ཕྱི་ལ་མི་སྐྲག་ནང་ལ་སྐྲག

558

རྩོམ་པ་པོ།    སྒོ་ཡོན།

 

        འདི་ནས་ཕྱིར་བརྩིས་པའི་མི་ལོ་བརྒྱ་ཙམ་གྱི་ཡར་སྔོན། རང་རེའི་ཁྱིམ་མཚེས་རྒྱལ་ཁབ་ཏུ་གྲགས་པའི་རྒྱ་གར་ཡུལ་དབུས་སུ། གན་དྷི(Mahatma Gan-hi,1869—1948)ཞེས་པའི་རྒན་པོ་ཞི་ཞིང་དུལ་བ་ཞིག་འོང་མྱོང་ཞིང་། ཁོང་གིས་སྐབས་དེར་ཨིན་ཇིའི་དབང་བསྒྱུར་གྱི་འོག་འཚོ་བའི་སྤུན་ཟླ་རྒྱ་གར་བ་རྣམས་ཀྱི་སླད“འཚེ་མེད་བསྟུན་མེད”ཀྱི་དར་ཆ་ཐོགས་ཏེ། དཀའ་ངལ་ཁྱད་བསད་དང་གཞི་རྒྱ་ཆེན་པོ། ཚེ་སྲོག་གཏའ་མའི་སྒོ་ནས་ངོ་ཚ་དང་རྒྱུ་འབྲས་ཁྱོན་ནས་མི་བརྩི་བའི་སྒེར་གཅོད་པ་དག་གི་མདུན་ནས་འོས་ལངས་ཀྱི་ལས་འགུལ་རབ་དང་རིམ་པ་སྤེལ་ཞིང་། རྡུང་རྡེག་དང་བཙོན་འཇུག་སོགས་ཀྱི་ངལ་བ་བློ་ཡུལ་ལས་འདས་པ་མཐའ་ཡས་བརྒལ་རྗེས། གཞི་ནས་རྒྱ་གར་ལ་རང་བཙན་གྱི་བདེ་སྐྱིད་ཐོབ་པ་རེད།

 

དེ་ནི་སྤྱི་ངོས་ནས་རྒྱ་གར་བའི་སྤུན་ཟླ་རྣམས་དཔའ་ངར་གྱི་སྤོབས་པ་མཐོ་བ་དང་ནང་མཐུན་གྱི་འདུ་ཤེས་ཟབ་པ། དགྲ་ངོ་ལ་ཞེ་ཟིན་ཡོད་པ་བཅས་ཀྱིས་ཡིན་ཚོད་འདུག་ཀྱང་། གཙོ་ཆེ་བ་ནི་མ་ཧ་གན་དྷི་ལགས་ཀྱི་བསམ་བློའི་བདེན་པ་དང་བྱ་བའི་སྒྲིག་རིམ། དཀའ་ངལ་ཁྱད་བསད་ལ་རག་ལས་པས་ན། རྒྱ་གར་པ་རྣམས་ལ་རང་བཙན་གྱི་བདེ་སྐྱིད་ཐོབ་པའི་རྩ་ཆེ་ཤོས་ནི། གན་དྷི་ཞེས་པའི་སྐྱེས་བུ་ཤེས་རབ་ལྡན་པ་གང་ལ་འབྲེལ་བ་ངེས་ཅན་ཡོད་པ་ནི་མང་མང་གིས་ཤེས་གསལ་ལྟར་རེད།

 

དེ་ལྟ་ནའང་། རྒྱ་གར་ལ་རང་བཙན་གྱི་ཉི་འོད་ཡོངས་སུ་ཤར་ནས་དུས་ཡུན་རིང་ཙམ་མ་འགོར་བར། རླབས་ཆེ་བའི་རྒྱལ་ཁབ་ཀྱི་རང་བཙན་དབུ་ཁྲིད་པ་ཆེན་མོ་གན་དྷི་ལགས་གློ་བུར་དུ་མེ་མདའི་འོག་འདས་གྲོངས་ཕྱིན་པ་རེད། བསམ་ཡུལ་ལས་འདས་པ་ཞིག་ལ། རྒྱ་གར་གྱི་བླ་ན་མེད་པའི་རྒྱལ་ཡབ་སྟེང་ལ་ལག་འཇོག་ཕོད་པའི་མེ་མདའ་ནག་པོ་ཐོགས་མཁན་དེ་ནི།དབང་མཐའ་སྒེར་གཅོད་ཀྱི་ལག་པ་རིང་བོ་མངའ་ཞིང་། ཡོད་ཚད་རང་ཉིད་ཁོ་ནའི་མངའ་བྲན་དུ་བསྒྱུར་འདོད་མ་ཡལ་བའི་སྐབས་དེའི་ཨིན་ཇི་བཙན་བསྒྱུར་རིང་ལུགས་ཀྱི་དཔོན་འཁོར་སུ་ཡང་མིན་པར། རིགས་དང་རུས་པ། སྐད་དང་ཡི་གེ་སོགས་གཅིག་ཏུ་སྤྱོད་ཅིང་། གཞན་གྱིས་དབང་བསྒྱུར་བའི་སྡུལ་བསྔལ་འོག་ནས་མི་ལོ་ཉིས་བརྒྱ་ཙམ་ལ་ལས་དབང་གཅིག་ཏུ་གནས་པའི་སྤུན་ཟླ་རྒྱ་གར་བ་རང་ཉིད་ཀྱི་ཡུལ་མི་མ་དྷུ་རམ་གྡོ་སེ་ཐ①སྟེ། ནང་ཁུལ་གྱི་ལྟ་སྟངས་ཕྲན་བུས། རྒྱ་གར་མི་དམངས་ཡོངས་ལ་བཀའ་དྲིན་ཤིན་ཏུ་མཐོ་བའི་བསམ་བློའི་ཡབ་ཆེན་གང་ཉིད་རང་གི་རིགས་ཀྱིས་རྡོ་ལ་བརྡབས་སོང་།

 

