐད་ཀྱི་ནང་དུ། གཅིག་ཚིག་མཚོན་པའི་ཚིག a དང་ an ཡོད་ས་ཚང་མར་བོད་སྐད་ཀྱི་ཅིག་དང་ཞིག་འབྲི་དགོས་ཀྱི་མ་རེད་ལ། དབྱིན་སྐད་ཀྱི་མང་ཚིག་ཡོད་ས་ཚང་མར་བོད་སྐད་ཀྱི་མང་ཚིག་མཚོན་པའི་རྣམས་དང་། ཚོ། དག་ལྟ་བུ་འབྲི་དགོས་པའི་ངེས་པ་མེད། དེ་ནས་དཀའ་ངལ་ཆེ་བ་གཅིག་དབྱིན་ཡིག་ནས་བོད་ཡིག་ལ་སྒྱུར་བའི་སྐབས་སུ་སྒྲུང་ཡིན་ནའང་རེད་ལོ་རྒྱུས་ཡིན་ནའང་རེད། གསར་འགྱུར་ཡིན་ནའང་རེད། སྐབས་མང་པོར་ཐོག་མ་དེ་ལ་བསྡོམས་སམ་བསྡུས་དོན་ཞིག་ཡོད་རེད། དཔེར་ན། གསར་འགྱུར་ལ་མཚོན་ན། ཐོག་མར་གནས་ཚུལ་གང་ཞིག་བྱུང་བའི་སྐོར་ཞིག་བཤད་ཀྱི་རེད། དེ་ནས་དེའི་གཤམ་དུ་གནས་ཚུལ་དེ་བྱུང་ལུགས་བྱུང་སྟངས་ཞིབ་ཕྲ་ཡོད་རེད། དེ་སྒྱུར་མཁས་པོ་བྱས་མ་སྒྱུར་ན་ང་ཚོ་བོད་སྐད་ནང་ཟློས་སྐྱོན་ཟེར་བ་དེ་ཆགས་འགྲོ་ཡི་འདུག གང་ཡིན་ཟེར་ན་གཅིག་མདོར་བསྡུས་བྱས་ནས་འཆད་གཅིག་རྒྱས་བཤད་བྱེད་ཀྱི་ཡོད་རེད། དེར་བརྟེན་སྒང་དེ་བསྡོམས་སམ་བསྡུས་དོན་ཡིན་པ་དང་འོག་དེ་རྒྱས་བཤད་ཡིན་པ་མཚོན་ཆེད་དུ་”དེ་ཡང་”ཟེར་བ་ལྟ་བུ་ང་ཚོས་ཁ་སྣོན་བྱས་ན་ཡག་པོ་འདུག དེ་ག་ནང་བཞིན་དབྱིན་ཇིའི་ཚིག་གྲུབ་མང་པོ་ཐུང་ཐུང་རེད། དེ་ཚོ་ཁོང་ཚོའི་ཤད་བརྒྱབ་པ་ལྟར་བོད་སྐད་དུའང་ཤད་བརྒྱབ་ནས་བཅད་བཞག་ན། བོད་སྐད་ནང་བརྗོད་པ་བདེ་བོ་མེད་པ་དང་སྙན་པོ་མེད་པ་ཆགས་ཀྱི་འདུག དེ་འདྲའི་སྐབས་ལ་བོད་སྐད་ནང་ཞིང་དང་ཅིང། ཤིང་སོགས་ཕྲད་སྦྱར་ཏེ་ཚིག་གྲུབ་གོང་འོག་མཐུད་བཞག་པ་ཡིན་ན་དཀའ་ངལ་མི་འདུག དེ་ག་ནང་བཞིན་དབྱིན་ཇིའི་ཚིག་ནང་དངོས་སུ་ཡོད་ནའང་བོད་སྐད་ནང་དངོས་སུ་ལབ་མི་དགོས་པ། དཔེར་ན་བོད་སྐད་ནང་”སྤྲད་བྱུང་”ཟེར་བ་དེས། སྤྲད་ས་”ང་”ཡིན་པ་དེ་”བྱུང་”ཁོ་རང་གིས་སྟོན་ཐུབ་ཀྱི་ཡོད་པར་བརྟེན་”ང་”ཡིན་གཅིག་མིན་གཅིག་ལབ་དགོས་ཀྱི་མེད་པ་རེད། དབྱིན་སྐད་ནང་། I went to schoolལྟ་བུར་མཚོན་ན། བོད་སྐད་དུ་“སློབ་གྲྭར་ཕྱིན་པ་ཡིན་”དང་“ང་སློབ་གྲྭར་ཕྱིན་པ་ཡིན”གང་གིས་བསྒྱུར་ནའང་འགྲིག་གི་རེད། གང་ཡིན་ཟེར་ན། སྐབས་འདིའི་“ཡིན་”གྱིས་འགྲོ་མཁན་“ང་”ཡིན་པ་སྟོན་གྱི་ཡོད་རེད། དེ་དང་དེ་ལྟ་བུའི་དཔེ་མཚོན་མང་པོ་ཞུ་རྒྱུ་ཡོད་དེ། ད་དུས་ཚོད་སྐར་མ་ཁ་ཤས་ལས་མེད་དུས་དཔེ་མཚོན་མང་པོ་ཞུ་གི་མིན།

