རྗེ་ཙོང་ཁ་པའི་རྣམ་ཐར་ལས་ཚད་མ་རིག་པའི་སྐོར་གྱི་མཛད་པ་ཟུར་དུ་གླེང་བ།__བྱ་ཉ་བློ་བཟང་ཚུལ་ཁྲིམས།

2219


[ནང་དོན་གནད་བསྡུས།]  

རྗེ་ཙོང་ཁ་པས་དགུང་ལོ་ཉེར་གཉིས་ཙམ་ནས་མགོ་བཟུང་སྟེ་རྗེ་རེད་མདའ་བ་དང་བླ་མ་ལོ་ཙཱ་བ་དོན་བཟང་གཉིས་ལས་ཚད་མའི་སྐོར་གསན་ཅིང་། རྔོག་ལུགས་ཀྱི་རིགས་ལམ་གཞིར་བཟུང་སྐབས་དེར་དར་ཆེ་བའི་ས་ལུགས་ཀྱི་བཞེད་པ་དགག་སྒྲུབ་ཀྱིས་བླང་དོར་མཛད་དེ། གཞུང་དོན་ལམ་གྱི་རིམ་པར་བསྒྲིགས་པ་སོགས་ཀྱིས་རང་གི་ལུགས་ཀྱི་ཐུན་མོང་མིན་པའི་ཚད་མའི་བཤད་སྲོལ་དར་བར་བྱས། «ཚད་མ་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ»་དང་། «ཚད་མའི་ལམ་ཁྲིད»་མཛད་ཅིང་། སྔ་ཕྱིར་སྡེ་སྣོད་འཛིན་པ་དག་ལ་ཚད་མའི་གཞུང་ཁྲིད་དང་དཀའ་གནད་ཀྱི་བཤད་པ་ལན་དུ་མར་གནང་། ཁོང་གི་དངོས་སློབ་རྒྱལ་ཚབ་ཆོས་རྗེས་ད་ཡོད་ཚད་མའི་བསྟན་བཅོས་བཅུ་གཅིག་བརྩམས་ཤིང་། མཁས་གྲུབ་རྗེས་བསྟན་བཅོས་ལྔ་དང་། དགེ་འདུན་གྲུབ་ཀྱིས་གཉིས་བཅས་བརྩམས། དེ་དག་ལས་བརྒྱུད་དེ་བོད་ཡུལ་སྟོད་སྨད་སོགས་སུ་དགེ་ལུགས་པའི་ཚད་མའི་འཆད་ཉན་གྱི་སྲོལ་རྒྱ་ཆེར་དར་ཏེ། བོད་ཀྱི་ཚད་མའི་ལོ་རྒྱུས་དེ་འཕེལ་རིམ་གསར་པ་ཞིག་ཏུ་སླེབས་པར་བྱས།


[གནད་ཚིག]  རྗེ་ཙོང་ཁ་པ། རེད་མདའ་བ། ཚད་མ། ལམ་གྱི་རིམ་པ།

འདིར་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་སྤེལ་བ་ལ་བཀའ་དྲིན་གཞལ་མཐའ་དང་བྲལ་བ་བདག་ཉིད་ཆེན་པོ་ཆོས་ཀྱི་རྗེ་ཙོང་ཁ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་ནས་ལོ་འཁོར་དྲུག་བརྒྱ་ལོན་པའི་རྗེས་དྲན་དང་འབྲེལ་རྗེའི་མཛད་པ་རྒྱ་མཚོ་ལྟ་བུ་ལས་ཚད་མའི་སྐོར་གྱི་མཛད་པ་རགས་བསྡུས་ཤིག་རྗེ་ཙོང་ཁ་པའི་དུས་ཀྱི་ཚད་མའི་འཆད་ཉན་གྱི་གནས་ཚུལ་དང་།རྗེ་ཙོང་ཁ་པས་ཚད་མ་ལ་སློབ་སྦྱོང་དང་འཆད་ཉན་ཇི་ལྟར་གནང་བ། རྗེ་ཙོང་ཁ་པ་དང་ཁོང་གི་བུ་སློབ་གཙོ་བོ་དག་གིས་མཛད་པའི་ཚད་མའི་བསྟན་བཅོས། རྗེའི་རྗེས་འབྲངས་དང་བཅས་པའི་ཚད་མའི་དམིགས་བསལ་གྱི་བཞེད་ཚུལ། དེ་དག་གིས་བོད་ཀྱི་ཚད་མ་རིག་པའི་འཕེལ་རྒྱས་ལ་ནུས་པ་ཇི་ལྟར་ཐོན་པ་བཅས་ས་བཅད་ལྔའི་སྒོ་ནས་འབྲི་བར་བྱའོ། །