དེ་བས། རྒྱ་གར་ལ་རང་བཙན་མ་ཐོབ་པའི་སྔར་གྱི་ཨིན་ཇིས་གསོད་བཅོམ་བྱས་པ་དང་། རྗེས་ཀྱི་རང་བཙན་ཐོབ་སྐབས་སུ་ཆོས་ལུགས(ཧིན་དྷུའི་ཆོས་ལུགས་དང་ཁ་ཆེའི་ཆོས་ལུགས)ལྟ་གྲུབ་ཐ་དད་པའི་འགལ་འཛོལ་གྱི་གཡོན་ལྷུང་འོག་ནས། ཁྲག་དྲི་བྲོ་བའི་ནང་འཁྲུགས་ཀྱི་ནང་གསོད་བྱས་པའི་ཤི་རྨས་ཀྱི་གྲངས་ཀ་དང་གདུག་རྩུབ་གཉིས་ཀ་བསྡུར་ཞིང་དཔྱད་ན། ཕལ་ཆེར་གྲངས་མཉམ་གྱི་ཚུལ་དུ་འགྲོ་ཞིང་། ཁོ་ཚོས་རང་གི་ནང་མི་སྤུན་ཟླ་དག་གི་མགོ་བོ་བཅད་པ་དང་ནུ་མ་བྲེགས་པ། ཆུང་མ་གཙབས་པ་དང་བྱིས་པ་བསད་པ་སོགས་འཇིགས་སུ་རུང་བའི་ནང་འཁྲུགས་ཀྱི་རྣམ་པ་དེར་བལྟས་པའི་མོད་ལ། སྔར་ཨིན་ཇིའི་དབང་བསྒྱུར་བ་དག་གིས་ནི་དགྲ་བོའི་ཚུལ་དང་མི་སེར་སྤེལ་བའི་ཚུལ། གཞན་གྱི་ཚུལ་དུ་དེ་ལྟ་དེ་ལྟར་ལོས་ཀྱང་བྱེད་སྙམ་པའི་སྣང་བ་ནི་སུ་ལ་མི་སྐྱེ།

 

དེ་བཞིན། ལོ་གྲངས་ཆིག་སྟོང་སུམ་བརྒྱ་ལྷག་གི་གོང་རོལ་གྱི་བོད་རྒྱལ་ཁབ་ཆེན་མོའི་ལོ་རྒྱུས་ཀྱི་བཤུལ་ལམ་དེར་ཞིབ་ཀྱིས་ཕྱིར་འཁོར་ན། དུས་སྐབས་གང་ཞིག་ཏུ་ཡ་གླིང་གི་ཡུལ་གྲུ་གང་སར་སྟོབས་ཀྱིས་གྲགས་མྱོང་བའི་རྒྱལ་ཁབ་གང་དེའི་སྲིད་སྐྱོང་གི་ཀ་བ་ཆེན་པོ་གཅིག་ནི་མགར་ཚང(600?-698)ཞེས་པའི་ནང་བློན་སྡེ་ཚང་ཞིག་གི་ཕ་བུ་ཚ་གསུམ་ལ་ཐུག་འདུག་ཅིང་།དཔའ་མཛངས་མཁས་གསུམ་གྱི་རུས་པ་ཁོག་ལ་ཟུག་པའི་ནང་བློན་དེ་ཚང་གིས་རང་གི་རྒྱལ་ཁབ་ཀྱི་ཆེད་དང་རང་གི་མི་དམངས་ཀྱི་ཆེད། རང་གི་བཙན་པོའི་རྗེ་བོ་དག་གི་ཆེད་དུ་ཕྱོགས་ཀྱི་སྟོབས་ཆེན་རྒྱལ་ཁབ་གཞན་གང་མང་ལ་བློ་ཡིས་འགྲན་པ་དང་སྟོབས་ཀྱིས་འགྲན་པ། དཔའ་ཡིས་འགྲན་པ་སོགས་སྐུ་སྲོག་བློས་གཏོང་གི་སྒོ་ནས་ཆབ་སྲིད་ཀྱི་འཐབ་རྩོད་རབ་ཏུ་མང་བོ་བསླངས་པའི་རྐྱེན་གྱིས། བོད་ཀྱི་ཡུལ་དབུས་མཐའ་གསུམ་གཅིག་སྡུད་དང་སྲིད་འབྱོར་རིགས་གསུམ་དར་སྤེལ་ལ་ནུས་ཤུགས་རྒྱ་ཆེར་བསྐྲུན་ཅིང་། རིགས་རུས་གཞན་དང་རྒྱལ་ཁབ་གཞན་གྱི་མངའ་ཐང་ལས་གོང་ལ་ལྡང་སྟེ། བོད་བཙན་པོའི་རྒྱལ་ཁབ་ཆེན་མོ་གང་ཉིད་སྐབས་དེ་ཤེད་འཛམ་གླིང་སྒང་གི་ཡར་ཐོན་གྱི་གྲས་སུ་བཞག་པ་རེད།

 

འོན་ཀྱང་། དེ་རྗེས་རང་ཅག་རྣམས་ཀྱིས་ལྷ་དང་འཕགས་པ། བྱང་སེམས་དང་སངས་རྒྱས་བཅས་སུ་མངའ་གསོལ་བའི་མེས་པོ་འདུས་སྲོང་མང་བོ་རྗེ(བོད་རྒྱལ་སོ་དྲུག་པ)དང་ཁོང་གི་ཡུམ་ཆེན་ཁྲི་མ་ལོད(འབྲོ་མོ་བཟའ་ཁྲི་ལོད)གཉིས་གཙོས་པའི་སྐབས་དེའི་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་བློན་འགའ་ཞིག་གིས། རང་གི་རྒྱལ་ཁབ་ཀྱི་སྲིད་སྐྱོང་དང་རྒྱལ་འབངས་ཀྱི་ལས་དོན་ཀུན་ལ་མཛད་རྗེས་གཞན་ལས་ཆེ་བའི་མགར་ཚང་གི་རྩ་བ་ཡལ་འདབ་དང་བཅས་པ་རྩད་ནས་བཅད་དེ། “བཙན་པོ་ལ་རྒྱབ་གཏོད་པའི”ཉེས་མིང་འོག སྤྱི་ལོ༦༩༥ལ་མགར་བུ་བཙན་ཉེན་གུང་རྟོན་སྲོག་ཁྲིམས་ཀྱི་ལས་སུ་སྦྱར་བ་དང་། ཁྲི་འབྲིང་བཙན་བྲོད་ལགས་རང་སྲོག་གཅོད་པའི་ལམ་དུ་བསྐྱལ་བའི་ཁར། དབུས་སུ་གནས་པའི་མགར་ཚང་གི་གཉེན་མི་ཉིས་སྟོང་ལྷག②དུས་གཅིག་ཏུ་ཕྱི་མར་བརྫངས་པ་སོགས།  རྒྱལ་བློན་ནང་འཁྲུགས་ཀྱི་ལས་འགུལ་སྐྱི་གཉའ་བ་བརྩམས།