 

དེ་ནས་དེང་སང་མིའི་མིང་དང་ས་ཆའི་མིང་སོགས་སྒྲ་གདངས་རང་སོར་བཞག་སྟེ་བསྒྱུར་གྱི་ཡོད་རེད། སྤྱིར་བཏང་སྔོན་མའི་དཔེ་ཆ་དེ་ཚོར་ལྟ་དུས། ས་མིང་མི་མིང་མང་པོ་ཞིག་གི་དོན་བསྒྱུར་བ་མ་གཏོགས་སྒྲ་སྒྱུར་ཡོད་མ་རེད། དཔེར་ན་རྡོ་རྗེ་གདན་དང་། རྩྭ་མཆོག་གྲོང་། རྒྱལ་པོའི་ཁབ། ཀུན་དགའ་བོ། མ་སྐྱེས་དགྲ་སོགས་རེད། དེ་ཚོའི་དོན་དག་བོད་སྐད་དུ་བསྒྱུར་བ་དེར་ལེགས་ཆ་ཡོད་རེད། རྒྱ་གར་ལ་རྩ་བ་ནས་འགྲོ་མ་མྱོང་མཁན། རྒྱ་གར་གྱི་སྐད་རྩ་བ་ནས་མི་ཤེས་མཁན་ཚོས་དེ་ཚོ་གོ་དུས་སེམས་ལ་འཆར་རྒྱུ་ཞིག་ཡོང་གི་ཡོད་པ་རེད། དེ་མིན་སྒྲ་སོར་བཞག་གིས་བསྒྱུར་ན། གོ་རྒྱུ་གང་ཡང་མེད་པ་ཆགས་ཀྱི་རེད། དོན་སྒྱུར་བྱས་མེད་ན་བོད་པ་ཚོས་ཀུན་དགའ་བོ་དང་ཤ་རིའི་བུ་ཟེར་དུས་དེང་སང་ངོ་ཤེས་ཤེས་འདྲ་པོ་ཞིག་དང་སེམས་ཐག་ཉེ་པོ་བྱས་ནས་བརྗོད་ཀྱི་ཡོད་པ་དེ་ཕལ་ཆེར་ཡོང་གི་མ་རེད།

 