གཅིག རྗེ་ཙོང་ཁ་པའི་དུས་ཀྱི་ཚད་མའི་འཆད་ཉན་གྱི་གནས་ཚུལ།

  རྗེ་ཙོང་ཁ་པས་ཚད་མའི་མཛད་པ་སྐྱོང་བའི་དུས་ནི་རྔོག་ལོ་སྤྱི་ལོ་(1092)་ལོར་བོད་དུ་ཚུར་ཕེབས་ཏེ་གསང་ཕུར་ཚད་མའི་འཆད་ཉན་བཏོད་ནས་ལོ་སུམ་བརྒྱ་མ་ཟིན་ཙམ་དང་ས་པཎ་གྱིས་དགུང་ལོ་སོ་བརྒྱད་པ་སྤྱི་ལོ་(1220)་ལོར་«ཚད་མ་རིགས་གཏེར»་མཛད་ནས་ལོ་བརྒྱ་དང་དྲུག་ཅུ་ཙམ་གྱི་ནང་དུ་ཁེལ་ཡོད། སྐབས་དེར་འུ་ཡུག་པ་རིགས་པའི་སེང་གེ་དང་། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་སོགས་ཀྱིས་«རིགས་གཏེར»་གྱི་འགྲེལ་པ་མཛད་ཡོད་ཅིང་། བཅོམ་ལྡན་རལ་གྲི་དང་། དཔང་བློ་གྲོས་བརྟན་པ་དང་། ཀུན་མཁྱེན་བུ་སྟོན་སོགས་དང་། རྗེའི་བླ་མའི་གྲས་ཉ་དབོན་ཀུན་དགའ་དཔལ་དང་། རེད་མདའ་བ་གཞོན་ནུ་བློ་གྲོས་སོགས་དང་། ཁོང་དང་དུས་ཐོག་རགས་པ་མཉམ་པའི་གསང་ཕུའི་མཁས་པ་གཡག་རོང་གཉིས་སོགས་བཀའ་གདམས་དང་ས་ལུགས་ཀྱི་ཚད་མ་ལ་སྦྱངས་པའི་མཁས་པ་མང་པོ་བྱུང་དང་འབྱུང་བཞིན་པའི་དུས་ཡིན།

