བསྟན་འཛིན་སྒང་གི་དོན་རྐྱེན་དང་སྐྱེས་མ་རིག་འཛིན་གྱི་ཐོབ་ཐང་།

219

རྩོམ་པ་པོ།   ར་རྫ་འཇམ་དབྱངས་སྐྱིད།

 

ཤེས་རིག་མ་དར་གོང་གི་གདོད་མའི་སྤྱི་ཚོགས་སུ། བུད་མེད་ཀྱིས་ལོག་གཡེམ་བྱས་པ་ཡིན་ན། སྲོག་གཅོད་པ་དང་སྐྲ་ལོ་འབྲེག་པ། སྣ་དང་རྣ་བ་གཅོད་པ་སོགས་ཀྱི་ཁྲིམས་སྲོལ་ཡོད་པ་རེད། ཡོ་རོབ་ཀྱི་རྒྱལ་ཁབ་ཁ་ཤས་སུ་བུ་མོ་ཞིག་གིས་འགྲོགས་བཟང་བཙལ་བ་ཡིན་ན། ཁྱོ་ག་དང་རང་གི་ཕ་དང་ཕུ་ནུ་གང་རུང་གིས་བུ་མོ་དེ་བསད་ཀྱང་ཁྲིམས་འགལ་མིན་པ་རེད། གནའ་སྔ་མོར་དབྱིན་ཇི་རུ་ཁྱོ་ག་དམག་ལ་འགྲོ་སྐབས་ཆུང་མའི་གསང་གནས་ལ་ལྕགས་ཟྭ་རྒྱག་པའི་སྲོལ་དར་མྱོང་ཞིང་། ཨ་ཧྥེ་རི་ཁ་ནས་ད་ལྟར་ཡང་བུ་མོ་ཚོའི་བྱ་ལེ་གཅོད་འབྲེག་བྱེད་པའི་རྙིང་སྲོལ་དེ་མཇུག་སྒྲིལ་མེད། བུད་མེད་ལ་སྲོལ་དང་ཁྲིམས་དང་སྒྲིག་འཛུགས་མཁན་ནི་སྐྱེས་པ་ཚོ་ཡིན་པས་ན། ཁོ་ཚོ་རང་ཉིད་ཀྱིས་རང་སྣང་གང་ཤར་དུ་ཁྱོ་མོ་དང་ཟུར་མོ་མང་པོ་བསྟེན་ཆོག་གི་ཡོད་པར་མ་ཟད། བུད་མེད་ལ་གང་འདོད་དུ་ལོག་གཡེམ་དང་ཐ་ན་བཙན་གཡེམ་བྱས་ཀྱང་ཉེས་ཆད་ཕོག་གི་མེད་པ་མི་ཉུང་བ་རེད། དེ་དག་ནི་དམུ་རྒོད་སྤྱི་ཚོགས་གང་གི་མཚོན་རྟགས་རེད་ལ། མིའི་རིགས་ཀྱི་ངོ་གནོང་དགོས་པའི་ལོ་རྒྱུས་ནག་པོ་ཞིག་ཀྱང་ཅི་ལ་མིན། སྔོན་ཐོན་རྒྱལ་ཁབ་དག་ལ་མཚོན་ན། དོན་དེ་རིགས་ནི་འདས་ཟིན་པའི་ལོ་རྒྱུས་རལ་བོ་ཞིག་རེད་འདུག།

 