ཡང་། ཝ་ར་ཎཱ་སི་དང་། ཀོའོ་ཤི་ཀ། པདྨ་སོགས་སྒྲ་སོར་བཞག་གིས་བསྒྱུར་ཡོད་རེད་མ་གཏོགས་དོན་དག་བསྒྱུར་ཡོད་མ་རེད། སྒྲ་སོར་བཞག་གིས་འབྲི་སྟངས་དེ་ལའང་འབྲི་སྟངས་གཅིག་ལས་མང་བ་ཏན་ཏན་བྱུང་ཡོད་རེད། དེ་འདྲས་སོང་ཙང་སྒྲ་སོར་བཞག་གིས་སྒྱུར་སྟངས་དེ་ལ་ཞིབ་འཇུག་བྱེད་དགོས་པའི་གནད་དོན་མང་པོ་ཡོད་པ་འདྲ། དང་པོ་དེ་གཟུངས་སྔགས་དེ་ཚོ་རེད། གཟུངས་སྔགས་དེ་ཚོ་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ་ཡིན་དུས། དེའི་སྒྲ་ལ་དམིགས་བསལ་གྱིས་ནུས་པ་ཡོད་པར་ངོས་འཛིན་བྱས་ཏེ། དེ་ལ་དོན་དག་བསྒྱུར་དུ་ཡོད་རུང་དོན་དག་མ་བསྒྱུར་བར། སྒྲ་སོར་བཞག་གིས་བསྒྱུར་གྱི་ཡོད་པ་དེ་གཅིག་རེད། གཉིས་པ་དེ། མིའི་མིང་དང་ས་ཆའི་མིང་ལ་གོ་དོན་གཅིག་ལས་མང་བ་གཉིས་སམ་གསུམ་སོགས་ཡོད་པ་དང་། གོ་དོན་དེ་དག་ཚང་མ་སྟོན་ཐུབ་པའི་བོད་སྐད་ཀྱི་ཚིག་གཅིག་རག་གི་མེད་པ། གོ་དོན་གཉིས་གསུམ་སོགས་ཀྱི་ནང་ནས་སྐབས་འདིར་གང་དུ་གོ་དགོས་མིན་ངེས་གསལ་མེད་པ་དེ་ཚོ་སྒྲ་སོར་བཞག་གིས་བསྒྱུར་ཡོད་རེད། དེ་མིན་རྣམས་ཀྱི་དོན་དག་བསྒྱུར་འདུག དཔེར་ན་ཝ་ར་ཎཱ་སི་སྒྲ་སོར་བཞག་གིས་བསྒྱུར་བ་དང་། ཡངས་པ་ཅན་དོན་དག་བསྒྱུར་བ་ལྟ་བུ་རེད། གསུམ་པ་དེ། བོད་ལ་མེད་པའི་སྐྱེ་དངོས་སོགས་ཀྱི་མིང་དེ་ཚོ་སྒྲ་སོར་བཞག་གིས་བསྒྱུར་ཡོད་པ་རེད། དཔེར་ན་མེ་ཏོག་པདྨ་སོགས་རེད། དེ་ཚོ་གང་ཡིན་རུང་། འགོ་རུ་ཡུལ་དང་གྲོང་ཁྱེར་དང་མེ་ཏོག ཆུ་སོགས་བླ་ཐབས་སུ་སྣོན་པའི་ཐབས་ཤེས་སྤྱད་ཡོད།

 