སྤྱིར་བོད་དུ་བསྟན་པ་ཕྱི་དར་གྱི་སྐབས་སུ་མངའ་རིས་སུ་ལོ་ཆེན་རིན་བཟང་གི་སློབ་མ་རྨ་དགེ་བློས་«རྣམ་འགྲེལ»་དང་། དེའི་«རང་འགྲེལ།» «ལྷ་དབང་བློའི་འགྲེལ་པ།» «ཤཱཀྱ་བློའི་འགྲེལ་བཤད།» «རྩོད་པའི་རིགས་པ»་བཅས་ཚད་མའི་གཞུང་ཆེན་ལྔ་བོད་དུ་འགྱུར་ཞིང་། གཞན་ཡང་ད་ལྟའི་«བསྟན་འགྱུར»་དུ་འགྱུར་མི་འདྲ་བ་བཅས་བསྡོམས་པས་ཚད་མའི་སྐོར་གྱི་གཞུང་ཚན་དྲུག་ཅུ་རེ་དྲུག་ཙམ་བཞུགས་པ་ལས་བསྟན་པ་སྔ་དར་སྐབས་སུ་བསྒྱུར་བའི་འགྱུར་བྱང་འཁོད་པའི་གཞུང་བཅུ་བཞི་དང་། དགེ་བའི་བཤེས་གཉེན་སྟོན་གཞོན་དང་། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གཉིས་ཀྱིས་སོ་སོར་བསྒྱུར་བའི་«རིགས་པ་ལ་འཇུག་པའི»་འགྱུར་མི་འདྲ་བ་གཉིས་དང་། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་བསྒྱུར་བའི་ཐར་འབྱུང་སྦས་པའི་«རྟོག་གེའི་སྐད་»དང་། «རྒྱལ་དབང་བློའི་ཀུན་བཏུས་ཀྱི་འགྲེལ་པ»་བཅས་དུས་རབས་བཅུ་གསུམ་པ་དང་བཅུ་བཞི་པའི་ནང་བསྒྱུར་བའི་གཞུང་ཚན་བཞི་ཡོད་ཅིང་གཞན་འགྱུར་བྱང་འཁོད་པ་ཚང་མ་བོད་སིལ་བུའི་དུས་སུ་བསྒྱུར་བ་ཡིན། དེ་བཞིན་མངའ་བདག་རྩེ་ལྡེས་ཁ་ཆེའི་པཎྜི་ཏ་ཛྙཱ་ན་ཤྲཱི་བོད་དུ་གདན་དྲངས་ཏེ། དེས་«རྣམ་ངེས་ཀྱི་འགྲེལ་པ»་མཛད་པ་ཁྱུང་པོ་ཆོས་བརྩོན་གྱིས་བོད་དུ་བསྒྱུར། པཎྜི་ཏ་དེ་ལས་དྭགས་པོ་དབང་རྒྱལ་དང་ཁྱུང་པོ་གྲགས་སེ་སོགས་ཀྱིས་ཚད་མའི་སྐོར་གསན་པར་མཛད། དེ་དག་ལས་བརྒྱུད་དེ་ཁྱུང་པོ་གྲགས་སེ་དང་དྭགས་པོ་དབང་རྒྱལ་གཉིས་ཀྱིས་པོ་ཏ་རི་དང་དམར་པོ་རི་ལ་འགྲན་བཤད་མཛད། གྲྭ་བ་རྣམས་ཕན་ཚུན་གཉིས་ཀའི་ཆོས་གྲྭ་ལ་འགྲོ་བ་བྱུང་། དེ་ལ་བོད་ཀྱི་ཚད་མའི་ལོ་རྒྱུས་ནང་ཚད་མ་རྙིང་པ་ཞེས་འབོད།

དེ་རྗེས་བདག་ཉིད་ཆེན་པོ་རྔོག་ལོ་སྤྱི་ལོ་(1092)་ཙམ་ལ་ཁ་ཆེ་ནས་སློབ་སྦྱོང་ཟིན་ཏེ་བོད་དུ་ཚུར་ཕེབས།  «ཚད་མ་རྣམ་འགྲེལ»་དང་ཆོས་མཆོག་གི་«རིགས་ཐིགས་ཀྱི་རྒྱ་ཆེར་འགྲེལ»་ལ་འགྱུར་བཅོས་མཛད། གཞན་ཡང་«རྣམ་ངེས»་དང་། «ཚད་མ་རྒྱན»་དང་། «ཛ་མ་རིའི་རྒྱན་གྱི་འགྲེལ་བཤད»་དང་། «འཐད་ལྡན»་སོགས་ད་ཡོད་ཚད་མའི་གཞུང་བཅུ་གཉིས་བོད་དུ་བསྒྱུར། «རྣམ་ངེས་ཀྱི་ཊཱིཀྐ»་དང་ཚད་མའི་སྐོར་གྱི་བསྡུས་པ་མང་པོ་བརྩམས་པར་མཛད། གསང་ཕུར་ཚད་མའི་འཆད་ཉན་རྒྱ་ཆེར་སྤེལ་བས་ཇི་སྐད་དུ། “རྒྱན་དང་ཆོས་མཆོག་ལྔ་བཅུ་ལྔ། །རྣམ་ངེས་ཉིས་བརྒྱ་ལྔ་བཅུ་ལྔ། །ལུང་ཆོས་སྨྲ་བ་སྟོང་དང་ནི། །ལྔ་བརྒྱ་བདུན་བཅུ་རྩ་ལྔ་ཡོད། །”[1]ཅེས་གསུངས་པ་ལྟར་གྱི་ཚད་མའི་འཆད་ཉན་ཤིན་ཏུ་འཕེལ་བར་གྱུར། ཁྱུང་རིན་ཆེན་གྲགས་དང་ཕྱྭ་བ་སོགས་རྔོག་གི་རྗེས་འབྲངས་དག་གིས་རྔོག་ལུགས་ཀྱི་ཚད་མའི་རྒྱུན་བསྐྱངས་ཏེ། «རྣམ་ངེས་ཀྱི་འགྲེལ་པ»་དང་། ཚད་མའི་བསྡུས་པ་མང་དུ་བརྩམས། «བསྡུས་གྲྭའི»་རིགས་ལམ་དང་། བློ་རིག་བདུན་དང་ཚད་མིན་གྱི་བློ་ལྔའི་གྲངས་བཅད། མཚན་མཚོན་གཞི་གསུམ་གྱི་གཞུང་ལུགས་སོགས་བོད་ཀྱི་ཚད་མའི་བཤད་པ་ཐུན་མོང་མིན་པ་མང་དུ་དར།