 

དུས་དེ་ནས་བཟུང་། བོད་ཆེན་པོའི་གསེར་གྱི་ཀ་རྐང་དུ་གྱུར་པའི་མགར་ཚང་གི་མིང་དོན་ཤུལ་མེད་བཟོས་པ་དེས།བཙན་པོའི་རྒྱལ་རབས་ཉམས་རྒུད་ཀྱི་འགོ་བརྩམས་ཏེ། བོད་ཀྱི་ལོ་རྒྱུས་ཀྱི་སྲིད་སྟེགས་སུ་བསམ་པས་མི་དཔོག་པའི་ནང་འཁྲུགས་ཀྱི་གོམ་པ་དང་བོ་སྤོས་ཤིང་། ཉིན་རེ་བཞིན་རྒྱལ་ཁབ་ཀྱི་དབང་ཐང་དང་མངའ་སྡེ་དག་གི་རླུང་རྟ་མར་ལ་ལྷུང་སྟེ།རིམ་གྱིས་མཐའ་མཚམས་ཀྱི་རྒྱལ་ཕྲན་མཐའ་དག་གཞན་དུ་ཤོར་ཞིང་། ཐང་རྒྱལ་ཁབ་སོགས་ཀྱི་ཧམ་པ་དང་དམིགས་འདུན་ལེགས་ལམ་དུ་འགྲོ་བའི་སྟ་གོན་ལེགས་པོ་བསྐྲུན།

 

དེ་ལྟར་ཡང་། ཡིད་ཀྱིས་མི་བཟོད་པའི་མཛད་པ་དེ་འདྲ་སྐྱོང་མཁན་ནི་མི་རིགས་དང་རིག་གནས། གོམས་གཤིས་དང་འདུ་ཤེས་ཐ་དད་པའི་རྒྱལ་ཁབ་གཞན་མི་གང་གིས་ཀྱང་བཙན་འཛུལ་མིན་པར། བོད་རང་གི་རྒྱལ་བློན་དབང་ཆེན་འགར་ཐུག་འདུག་པས་ཐབས་ཇུས་ཡོངས་སུ་ཟད།

 

གོང་གི་ལོ་རྒྱུས་དུམ་ཚན་དེ་དང་མཚུངས་པར། གཞན་ཡང་རྗེ་དར་མ་འུ་དུམ་བཙན(801?-842)གྱིས་བོད་ཀྱི་རྒྱལ་སྲིད(བོད་རྒྱལ་ཞེ་གཉིས་པ)འཛིན་སྒང་དུ། ཁོང་གིས་ཆབ་སྲིད་གསར་བརྗེའི་ལས་ཐབས་མཐོ་རུ་ཕྱར་ནས། “བཙན་པོའི་སྐབས་སུ་དམག་གི་འགྲོ་གྲོན་ཆེ་བ་དང་འབངས་མི་མང་བོ་དམག་ཁྲལ་རྒྱུགས་དགོས་པར་བརྟེན། ····གཙུག་ལག་ཁང་རྣམས་དང་དེར་ཡོད་དགེ་འདུན་གྱི་འཚོ་རྟེན་རྒྱལ་བོའི་བླ་མཛོད་ནས་སྦྱར་བའི་རྒྱུན་བཅད། མཆོད་གཞིས་རྣམས་ཕྱིར་ཕྲོག(ཕྲོགས)བླ་འབངས་སམ་གཙུག་ལག་ཁང་གི་མི་སེར་རྣམས་གློད་དཀྲོལ(བཀྲོལ)བྱས།

 

མི་གཞོན་དམག་ཁྲལ་ལ་འགྲོ་དགོས་པའི་རྐྱེན་གྱིས་སྔོན་ཡོད་གྲྭ་བ་འགའ་ཤས་ཁྱིམ་དུ་ཕབ། སངས་རྒྱས་ཆོས་ལུགས་ཀྱི་གྲྭ་བའི་འཚོ་བ་གཞན་ལ་བརྟེན་པའི་ལམ་ལུགས་ལ་བཀག་འགོག་ཤུགས་ཆེར་བྱས”③པ་སོགས་ནི། གཞན་གྱི་དགའ་ཕྱོགས་སྲུང་འཛིན་གྱི་ཀུན་སྤྱོད་མིག་ལྟོས་ལམ་དུ་འཚམ་པ་ཞིག་མ་ངེས་ཀྱང་། སྲིད་པའི་འཇིག་རྟེན་གྱི་ལས་དོན་གཙོ་བོ་བྱེད་པའི་དུས་རབས་རྙིང་བའི་རྒྱལ་བོ་ཞིག་ལ་མཚོན་ན། དམག་སྲིད་རྒྱ་བསྐྱེད་དང་དཔལ་འབྱོར་གསོག་སྤེལ་ནི་རང་གི་ཚེ་སྲོག་ལས་ཀྱང་མཆོག་ཏུ་འཛིན་པས།    རྒྱལ་བོ་གང་གིས་རང་གི་རྒྱལ་ཁབ་ཀྱི་དམིགས་རྒྱང་ལ་མནོ་བསམ་གཏོང་བ་དང་། སྲིད་ཀྱི་གོ་སྟེགས་སྐབས་དེའི་རྒྱལ་ཁབ་གཞན་དང་མཉམ་གནས་བྱ་བ་ནི་ཤིན་ཏུ་གལ་གནད་ཆེ་ནའང་། ཁོང་གིས་གསར་བརྗེའི་ལས་དོན་གང་གི་འགོ་བརྩམས་ནས་དུས་ཡུན་རིང་ཙམ་མ་འགོར་བའི་ཉིན་ཞིག་སྟེ། སྤྱི་ལོ༨༤༢ལོར་རྒྱལ་ས་ལྷ་སའི་གནས་སུ་གློ་བུར་ངང་སྐུ་བཀྲོངས་ཤིང་། འདི་ལྟར། མདའ་ཕོ་གཅིག་གིས་རྒྱལ་ཁབ་ཅིག་ས་སྒང་སྟེང་ནས་ཡལ་བར་བཟོས་པའི་དུས་དེ་ནས། བོད་འབངས་ཡོངས་ཀྱི་ཉི་འོད་རྩད་ནས་བསྐམས་ཏེ་ཁྱིམ་ཚང་མེད་པའི་དྭ་ཕྲུག་ཅིག་དང་འདྲ་བར། ནམ་ཡང་གཞན་གྱི་བྲན་གཡོག་ཏུ་རྒྱུག་འདུར་གྱིས་འཚོ་དགོས་བྱུང་བ་རེད།