ཡིན་ཡང་། ང་ཚོ་གངས་ཅན་བུད་མེད་ཚོར་མཚོན་ན། དོན་དག་དེ་རིགས་ད་ལྟ་བའི་དུས་སུ་ཡང་འབྱུང་གིན་པ་སྐྱེས་མ་རིག་འཛིན་ལ་བྱུང་བའི་གནས་ཚུལ་དེས་གསལ་ར་སྤྲད་འདུག དེ་ཡང་། 2011ལོའི་སྤྱི་ཟླ7པའི་ཚེས16ཉིན། ཨ་རུ་ན་ཅལ་མངའ་སྡེའི་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་སུ། མོ་ལོ30ཅན་གྱི་སྐྱེས་མ་རིག་འཛིན་སྐྱེས་པ་ཞིག་དང་ལུས་འབྲེལ་བྱུང་བར་རྐྱེན་བྱས། ཁོ་མོའི་མགོ་སྐྲ་བཅད་པ་དང་། སྣ་ལ་ཇེམ་ཙེ་བརྒྱབ་པ། ལུས་ཧྲིལ་པོ་དམར་ཧྲེང་ལ་ཕུད་དེ་གཞིས་གྲོང་གི་མི་ཚོགས་འཛོམས་སའི་ཁྲོམ་སྲང་དུ་བཙན་ཁྲིད་ཀྱིས་མི་སྤྱོད་ལས་འདས་པའི་བརྡབ་མནར་བཏང་བའི་དོན་རྐྱེན་སྡུག་པོ་ཞིག་བྱུང་བ་རེད། དེ་ནི་ཀླ་ཀློའི་སྤྱོད་པ་ཞེ་ཅིག་རེད། རང་དབང་འདྲ་མཉམ་ལྡན་པའི་རྒྱ་གར་གྱི་ལུང་པར་བོད་པ་ཚོས་སྦྱོར་བ་མ་རུང་བ་དེ་འདྲ་རྩོམ་པ་མཐོང་དུས། འུ་ཅག་གི་བསམ་བློའི་གནས་ཚོད་ག་ཚད་ན་ལུས་འདུག་པ་ཧ་གོ་མི་ཡོང་ངམ།།

 

ཨི་རན་ནས་དོན་དག་ངོ་མ་ཞིག་བརྗོད་བྱར་བྱས་པའི་གློག་བརྙན<<རྡོ་རུབ་ཀྱིས་བསད་པའི་སོ་ལ་ཡ>>ཞེས་པ་ཞིག་ཐོན་འདུག དེ་ལས། མི་རིགས་གང་དེའི་བུད་མེད་ཀྱི་ཡ་ང་ཞིང་ཡིད་སྐྱོ་བའི་གནས་སྟངས་གསལ་བོར་བསྟན་ཡོད་པ་རེད། ཀུན་གྱིས་ཀླ་ཀློ་དམུ་རྒོད་ཅེས་གཤེ་གཤེ་གཏོང་བའི་མི་རིགས་དེ་ནི། ཏག་ཏག་སྒེར་གཅོད་ཀྱི་རྒྱལ་ཁབ་ཅིག་རེད་ལ། ཕོ་དབང་ཤ་སྟག་གིས་དབང་འཛིན་པའི་སྤྱི་ཚོགས་ཤིག་ཀྱང་ཡིན་པ་རེད། དམུ་རྒོད་སྤྱི་ཚོགས་དེར་འཚོ་བའི་བུད་མེད་ལ་རྔ་མོང་ཞིག་གི་རིན་གོང་ཡང་ཡོད་པ་མ་རེད།།

 