སྒྲ་སོར་བཞག་བྱས་ཏེ་སྒྱུར་དུས། འབྲི་སྟངས་དེ་ལ་རྣམ་པ་གཅིག་ལས་མང་བ་བྱུང་ཡོད་རེད། དེང་སང་མང་པོ་ཞིག་གིས། ཆོས་རྒྱལ་ཚོའི་སྐབས་ལ། ཕྱིའི་ས་མིང་མི་མིང་སོགས་སྒྲ་སོར་བཞག་གིས་འབྲི་དུས། སྔགས་ཡིག་གི་འབྲི་སྟངས་དེ་གཅིག་པུ་སྤྱད་ཡོད་པ་དང་། དེ་གཏན་འབེབས་རེད། ང་ཚོས་ཀྱང་དེང་སྐབས་རྒྱ་གར་ཙམ་མ་ཟད་ནུབ་ཕྱོགས་ཀྱི་ས་མིང་མི་མིང་དེ་ཚོ་ངེས་པར་དུ། སྔགས་ཡིག་གི་འབྲི་སྟངས་དེ་རང་འབྲི་དགོས་རེད་ཅེས་གསུང་གི་ཡོད་རེད། ཡིན་ནའང་དེ་བདེན་པ་མ་རེད། སྔོན་གྱི་ཡིག་ཆ་རྙིང་པར་གཟིགས་ན། ལེགས་སྦྱར་སྐད་སོགས་རྒྱ་གར་གྱི་སྐད་ནས་བསྒྱུར་དུས། “གུ་རུ་”ལ་“འགུ་རུ་”སོགས་བོད་སྐད་ཀྱི་སྒྲ་གང་ཉེ་བ་འབྲི་བའི་སྲོལ་གཅིག་དང་། སྔགས་ཡིག་གི་འབྲི་སྟངས་བཅས་སྲོལ་གཉིས་བྱུང་ཡོད་པ་དང་། ལེགས་སྦྱར་གྱི་སྐད་མ་ཡིན་པའི་རྒྱ་སྐད་དང་སོག་སྐད་ཀྱི་མི་མིང་ས་མིང་སྒྱུར་དུས། བོད་སྐད་ཀྱི་འབྲི་སྟངས་ལྟར་སྒྲ་གང་ཉེ་བ་འབྲི་སྲོལ་་བྱུང་ཡོད་པ་རེད། དཔང་རྟགས་གསལ་ཤོས་ཤིག་ལྷ་སའི་གཙུག་ལག་ཁང་མདུན་དུ་ཡོད་པའི་རྡོ་རིང་སྒང་ལ་རྒྱ་ནག་གི་ས་ཆའི་མིང་དང་བློན་པོའི་མིང་། གོང་མའི་མིང་ཡོད་པ་དེ་ཚོའི་དག་ཆ་འབྲི་སྟངས་ད་ལྟ་ང་ཚོའི་སྔགས་ཡིག་འབྲི་སྟངས་བཞིན་བྲིས་ཡོད་མ་རེད། དེ་ནས་མར་མགྲོན་མགོན་ཆོས་རྒྱལ་འཕགས་པ་སོགས་ཀྱི་སྐབས་ལ་སོག་ཡུལ་དང་ཕྱི་ལོགས་ཀྱི་ལུང་པ་མང་པོར་ཕེབས་ཤིང་དེ་ཚོའི་མིའི་མིང་དང་ས་ཆའི་མིང་སྔགས་ཡིག་འབྲི་སྟངས་བཞིན་བྲིས་ཡོད་མ་རེད། ༸རྒྱལ་བ་ལྔ་པ་ཆེན་པོ་རྒྱ་ནག་ལ་ཕེབས་པ་རེད། རྒྱ་ནག་གི་མི་མིང་ས་མིང་དེ་ཚོ་སྔགས་ཡིག་བཞིན་བྲིས་ཡོད་མ་རེད། དེ་ནས་༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་རྒྱ་ནག་དང་སོག་ཡུལ། རྒྱ་གར་བཅས་ལ་ཕེབས་པ་རེད། དེ་དུས་རྒྱ་ནག་དང་སོག་པོའི་མིང་དེ་ཚོ་སྔགས་ཡིག་གི་འབྲི་སྟངས་ལྟར་བྲིས་ཡོད་མ་རེད་ལ། དབྱིན་ཇིའི་མིང་དེ་ཚོ་ཡང་སྔགས་ཡིག་གི་འབྲི་སྟངས་བཞིན་བྲིས་ཡོད་མ་རེད།

 