 

ནག་ཉེས་གནམ་འོག་ལ་མི་ཤོང་བའི་ལས་ངན་པ་བཟོ་མཁན་དེ་ཡང་གཞན་ཞིག་མིན་པར། སྲིད་ལམ་གྱི་བློ་སྦྱོང་དང་གསར་བརྗེ་ཡི་དོན་སྙིང་གང་ལའང་ཐུགས་སྣང་མཛད་མི་ཤེས་པའི། སྐབས་ཐོག་དེའི་བསམ་ཡས་དགོན་པའི་མཁན་རབས་དགུ་བ་དགེ་སློང་དཔལ་གྱི་རྡོ་རྗེ④ལགས་རེད། བཙུན་པ་དེས་ཆོས་ལུགས་ཀྱི་ཞེན་ལྟ་ཙམ་དང་མིག་མདུན་གྱི་འཚོ་ཟས་ཙམ་ལས། བོད་ཆེན་པོའི་མ་འོངས་པར་ཐུགས་བསམ་མ་བཞེས་པའི་དགེ་མཚན་གྱིས། རང་ཅག་ལ་དེ་རིང་གི་ཉིན་མོ་འདི་འདྲ་ཞིག་འཆར་བ་རེད་ལ། ཁོང་གིས་བསད་ཤེས་པ་ལས་འཇོག་མ་ཤེས་པ་དང་བརླགས་ཤེས་པ་ལས་བསྐྲུན་མ་ནུས་པའི་གནད་དེས། བོད་ཀྱི་སངས་རྒྱས་ཆོས་ལུགས་པའི་ཁྲོད་དུ་མི་གསོད་མཁན་གྱི་ཇག་པ་དང་བོ་ཆགས་སུ་བཅུག་པ་མ་ཟད། གྲྭ་གྲོང་བར་གྱི་འགལ་བ་དང་སྤུན་ཟླའི་ཁྲོད་དུ་ནང་དམེ་བྱེད་པའི་དབུ་འཁྱུད་ཀྱི་སྒོ་ཆེན་ཡང་སྔོན་དུ་ཕྱེས།

 

འདི་ལྟར། ལོ་རྒྱུས་ཀྱི་ཤོག་ལྷེ་ངོས་སུ་གསལ་བའི་ནག་ཉེས་ཀུན་ཀྱི་འབྱུང་རྐྱེན་ཡང་ཕར་འདེད་ན་ཕྱི་ཡི་ཁོར་ཡུག་དང་རང་ལས་གཞན་རྣམས་མ་འགྲིག་པ་མིན་པར། རང་དང་ཕ་ཡུལ་གཅིག་པ། རང་དང་རིགས་སྡེ་གཅིག་པ། རང་དང་རྒྱལ་ཁབ་གཅིག་པ་སོགས་ལ་ཐུག་འདུག་པས་མི་ཚད། རང་གི་གཉེན་མི་དང་སྤུན་མཆེད་དག་ལའང་འབྲེལ་ཡོད་པ་རེད།

 

གོང་གི་ལོ་རྒྱུས་ཚན་ཐུང་དེ་དག་ལ་བལྟས་རྗེས། ང་ཚོས་ད་དུང་མིའི་རིགས་ཀྱི་ནང་འཇོམས་གཞན་འགའ་ཡང་ཡིད་ལ་རང་ཤུགས་ཀྱིས་འཁོར་འོང་སྲིད་དེ། དེ་ཡང་གནའ་བོའི་རྒྱ་གར་འཕགས་པའི་ཡུལ་དུ་གྲགས་པ་གང་དེར། “ཟབ་ཅིང་རྡུལ་བྲལ་འོད་གསལ་འདུས་མ་བྱས་པའི་བདུད་རྩིའི་ཆོས”⑤ཀྱི་ལྟ་བར་བརྙེས་པའི་ཐུབ་པ་སངས་རྒྱས་གང་ལ། མི་འདོད་པའི་རྣམ་འགྱུར་དྲག་པོའི་སྒོ་ནས་ཞབས་མཐིལ་ལ་རྡོ་བས་གཞུ་མཁན་ནི། ཐུབ་པ་རང་གི་སྤུན་མཆེད་མཁས་པ་ལྷས་སྦྱིན་ལགས་ཡིན་སྐད། ང་ཚོའི་གཞུང་ལུགས་རྙིང་བའི་ཁྲོད་ད་ལྟའང་བསུབ་མེད་ཀྱི་བཤད་རྒྱུན་ལྷག་ཅིང་། ནུབ་ཕྱོགས་པའི་ཆོས་ལུགས་ཀྱི་གཞི་ཆེ་གྲས་སུ་གྱུར་ཅིང་། སྐྱབས་མགོན་གྱིས་མི་ཡུལ་དུ་འགྲོ་བའི་དོན་མཛད་པར་མངགས་སྐད་ཀྱི་ཡེ་ཤུའི་སྟོན་པ་ལགས་ཀྱང་བརྒྱང་ཤིང་གི་རྩེར་བསྐྱོན་དོན་གྱི་གནད་རྩ་ནི། རང་གི་ཡུལ་སྡེ་ཡ་ཧུ་དྰ་པའི་རྒྱལ་བོ་ཡིན་མིན་ཐད་འབྲེལ་ཡོད⑥པ་རེད།

 