ཀླ་ཀློའི་གཏན་ཚིགས་སུས་ཀྱང་བཟློག་དཀའ་བས་ན་དེ་མུར་འཇོག་པ་ལས་འོས་མེད། འོན་ཀྱང་སེམས་ཅན་ཐམས་ཅད་མ་རུ་ལྟ་བའི་བོད་སྤྱི་ཚོགས་སུ་དོན་དེ་རིགས་བྱུང་དང་འབྱུང་གིན་པའང་བསྟན་འཛིན་སྒང་གི་དོན་རྐྱེན་ཙམ་གྱིས་ག་ལ་ཚད་དེ། དེ་ཡང་། ལོ་དུ་མའི་སྔོན་ཞིག་ཏུ་མགོ་ལོག་རྨ་ཆེན་དུ་བུད་མེད་ཅིག་གིས་འགྲོགས་བཟང་བཙལ་བ་ཁྱོ་གས་ཤེས་རྗེས། ཁོས་རང་གི་ཆུང་མའི་རྣ་བ་ཡ་གཅིག་བཙན་གྱིས་གྲི་ཡིས་བྲེགས་ཏེ་ས་ལ་འཕངས། འགོར་འགྱངས་བྱས་པའི་རྐྱེན་ནམ། གང་ལྟར་སྨན་ཁང་དུ་འབྱོར་རྗེས་བཅད་པའི་རྣ་བ་དེ་བཙེམ་མཐུད་བྱེད་ཐུབ་མེད་པ་རེད། ཁོ་མོས་འགྲོགས་བཟང་བཙལ་བའི་རིན་དོད་དུ་རྣ་བ་ཡ་གཅིག་ཤོར་བས་མི་ཚད། གནས་ཡུལ་ནས་འདུག་མ་བཅུག་པར་ཁྱོ་གས་བཙན་ཤེད་ཀྱིས་ཁོ་མོ་ཕྱིར་རང་ཡུལ་དུ་སྤྱུགས་པ་རེད། ཐོས་ཚུལ་ཡིན་ན། མོས་རྟག་པར་སྐྲ་ལོ་ཐུར་དུ་དཔྱངས་ནས་རྣ་ཤུལ་གྱི་ནག་ཁུང་དེ་འགེབས་ཅི་ཐུབ་བྱེད་ཀྱི་འདུག་ཟེར། དེ་ལྟར་གཞི་རིམ་མཐའ་འཁོབ་ཀྱི་བུད་མེད་ལ་མནར་གཅོད་གཏོང་བ་ནི། བོད་ནང་ལ་མཚོན་ན། ཧ་ཅང་རྒྱུན་ལྡན་ཆགས་ནས་ཐ་ན་གསར་འགྱུར་ཞིག་གི་རིན་ཐང་ཙམ་ཡང་མེད་ས་རེད། བོད་ཀྱི་ལོ་རྒྱུས་ཡིག་ཚང་ཞིག་ཏུ། བུད་མེད་ཀྱིས་ལོག་གཡེམ་བྱས་ན་རྣ་དང་སྐྲ་ལོ་འབྲེག་ཆོག་པ་ཁྲིམས་སུ་གཏན་ལ་ཕབ་ཡོད་ཅེས་པ་ཞིག་ཀྱང་བདག་གིས་མཐོང་མྱོང་། དེ་བས། ད་ལྟར་བུད་མེད་ལ་མནར་གཅོད་གཏོང་བ་འདི་ཡང་ལོ་རྒྱུས་ཀྱི་སྲོལ་རོ་དེའི་རྒྱུན་ཡིན་པ་ཐག་ཆོད་རེད།།

 

ད་རེས་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་སུ་བྱུང་བའི་དོན་རྐྱེན་དེ་གསར་ལམ་དུ་ཐོན་པར་ཟུར་གཅིག་ནས་བལྟས་ན་དགའ་འོས་པ་ཞིག་རེད་ཅེས་བཤད་ཆོག་སྟེ། གང་གིས་ཞེ་ན། འུ་ཚོས་དེ་དོན་དག་ཅིག་ཏུ་བཟུང་ནས་སྣང་འཇོག་དོ་ཁུར་བྱེད་པས་རེད། སྤྱིར་ན་ཕོ་མོ་འགབ་མཐུན་སོགས་ཀྱི་དོན་དག་ལ། ཀུན་སྤྱོད་ཀྱི་རྣམ་གཞག་གིས་བཤུང་ན་འགྲིག་པ་མ་གཏོགས། དབང་པོ་རྣམ་ལྔ་ཚང་བའི་བདེ་ཐང་གི་མི་ཞིག་དབང་པོ་སྐྱོན་ཅན་དུ་བཏང་བ་ནི་ཁྲིམས་འགལ་གྱིས་མིའི་ལུས་ལ་གནོད་འཚེ་བཟོས་པ་རེད་ལ། གྱོན་ཆས་བཙན་བཤུ་བྱས་ནས་དམར་ཧྲེང་དུ་ཁྲོམ་ལ་ཁྲིད་པ་ནི་ཁྲིམས་འགལ་གྱིས་མིའི་སེམས་ལ་གནོད་འཚེ་བཏང་བ་འབའ་ཞིག་ཡིན་པས། བྱེད་གཏེ་བདུན་པོ་ནི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བའི་དོགས་གཞི་ཅན་ཡིན་ཁོ་ཐག་རེད། གནས་ལུགས་དེ་ལྟར་ཡིན་པས་ན། ཐོག་མར་མིའི་ཐོབ་ཐང་ལ་ཁྲིམས་འགལ་གྱིས་རྡོག་རོལ་གཏོང་མཁན་དེ་ཚོ་ཁྲིམས་གཏུགས་ཀྱིས་ཁོ་ཚོས་སྐྱེས་མ་རིག་འཛིན་གྱི་ལུས་སེམས་ལ་བཟོས་པའི་སྡུག་བསྔལ་ལ་ཁྲིམས་གཅོད་གུན་གསབ་བྱེད་དུ་བཅུག་པའི་རྗེས་ཐོགས་སུ། ད་གཟོད་རིག་འཛིན་དང་སྐྱེས་པ་དེའི་བར་བྱུང་བའི་ཚུལ་མིན་ལོག་གཡེམ་གྱི་དོན་དག་དེ་རྩད་གཅོད་ཞིབ་གསལ་དང་ཐག་གཅོད་དྲང་སྙོམས་བྱས་ན་འགྲིག་པ་རེད།།