དེ་ཡིན་དུས་ང་རང་གི་བསམ་ཚུལ་བྱས་པ་ཡིན་ན་སྔགས་ཡིག་འབྲི་སྟངས་དེ་ལེགས་སྦྱར་གྱིས་མཚོན་པའི་རྒྱ་གར་སྐད་ནས་སྒྱུར་པའི་རིགས་ལ་འོས་ཤིང་འཚམ་པ་རེད། གང་ཡིན་ཟེར་ན། གཅིག་ནས་དག་ཆ་འཐོན་གྱི་རེད། གཉིས་ནས་སྒྲ་འཐོན་གྱི་རེད། ཡིག་གཟུགས་ཀྱི་རྣམ་པ་བོད་ཡིག་ཡིན་པ་མ་གཏོགས་བརྡ་སྤྲོད་ཀྱི་ཆ་ནས་བཤད་ན་དེ་ལེགས་སྦྱར་གྱི་སྐད་རང་ཡིན་པས། ཕར་ལེགས་སྦྱར་སྐད་ལ་སྒྱུར་པ་ཡིན་ན་ཡང་འཁྲུལ་བ་མེད་པར་ལམ་སེང་སྒྱུར་ཐུབ་ཀྱི་རེད། ཡིན་ནའང་སྔགས་ཡིག་འབྲི་སྟངས་དེ་དབྱིན་ཇི་དང་རྒྱ་སྐད་ལ་སོགས་པའི་སྐད་ཡིག་གཞན་ལ་བེད་སྤྱོད་གཏོང་དུས། ང་ཚོས་སྒྲ་ལ་དོ་སྣང་བྱས་པ་ཡིན་ན་དག་ཆ་འཐོན་གྱི་མ་རེད་དཔེར་ན་དབྱིན་ཇིའི་ནང་ལ་s ཡོད་པ་ཡིན་ནའང་s ཡི་སྒྲ་མི་འདོན་པ་སོགས་མང་པོ་རེད། དེ་ག་ནང་བཞིན་དག་ཆ་ལ་དོ་སྣང་བྱས་པ་ཡིན་ན་སྒྲ་འཐོན་གྱི་མ་རེད་དཔེར་ན་ bus ཡི་ u དེ་སྤྱིར་བཏང་ཨུ་ཡིན་དུས། ཨུ་ལ་སྒྱུར་ན་བྷུ་སེ་ཆགས་འགྲོ་གི་ཡོད་རེད།

 

སྒྲ་སོར་བཞག་གི་སྒྱུར་སྟངས་དེ་ལ་གནའ་སྔ་མོ་ནས་སྔགས་ཡིག་བཞིན་འབྲི་བ་དང་། སྔགས་ཡིག་བཞིན་མ་ཡིན་པར་བོད་ཡིག་གིས་སྒྲ་གང་ཉེ་འབྲི་བའི་སྲོལ་ཡོད་པ་བཞིན་ང་ཚོས་མུ་མཐུད་དེ་ལྟར་ཕྱིན་ན་ཡག་གི་རེད། དེ་མིན་རང་ཉིད་ཀྱིས་ལེགས་སྦྱར་དང་ཧིན་དི་ཤེས་པ་དེས་རྨང་བྱས། ཆོས་རྒྱལ་ཚོའི་སྐབས་ནས་སྒྲ་སོར་བཞག་ཚང་མ་སྔགས་ཡིག་བཞིན་འབྲི་དགོས་ཚུལ་གྱི་གཏན་འབེབས་མེད་བཞིན་དུ་ཡོད་ཤག་ཤག་གི་བཤད་པ་འདྲ་སྤེལ་ཏེ། རྒྱ་ཡིག་དང་དབྱིན་ཇི་སོགས་གང་ནས་བསྒྱུར་ཀྱང་སྔགས་ཡིག་འབྲི་སྟངས་རང་འབྲི་དགོས་རེད་ཟེར་ན། དངོས་ཡོད་ལག་ལེན་ནང་ལ་ཡོང་གི་མ་རེད། ཆོས་ཉིད་དང་འཚམས་པ་ཡང་མ་རེད། ཡིན་ནའང་བོད་ཡིག་གི་འབྲི་སྟངས་བཞིན་སྒྲ་གང་ཉེ་བྱས་བྲིས་པ་ཡིན་ན། དཀའ་ངལ་མེད་པ་མ་རེད། དཔེར་ན་ Obama འབྲི་རྒྱུ་ཡིན་ན་བྷ་དང་སྦ། རྦ་སོགས་དག་ཆ་མི་འདྲ་བ་མང་པོ་ཞིག་འབྲི་ཡི་འདུག བོད་ནང་ནས་བྲིས་ཡོང་བ་དེ་ལ་རྒྱ་ནག་རྒྱལ་ས་ལ་པི་ཅིང་དང་པེ་ཅིང་། པེ་ཅིན་སོགས་དག་ཆ་མ་འདྲ་བ་མང་པོ་ཡོང་གི་འདུག དེ་ཚོ་གཅིག་གྱུར་ཡོང་ཐབས་ལ་བསམ་བློ་བཏང་དགོས་རེད། །།