དེ་དང་མཚུངས་པར་གནའ་རབས་ཀེ་རི་སེའི་མཚན་ཉིད་རིག་པ་བ་སོ་ཁུ་ར་ཐེ(Socrates, སྔོན་གྱི469—399)ལགས་ཀྱིས་ཀྱང་། དུག་གསོལ་ཏེ་འཆི་སར་སྐྱེལ་མཁན་ནི་རང་དང་ཤ་རུས་གཅིག་པའི་ཨ་ཐེན་སུ་པ་རྣམས⑦ཡིན་ཞིང་། བོད་ཀྱི་དགེ་འདུན་ཆོས་འཕེལ་དང་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གཙོས་པའི་གནའ་དེང་གི་སྐྱེས་བུ་གང་མང་ཞིག་བཙོན་འཇུག་དང་འཆི་ལམ་དུ་བརྫངས་མཁན་རྣམས་ཀྱང་། ཁོང་ཚོའི་ལྷག་བསམ་དག་པས་གཅེས་ཤིང་བསྐྱངས་པའི་རང་སྡེ་ཁོ་ན་ལས་གཞན་དུ་དཀྲི་ས་ཡེ་ནས་མེད།

 

ཡིན་ནའང་། ཁོང་ཚོའི་བདེན་པ་ལེགས་ལམ་དུ་འགྲོར་མི་འཇུག་མཁན་དང་། ཁོང་ཚོ་འགྲོ་བ་མིའི་རིགས་ཀྱི་ར་བ་ཆུང་ངུ་འདིར་གནས་མ་བཅུག་མཁན་དག་ནི། མཐར་གཏུག་ན་ཁོང་ཚོས་དུས་རྒྱུན་ཕན་རླབས་ཀྱིས་བསྐྱེད་པའི་རང་གི་གཉེན་དང་རིགས་ལས་གཞན་སུ་ཡང་མ་ཡིན་པས། ཤ་ལ་ཁྲག་ལན་དང་ངན་ལ་སྡིག་ལན། དགྲ་ལ་ཇག་ལན་གྱི་བྱེད་ཐབས་ནི་ཇི་ལྟར་བཀོལ་བར་བྱེད་དེ། མེས་པོ་འུ་དུམ་གྲོངས་ཁར་ལྷ་ལུང་པར“ཡང་མིན་ན་ལོ་གསུམ་གྱི་སྔོན་དང་ཡང་ན་ལོ་གསུམ་གྱི་གཞུག་ནས་ཁོ་བོ་བསད་ན་འགྲིག”⑧ཙམ་ལས་གང་ཡང་མ་ཐལ་ལ།  གན་དྷི་ལགས་ཀྱིས“ནད་སོགས་ཀྱིས་མ་ཡིན་པར་གྲོགས་བུ་སྤུན་ཞིག་གི་ལག་ཏུ་འཆི་དགོས་བྱུང་ན་ནི་བདག་ལ་ཁོང་ཁྲོ་བ་ལྟ་ཞོག བདག་གི་གཞན་དོན་གྱི་བསམ་པ་དེ་ནས་རྫོགས་པ་ཡིན”⑨ཞེས་བསྟན་ཞིང་།

 

དགེ་ཆོས་ལགས་ཀྱིས“ངས་དཀའ་ལས་ཏོག་ཙམ་བརྒྱབ་པ་དེ། ཡིན་རྒྱུ་བོད་ཀྱི་དོན་དུ་བྱས་པའི་ཁུལ་ཡིན་ཡང་། གང་ཡང་བྱུང་མ་སོང”⑩ཞེས། ཁོང་གི་སེམས་སུ་སྐྱོ་གདུང་གི་མཆི་མ་ཤག་ཤག་འགྲིལ་ལ། རང་གྲོལ་ལགས་འདའ་ཁར་ཡང“ངས་བསམ་གཞིག་ཞིབ་མོ་ཞིག་བཏང་བ་ན། རང་རིགས་འདི་སྔར་བཞིན་བླུན་རྨོངས་དང་རྗེས་ལུས་ཀྱི་ཀློང་དུ་འཁྱམས་ཤིང་། དེའི་དོན་དུ་ཁོ་བོས་ཀྱང་རྩོམ་ཡིག་ཁ་གྲངས་ལོངས་པ་ཞིག་བྲིས་ཏེ་ཁོ་པ་ཚོའི་གོ་རྟོགས་དེ་སད་ན་སྙམ་ཡང་། ཕམ་ཁ་ནི་རང་གིས་ཉོ་དགོས་བྱུང་རྐྱེན། ངས་རང་ཉིད་ཀྱི་ཉམ་ཆུང་བའི་ཚེ་སྲོག་བློས་བཏང་སྟེ་དུང་བརྡ་གསལ་བོ་ཞིག་བསྒྲགས་པ་ཡིན”⑾པའི་མཐའ་ཚིག་ སྐྱོ་ལྷིང་ངེ་བ་ཞིག་བརྒྱབ་པ་ལས་གཞན་མི་སྣང་ལ། ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་ཀྱང་། “དེང་མི་རིགས་ཉམས། རྒྱལ་ས་ཤོར། ནང་རུལ་མང་བས། མི་སེར་སྡུལ་བསྔལ་ཆེ། ད་ནི་ཤི་གསོན་དུས་ལ་བབ”⑿ཅེས། “ནང་རུལ”རྐྱེན་གྱིས“མི་སེར་སྡུག”ལ་སྦྱར་ཚུལ་གསལ་བོ་བཤད་པ་སོགས།

 

ཇི་ལྟར་ཡང་། རང་རང་གི་རིགས་སྡེ་དང་འགྲོ་བ་མིའི་རིགས་སྤྱི་ལ་བཀའ་དྲིན་གྱི་མཛད་པ་ཤིན་ཏུ་མཐོ་བའི་སྐྱེས་བུ་ཤེས་རབ་མངའ་བ་ཁོང་རྣམས་ཀྱིས། འདའ་ཁའི་དུས་སུ་ཡིད་ཕངས་པའི་ཉམས་དང་བློ་ཡུལ་ལས་འདས་པའི་ཚད་ཀྱིས་ཐབས་རྡུགས་འགྱོད་བཞག་གི་གསུང་བཤད་ཙམ་རེ་མཛད་ནས། རིམ་བཞིན་མི་མངོན་པའི་དབྱིངས་སུ་གཏན་དུ་རྫོགས་སོང་བ་རེད།དངོས་གནས་ལོ་རྒྱུས་ཁྲོད་བྱུང་བའི་རང་རེའི་སྐྱོ་གར་འདི་རྣམས་ཡིད་ལ་འཁོར་ན། སྔོན་གྱི་བགྲེས་པོ་ཞིག་གིས“བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ”⒀ཞེས་པ་ནི་ཅི་འདྲའི་བདེན་ཨང་།