 

དེ་ལྟ་མ་ཡིན་པར་དོགས་གཞི་ཉེས་ཅན་བདུན་པོ་རྒྱ་ཡན་དུ་བསྐྱུར་པ་ཡིན་ན་ནི། བོད་མིའི་སྤྱི་ཚོགས་སུ་ཕོ་མོ་འདྲ་མཉམ་ཡིན་ཟེར་བ་སྐྱག་རྫུན་དུ་འགྲོ་ཉེན་ཆེ་བར་མ་ཟད། སྐྱེས་པ་དང་བུད་མེད་སུའི་ཐོབ་ཐང་ལའང་འགན་སྲུང་མེད་པ་ཆགས་ངེས་པ་དང་། གལ་སྲིད་དོན་དག་དེ་འགྲོ་མིའི་ཐོབ་ཐང་གཞི་རྩར་བཞག་ནས་ཐག་གཅོད་དྲང་སྙོམས་ཤིག་མ་ཐུབ་ཚེ། དམངས་གཙོ་འདྲ་མཉམ་གྱི་གེགས་སུ་འགྲོ་བའི་དོན་རྐྱེན་དེ་རིགས་ཆུ་ངན་ལམ་ཞུགས་ཀྱིས་མང་ནས་མང་དུ་བདོ་ངེས་རེད། དེས་ཀྱང་ག་ལ་ཚད་དེ། འཇིག་རྟེན་འདི་རུ་མི་གཅིག་ལ་ཐོབ་ཐང་མེད་དུས། མི་ཐམས་ཅད་ཀྱི་ཐོབ་ཐང་ལ་འགན་སྲུང་མེད་པ་དང་། མི་སྟོབས་ཆེན་དག་དཔུང་བསྡོངས་ནས་མི་གཉོམ་ཆུང་རྣམས་ཀྱི་ཐོབ་ཐང་ལ་རྡོག་རོལ་གཏང་ཆོག་ན། མི་རིགས་སྟོབས་ཆེན་དག་གིས་མི་རིགས་གཉོམ་ཆུང་ལ་ཐུབ་ཚོད་མི་ཆོག་པའི་གནས་ལུགས་ཇི་ལྟར་རྩོད། གནད་འགག་དེ་ལ་ཐུག་ཡོད་པས་ན། ངེད་ཅག་ཕོ་མོ་རིས་མེད་ཀྱིས་དོན་འདིར་དོ་ཁུར་དང་། འབྲེལ་ཡོད་ལས་སྣེར་གནོན་ཤུགས་སྤྲོད་པའི་དགོས་གལ་ཤིན་ཏུ་ཆེའོ།།2011/08/09ལ་བྲིས་ཤིང་སྤྱི་ཟླ9པའི་ཚེས28ལ་བཅོས།

 

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།