 

མདོར་ན་ཡིག་སྒྱུར་ཟེར་བ་དེའི་ནང་དུ། རིག་གཞུང་དང་འབྲེལ་བ་དང་། སྐད་ཆ་བཤད་སྟངས་དང་འབྲེལ་བ། ཐ་སྙད་དང་འབྲེལ་བ། གོམས་སྲོལ་དང་འབྲེལ་བ། སྒྲ་གདངས་དང་འབྲེལ་བ། སྒྱུ་རྩལ་གྱི་ཉམས་འགྱུར་དང་འབྲེལ་བ་སོགས་གནད་དོན་མང་པོ་ཡོད་རེད། མི་རིགས་མི་འདྲ་བའི་བར་དུ་གནད་དོན་དེ་ཚོའི་ཐད་ལ་ངོས་འཛིན་དང་བཤད་སྟངས་ཀྱང་འདྲ་གི་མ་རེད། དེར་བརྟེན་དེ་འདྲའི་མ་འདྲ་བ་མང་པོ་ཡོད་པ་དེ། རང་རེའི་སྐད་ནང་བསྒྱུར་དུས་ཐབས་ལམ་འདི་ཁོ་ན་མཆོག་ཡིན། འདིས་ཐམས་ཅད་ལ་ཁྱབ་ཐུབ་ཀྱི་ཡོད་ཟེར་རྒྱུ་ཞིག་མི་འདུག རྩ་བའི་རྩ་དོན་དེ། གང་བསྒྱུར་བ་དེ་ཀློག་པ་པོས་གོ་ཐུབ་པ་དང་གཅིག མ་ཡིག་གི་ཁྱད་ཆོས་དང་མཐུན་དགོས་པ་གཉིས་དེ་རེད། དེ་གཉིས་ཀ་གལ་ཆེན་པོ་རེད་དེ། གལ་ཏེ་མ་ཡིག་གི་གོ་རིམ་དང་ཁྱད་ཆོས་ལ་བསྟུན་ན། བོད་སྐད་ནང་གོ་མི་ཐུབ་པའི་གནད་དོན་འདྲ་པོ་ཞིག་ལ་འཕྲད་ཀྱི་ཡོད་ན། ངེས་པར་དུ་བོད་སྐད་ནང་གོ་ཐུབ་པ་བཟོ་དགོས་པ་དེ་རྩ་དོན་རེད། བོད་སྐད་ནང་གོ་ཐུབ་པ་བཟོ་བར་ཐབས་ལམ་སྣ་མང་ཡོད་རེད་དེ། ཐབས་ལམ་དེ་ཚོ་ཚང་མ་ག་དུས་ཡིན་ནའང་བེད་སྤྱོད་བཏང་ཆོག་ཆོག་ཅིག་མ་རེད། དོན་སྒྱུར་དང་ཐད་སྒྱུར། ཐད་ལོག་ཏུ་བསྒྱུར་བ་སོགས་གང་ཡིན་རུང་། དགོས་མཁོ་ཡོད་མེད་ལ་བལྟ་དགོས་པ་དང་། དགོས་མཁོ་ཡོད་མེད་ཀྱི་གཞི་འཛིན་ས་དེ། ཀློག་པ་པོས་གོ་ཐུབ་མི་ཐུབ་ཀྱི་ཐོག་ནས་གཟིགས་དགོས། ཀློག་པ་པོས་གོ་ཐུབ་ཀྱི་ཡོད་ན། མ་ཡིག་གི་གོ་རིམ་ལྟར་བསྒྱུར་དགོས་པ་དང་། གོ་མི་ཐུབ་པའི་དཀའ་ངལ་འཕྲད་དུས་གཞི་ནས་གོ་རིམ་དཀྲུག་པ་སོགས་ཀྱི་ཐབས་ལམ་ཁག་བེད་སྤྱོད་བྱེད་དགོས་པར་ངས་ངོས་འཛིན་བྱེད་ཀྱི་ཡོད།