 

གཞན་ཡང་དུས་རབས་སྔོན་མའི་ལོ་རབས་ལྔ་བཅུའི་ཁྲོད། དམར་དམག་འཁོར་དང་བཅས་པས་བོད་ལ་སྤེལ་བའི་ཡ་ང་བའི་གསོད་བཅོམ་འཕྲོག་གསུམ་གྱི་ལས་འགུལ་དེར་ཐེངས་གཅིག་བལྟས་པ་ན། གོང་གི་གནས་ཚུལ་བྱེ་བྲག་པ་དེ་དག་ལས་ཀྱང་འཇིགས་སུ་རུང་བ་སྣ་ཚོགས་བྱུང་མྱོང་ཡོད་དེ། དམར་དམག་ཚོགས་ཀྱིས་དབང་སྒྱུར་ལས་འགུལ་གྱི་འགོ་བརྩམས་ནས་རིང་བོར་མ་ལོན་པར། སྒེར་ཚུགས་སྲ་མོའི་རུས་པ་སྙིང་ལ་མི་གནས་པའི་བོད་མི་རང་གི་ཁྲོད་ཀྱང་རང་ཉིད་ལ་གནག་པའི་སྐྱེ་བོ་མང་དུ་བྱུང་བ་སྟེ། སློབ་བུས་རང་གི་བླ་མའི་མགོར་གཅིན་པ་བཏང་བ་དང་བུ་ཕྲུག་གིས་རང་གི་ཕ་མར་ངན་སྨས་བྱས་པ།སྤུན་མཆེད་ཀྱིས་རང་གི་གཉེན་མིར་འཐབ་འཛིང་བརྒྱབ་པ་དང་ཆུང་མས་རང་གི་གཟའ་ཟླ་ཁྲིམས་འོག་ཏུ་བསྡུས་པས་མཚོན།བསམ་པས་མི་ནུས་པའི་ནང་འཁྲུགས་ཀྱི་སྦྱོར་བ་དཔག་ཡས་ཤིང་། ཁྱིམ་མི་ནང་ཕན་ཚུན་དུ་དུག་བླུགས་པ་དང་ངན་བཙལ་བ། བཙོན་དུ་སྐྱེལ་ཐབས་བཅས་ཀྱི་ལས་བཙོག་རྣམས་ནི། སྐབས་དེའི་གནས་ཚུལ་དངོས་ལ་ཆ་འདྲེས་ཡོད་པ་ཞིག་མིན་ཚེ་རློམ་དཀའ་བའི་ཚད་དུ་སོང་།

 

གལ་སྲིད་ལོ་རབས་ལྔ་བཅུ་བའི་ལས་འགུལ་གྱི་ཉེས་སྐྱོན་གང་དེ་བརྒྱ་ཆ་གསུམ་ལ་བགོས་པའི་དབང་དུ་བཏང་ན། ནག་ཉེས་ཀྱི་བརྒྱ་ཆ་གཅིག་ནི་བོད་པ་རང་གི་མགོ་ཐོག་ཏུ་མི་དཀྲི་ཀ་མེད་ཡིན་ཞིང་། ཁོང་ཚོར་གཞན་གྱིས་བཙན་བཙུགས་པ་སོགས་ནི་ཀུན་ནས་ཡོད་ཀྱང་། གཙོ་ཤོས་སྐབས་དེའི་བོད་མི་མང་ཤས་ལ་རང་རྟོག་དང་རང་སྲུང་གི་འདུ་ཤེས་ཟབ་མོ་བྲལ་བའི་གནད་ཀར་ཐུག

 

དེ་བཞིན། ད་ལྟའི་རང་ཅག་ལ་བལྟས་ན་ཡང་། ནང་གསོད་དང་ནང་རྐུ། ནང་བཅོམ་དང་ནང་འཇོམས་ཀྱི་རིགས་ནི་སྤྱི་ཚོགས་ཀྱི་ཟུར་སྣེ་གང་སར་མཐོང་དུ་ཡོད་ལ། མི་རིགས་དང་ཤེས་རིག་གི་དར་ཆ་ཐོགས་ཏེ་ཁ་ཞེ་གཉིས་ཀ་ནས་ད་ལྟའི་གནད་དོན་ལ་སྨན་པའི་བྱ་གཞག་སྤེལ་མི་ཚོའི་ཉེ་མ་རིང་དུ། སྐད་ཆ་གཉིས་དང་མིག་ཟུང་གཉིས། ལྟ་སྤྱོད་གཉིས་གཙོས་མི་གཉིས་ཀྱི་སྐུ་རུ་སྤྲུལ་ཏེ། རིགས་གཅིག་སྤུན་ཟླ་གང་མང་བཙོན་འཇུག་གི་ལས་དང་རྡུང་རྡེག་གི་ལས་སུ་གཞོལ་མཁན་གྱི“ལྐོག་མྱུལ་བ”རེ་རེ་ནི། རང་དང་ཤ་རུས་ཀྱི་འབྲེལ་བ་གཅིག་གིས་བཅིངས་པའི་སྤུན་གྲོགས་བཟང་ཤོས་དག་ལས་གཞན་མིན་པས། སྣང་ཚུལ་འདི་ནི༡༩༣༠ལོའི་ཟླ༡༠པའི་ཚེས༢༧ཙམ་ལ་བྱུང་བའི་ཝུ་ཧྲི(雾社)དོན་རྐྱེན་སྐབས། འཇར་པན་དམག་གཞུང་ལ་གཅིག་ཏུ་རྒོལ་བའི་ཐེ་ཝན(Taiwan)གཉུག་གནས་སི་རྡེ་ཁུ(Sediq)མི་རིགས་ཀྱི་བླ་ན་མེད་པའི་རང་དབང་གི་སྙིང་སྟོབས་ངར་མ། མཐའ་མཇུག་ཕམ་པར་གྱུར་པའི་ཚོ་སྡེའི་ནང་འགལ་དྲག་པོའི་རྒྱུ་རྐྱེན་དང་ཅི་འདྲའི་ཉེ།

 

ང་ཚོས་དོན་རྐྱེན་འདི་ལྟའི་ཀློང་འདང་བརྒྱབ་ཚེ། འགྲོ་བ་མིའི་རིགས་ཀྱི་ནག་ཉེས་ཀུན་ཀྱི་རྩ་བ་དང་མ་རུངས་པ་ཐམས་ཅད་ཀྱི་འབྱུང་རྐྱེན་གཙོ་བོ་ནི། འགྲོ་བ་མིའི་རིགས་རང་ཉིད་མ་འགྲིག་པ་དང་རང་གིས་བཟོས་པ་ཁོ་ནར་ཐུག་ཅིང་། བྱེ་བྲག་མི་རིགས་རེ་རེ་དང་ཡུལ་སྡེ་རེ་རེ། ཁྱིམ་ཚང་རེ་རེ་འགལ་འཐོར་དུ་གྱུར་དང་འགྱུར་བ་རྣམས་ཀྱང་ཁོ་པ་རང་རང་གིས་བཟོས་པ་རྐྱང་རྐྱང་དུ་སོང་བས་ན། ཐེས་ལོར(Tylor,1861—1941)གྱིས། “ཕྱིའི་དགྲ་ནི་མི་རིགས་ཤིག་གམ་སྤྱི་ཚོགས་ཤིག་རང་ཤི་བརྒྱབ་སྟེ་ཕྱི་སྲོག་རང་གིས་བཅད་ཟིན་པའི་སྐབས་སུ། དེའི་དབུགས་ཀྱི་རྒྱུ་བ་མཐའ་མ་གཅོད་མཁན་ཁོ་ན་ཙམ”ཡིན་པར་བཤད་པ་དོན་ལ་གནས་ཤིང་། བསུན་ཀྲུང་ཧྲན(孙中山,1866—1925)གྱིས་ཀྱང་། “ཉེ་དུས་ནས་ཕྱི་རྒྱལ་གྱིས་རྒྱ་ནག་དུམ་བུར་བགོ་བ་ལ་སྐྱེས་བུ་དམ་པ་མང་བོ་སྐྲག་བཞིན་ཡོད་མོད། སྤུན་ཟླ་ངའི་ལྟ་ཚུལ་ལ་ཕྱི་རྒྱལ་གྱིས་རང་རེའི་རྒྱ་ནག་དུམ་བུར་བགོ་མི་ཐུབ།དོགས་དགོས་པ་ནི་རྒྱ་ནག་པ་རང་ཉིད་ཀྱིས་དུམ་བུར་བགོ་བ་དེ་ཡིན་ཞིང་། དེ་ལྟར་བྱུང་ཚེ་སྐྱོབ་ཐབས་བྲལ”ཞེས་བསྟན་པས།

 

ནང་གི་གནད་དོན་ནི་མིའི་རིགས་དང་མི་རིགས། ཡུལ་ཤོག་དང་ཁྱིམ་སྒེར་སོ་སོའི་ཀློང་དུ་ཆུ་བོ་བཞིན་བརྡོལ་བས་ན།ཤེས་རིག་རིང་ལུགས་ཀྱི་དྲང་སྐྱོང་གི་ལམ་ཁ་མ་རྙེད་པ་དང་གནས་ཚུལ་སོ་སོའི་རྒྱུ་འབྲས་ངོས་ཟིན་མ་ཐོབ་པ། འགྲོ་མིའི་ཁེ་དབང་གི་གོ་རྟོགས་མངོན་གྱིས་མ་སད་པ་སྟེ། གཞན་གྱི་སྐད་དུ་བཤད་ན“མི་བུའི་རྒྱུ་འབྲས་བློ་མིག”གི་སྲོག་ཤིང་མ་རྒྱས་པའི་གནད་ལ་ཐུག་ཅིང་། དེའང་མི་སྒེར་རེ་རེ་ཚུད་པའི་འགྲོ་མི་ཡོངས་ལ་རང་རྟོགས་བསམ་བློའི་བག་ཉལ་ཡར་སློང་མ་ནུས་པའི་གནད་དུ་ངེས།

 

དེ་བས། མིའི་རིགས་ཀྱི་ནང་འཁྲུག་གི་ལས་བཙོག་གང་ཉིད་མི་འོང་བར་ང་ཚོས་ཅིས་ཀྱང་འབད་འབུངས་བྱ་རིགས་ཤིང་།འདི་ཡི་སྐྱེ་རྒྱུན་གཅོད་པའི་ཐབས་ཇུས་ལ་ཕྱོགས་སྣ་གང་འཚམ་ནས་སྒྲིག་འཛུགས་བླ་ལྷག་བྱ་འོས་མོད། གཞི་རྩའི་གནད་དོན་ནི་ང་ཚོ་མི་སྒེར་རེ་རེར་འདྲ་མཉམ་དང་རང་ཐོབ། དྲང་བཞག་གི་ཀུན་ཁྱབ་ལྟ་གྲུབ་ཡང་དག་གནས་མ་ཐུབ་པའི་ལས་སུ་བདོག་པས། ཡོངས་ཀྱི་གཞི་རྩར་ནང་གི་བློ་དཔྱོད་ཀྱི་རྟོགས་པ་སྤྱད་དེ་འདྲ་མཉམ་དང་རང་ཐོབ་ཀྱི་བཙན་སར་བསྙེག་པ་ནི་གནད་དུ་ཆེ་ལ། ཤེས་ལྡན་ཁ་ཅིག་གིས་ནང་གི་རང་དབང་མ་འཐོབ་ན་ཕྱིའི་རང་དབང་ཐོབ་ཀྱང་དགོས་པ་ཆུང་བར་འདོད་པ་གནད་འདི་ཙམ་ལ་དམིགས་པ་ལོས་ཡིན།

 