 

དེབ་གཅིག་བསྒྱུར་ཚར་བའི་རྗེས་ལ། ཞུ་དག་དང་གཞན་གྱི་བསམ་འཆར་ལ་ཉན་དགོས་པ་དེ་གནད་འགག་ཆེ་ཤོས་ཤིག་རེད། ང་ཚོའི་དེབ་མང་ཆེ་བའི་གླེང་བརྗོད་ནང་། ནོར་འཁྲུལ་ཡོད་ན་བཟོད་གསོལ་དང་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་ལྷུག་པོ་གནང་རོགས་ཞེས་བྲིས་ཡོང་གི་ཡོད་རེད། ཡིན་ནའང་དེབ་དེ་ཚོ་མང་ཆེ་ཁུག་ཁུག་ཀྱོག་ཀྱོག་གཅིག་ནས་བསྒྱུར། ཁུག་ཁུག་ཀྱོག་ཀྱོག་གཅིག་ནས་པར་བརྒྱབ་ནས་ནོར་འཁྲུལ་གྱིས་ཁེངས་ཡོད། དེ་འདྲ་གནང་ན། དེབ་མདུན་དུ་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་གནང་རོགས་དང་ནོར་འཁྲུལ་ཡོད་ན་བཟོད་གསོལ་ཞེས་བྲིས་པ་དེ་རྫུན་མ་རེད། དངོས་གནས་ཀྱིས་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་སྡུད་ཀྱི་ཡིན་ན་པར་མ་བརྒྱབ་གོང་ནས་བསྡུ་དགོས། དེ་བཟང་སྤྱོད་དང་འབྲེལ་བ་ཞེ་དྲག་ཡོད་ཅིང་དེར་སྤམ་འཆོར་དགོས་པ་གང་ཡང་ཡོད་མ་རེད། གང་ཡིན་ཟེར་ན། ང་ཚོས་འབྲི་བའི་སྐབས་ལ་ཚིག་གི་སྦྱོར་བ་དེ་ཚོ་བློ་ཐོག་ནས་སྤེལ་ཙང་། དོན་དུ་ཡི་གེའི་ནང་ཆད་ལྷག་བྱུང་ཡང་། སོ་སོའི་བློ་ལ་ཡོད་པ་གཞིར་བཞག་གིས་ཀློག་འགྲོ་གི་རེད། གཉིས་ནི་མིའི་ནུས་པ་ལ་མཐའ་ཡོད་དུས་མི་གཞན་པ་ལ་བསྟན་རྒྱུ་དང་དྲི་བ་འདྲི་རྒྱུ་དེ་ཞེ་དྲག་གལ་ཆེན་པོ་རེད། ལྷག་པར་དུ་བསྒྱུར་བ་ཞིག་ཡིན་ན་སྐད་གཉིས་སྨྲ་བ་དང་སྐད་གསུམ་སྨྲ་བ་ཚོར་མ་དཔེ་རང་ལ་གཏུགས་ནས་ཞུ་དག་གནང་རོགས་ཞུ་རྒྱུ་དེ་གལ་ཆེན་པོ་རེད།