རྒྱུ་དེས། མིག་སྔར་མདུན་དུ་བཤམས་པའི་རིགས་ཀྱི་ལས་དོན་གཙོ་བོ་ནི། ནང་གི་བསམ་བློའི་རང་ལམ་ལ་འབད་པ་ཁོ་ན་ལས་གཞན་མེད་ཕྱིར། བོད་པ་མང་ཆེ་བས་རང་སྟེང་ནས་འདྲ་མཉམ་གྱི་རྟོགས་པ་དང་རང་ཐོབ་ཀྱི་རྟོགས་པ། ཡོངས་ཁྱབ་ཀྱི་རྟོགས་པ་གང་ཉིད་ཡོངས་སུ་མ་རྙེད་པ་དེ་སྲིད། མི་རིགས་ཡར་རྒྱས་ཀྱི་རེ་བ་ཕྲ་ཙམ་གདའ་ལ། ལྟ་བ་གསར་རྙིང་དང་གྲུབ་མཐའ་ཐ་དད། ལྷ་སྲུང་མཆོད་ཕྱོགས་དང་ཆོལ་སྡེ་སོ་སོ་བཅས་ཀྱི་འགལ་རྒྱ་ཐོགས་ནས། ཤེས་རིག་དང་མི་རིགས་ཀྱི་གནད་དོན་མཐའ་དག་མི་སྒེར་གྱི་ཕན་གནོད་དུ་ལྟ་དང་བལྟས་པས། ནང་གི་དཀའ་རྙོག་གི་དུག་རྒྱུན་རུལ་བ་མཐའ་དག་རྩ་མེད་མ་བཟོས་པར་སྐྱིད་ཀྱི་ཉི་འོད་གསར་བ་ཞིག་འཆར་བ་ནི་སྟོང་བསམ་གྱི་དབྱིངས་ཁོ་ནར་ཟད།

 

བསླུ་བ་མེད་པའི་ཆོས་ཉིད་གང་གིས། རང་དབང་དང་འདྲ་མཉམ་གྱི་གོང་ཐང་འཚོལ་བ་ལ་བར་དུ་གཅོད་པའི་ནང་གི་སྒེར་གཅོད་ཚོགས་ལ་ཅིས་ཀྱང་ངོ་རྒོལ་དང་གྱེན་ལོག་བྱ་འོས་ཤིང་། མན་དྷི་ལའི(Mandela)སྐད་ལྟར།   ང་ཚོས“རིགས་རྒྱུད་དཀར་པོའི་དབང་སྒྱུར་ལ་ངོ་རྒོལ་བྱེད་པའི་ཆེད་དུ་འཐབ་རྩོད་བྱེད་ཀྱི་ཡོད་ལ། མི་རྒྱུད་ནག་པོའི་དབང་བསྒྱུར་ལ་ངོ་རྒོལ་བྱེད་པའི་ཆེད་ཀྱང་འཐབ་རྩོད་བྱེད་ཀྱི་ཡོད”ན། ཕྱི་ནང་གང་གི་དབང་སྒྱུར་དང་ནག་ཉེས་ཀྱང་མ་རུངས་པ་ཡིན་པ་གཅིག་ཏུ་འཁུམས་ལ།

 

ཁྱད་པར་ནང་གི་སྒེར་གཅོད་དང་ཉེས་འདོགས། རྩིས་མེད་རྣམས་ནི་གཞན་གང་ལས་ཀྱང་ཐུ་བས། བདག་ནི་རིགས་དང་ཁོར་ཡུག ལམ་དང་རྡོག་པ་ཐ་དད་པའི་ཡུལ་ཚོགས་གཞན་གྱི་རྔམ་པ་ལ་ཁྱོན་ནས་མི་འཇིགས་པར། ཐ་སྙད་ཀྱི་གྲངས་དང་དབང་ཆའི་མིང་ཙམ་མངའ་མིན་གྱི་རང་སྡེའི་ནང་མི་སྤུན་ཟླ་རྣམས་ཀྱིས། ནང་འཁྲུག་གི་གཡོ་འཕྲུལ་སྣ་མང་སློང་བ་དེར་ཤིན་ཏུ་སྐྲག་ཅིང་དོགས་པའོ། །

 

 

09.06.2011ལ་བྲིས།
24.01.2012ལ་བཅོས།

[ཟུར་མཆན།]

①གཅིག  «བདག་ཉིད་ཆེན་པོ་གན་དྷིའི་རྟོགས་བརྗོད་སྐྱེ་དགུའི་སྙིང་ནོར»གློག་རྡུལ་དེབ།
གཉིས། Richard Attenborough's Film: Gandhi (1982) གློག་བརྙན།
② «བློན་ཆེན་པོ་མགར་སྟོང་བཙན་དང་ཁོང་གི་གདུང་རྒྱུད་ལ་དཔྱད་པ» ཤོག་ངོས༢༤༩བ། 
③ «མདའ་དང་འཕང»(སྟོད་ཆ) ཤོག་ངོས༡༠བ། 
④ «ཏུན་ཧོང་ཡིག་རྙིང» ལ་ཝ་ལེ་པུ་སན། 1962,no.689/2  
⑤ «མདོ་རྒྱ་ཆེར་རོལ་བ» བམ་པོ་བཅུ་དྲུག་པ།
⑥ «བདག་ཅག་གི་སྐྱབས་མགོན་ཡེ་ཤུ་མ་ཤི་ཀའི་རྣམ་ཐར» ལེ་ཚན༨༣པ།
⑦ «འཛམ་གླིང་གི་ལོ་རྒྱུས་ཤེས་བྱ—མཚན་ཉིད་རིག་པ་བ་གྲགས་ཅན་གྱི་སྐོར»
⑧ «ཆོས་འབྱུང་མཁས་པའི་དགའ་སྟོན» དཔའ་བོ་གཙུག་ལག་ཕྲེང་བས་མཛད། ཤོག་ངོས༢༢༤བ།
⑨ཚིག་འདིའི་ནང་དོན་དངོས«བདག་ཉིད་ཆེན་པོ་འགན་དྷིའི་རྟོགས་བརྗོད་སྐྱེ་དགུའི་སྙིང་ནོར» གློག་རྡུལ་དེབ། གྲངས་ངོས༢༡པ།
⑩ «དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས» རཀ་ར་བཀྲས་མཐོང་གིས་བྲིས།
⑾ «རང་གྲོལ་ཞིབ་འཇུག» (དེབ་ཕྲེང་གཉིས་པ) ཤོག་ངོས༤པ།
⑿ «བོད་མི་གསར་བརྗེ་བ་ཞིག» ཤོག་ངོས༡༣༦པ།
⒀ «པདྨ་བཀའ་ཐང» ཨོ་རྒྱན་གླིང་བས་མཛད། ཤོག་ངོས༥༦༧པ།
0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།