 

ང་ཡིན་ན་ནམ་རྒྱུན་ཀརྨ་སྨོན་ལམ་ལགས་དང་སངས་རྒྱས་བསྟན་དར་ལགས། འཕགས་པ་ལགས་སོགས་ལ་སྐྱབས་འཇུག་ཞུ་གི་ཡོད། ཇུས་འདྲ་པོ་གཅིག་ཞུས་ན། ཁོང་རྣམ་པ་མཛད་བྲེལ་ཆེན་པོ་ཡིན་ཙང་ང་ཚོས་བསྒྱུར་བ་དེ་ཚོ། མ་དཔེའི་ནང་ཚིག་འབྲུ་རེ་རེ་བྱས་ནས་གཟིགས་རྒྱུའི་དུས་ཚོད་ཡོད་མ་རེད། དེར་བརྟེན་གལ་ཆེ་ཤོས་སོ་སོར་གདེངས་ཚོད་མེད་ས་དང་། དོགས་པ་ཡོད་ས། གསལ་པོ་ཞེ་དྲག་མ་ཆགས་ས་དེ་ཚོ་ཚང་མའི་མ་དཔེ་དང་སོ་སོའི་འགྱུར་གཉིས་ཀར་རྟགས་བརྒྱབ་ནས་ཁོང་རྣམ་པ་ཚོར་སྤྱན་འབུལ་ཞུས་པ་ཡིན་ན་གཟིགས་ཐུབ་ཀྱི་རེད། གཉིས་པ་དེ་ཞུ་དག་གྲུབ་པའི་རྗེས་ལ་མཁས་པ་མ་ཡིན་པ་སྤྱིར་བཏང་གི་མང་ཚོགས་དཀྱུས་མ་ལ་ཡིན་གཅིག་མིན་གཅིག་ཀློག་འཇུག་རྒྱུ་དེ་གལ་ཧ་ཅང་ཆེན་པོ་རེད། གོ་ཐུབ་ཀྱི་འདུག་མི་འདུག གོ་ཁག་པོ་ཡོད་ན་གང་དུ་བཟོ་བཅོས་བྱེད་དགོས་ཀྱི་འདུག་བལྟ་དགོས།

 

 

དེའི་རྗེས་མཐའ་མཇུག་དེར་བོད་ཀྱི་བརྡ་སྤྲོད་འགྲོ་སྟངས་སོགས་བོད་ཡིག་མཁས་པར། ལྷག་པར་དུ་ང་འདྲ་པོ་དབུས་གཙང་ནས་ཡིན་དུས་ངའི་སྐད་ནང་ཁམས་དང་ཨ་མདོའི་ཕྱོགས་ཀྱི་མིས་གོ་མི་ཐུབ་པའི་ཁ་སྐད་མང་པོ་འཆོར་སྲིད་ལ་བརྡ་སྤྲོད་ཀྱི་འགྲོ་སྟངས་དང་མ་མཐུན་པ་ཡང་ཡོད་སྲིད། དེར་བརྟེན་ཆོལ་ཁ་གཞན་པའི་མཁས་པ་ཚོ་ལ་བསྟན་ནས་ཁོང་རྣམ་པའི་དགོངས་འཆར་ཉན་དགོས་པ་དེ་གལ་ཆེན་པོ་རེད། དེ་ལྟར་ཞུ་དག་དང་བཟོ་བཅོས་རིམ་པ་མང་པོ་ཞིག་བྱས་པའི་རྗེས་སུའང་སྐྱོན་ཡོང་སྲིད་པ་རེད། ཡིན་ནའང་དེ་ལ་འགྱོད་པ་ཡོད་མ་རེད། གང་ཡིན་ཟེར་ན་སོ་སོའི་ངོས་ནས་ཐབས་ཤེས་ཚང་མ་བྱས་པ་རེད།། །།

 

 རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།། 

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།