དེ་རྗེས་སྤྱི་ལོ་(1204)་ལོར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་འཁོར་པཎ་ཆུང་དགུ་དང་བཅས་བོད་དུ་ཕེབས་ཤིང་དེ་ལས་བདག་ཉིད་ཆེན་པོ་ཆོས་རྗེ་ས་པཎ་གྱིས་ཚད་མའི་རྒྱ་གཞུང་མང་དུ་གསན། ཁོང་གིས་སྔར་གྱི་བོད་ཀྱི་མཁས་པ་དག་གིས་མཛད་པའི་ཚད་གཞུང་དག་གི་དགོངས་པ་འགའ་ཞིག་རྒྱ་གཞུང་རང་གི་དགོངས་པ་དང་མི་མཐུན་པར་གཟིགས། ཚད་གཞུང་རྒྱ་མཚོ་ལྟ་བུའི་དགོངས་པ་རྫོགས་པ་ཐུགས་ལ་མངའ་བའི་འབྲས་རྟགས་སུ་«ཚད་མ་སྡེ་བདུན་མདོ་»དང་བཅས་པའི་དགོངས་པ་འདྲ་བ་རྣམས་ཕྱོགས་སུ་བསྡེབས་ནས་«ཚད་མ་རིགས་པའི་གཏེར»་མཛད།

སྔོན་གྱི་བོད་ཀྱི་ཚད་མ་བ་དག་གི་བཤད་ཚུལ་འགའ་ལ་སུན་འབྱིན་བྱས། དེ་ལས་གཙང་ཉང་ཡུལ་དུ་འཁྲུངས་པའི་འུ་ཡུག་པ་རིགས་པའི་སེང་གེས་ཚད་མའི་སྐོར་གསན་ཞིང་དཔལ་ས་སྐྱའི་གཙུག་ལག་ཁང་དུ་«རྣམ་འགྲེལ་གྱི་འགྲེལ་པ་རིགས་པའི་མཛོད»་བརྩམས། བསྟན་བཅོས་དེའི་མཇུག་བྱང་དུ། “གངས་ཅན་འདི་ན་བློ་ཅན་ཐོས་པ་ཅན། །བདག་རྒྱུད་དྲེགས་པའི་ཁུར་གྱིས་ནོན་པས་ཀྱང་། །སྣ་ཚོགས་ལྟ་བ་སྟོན་པ་རྣམ་འགྲེལ་གྱི། །གཞུང་འདི་མཐོང་ན་ལོང་བ་བཞིན་དུ་གྱུར། །དྲན་དང་བརྩོན་འགྲུས་བློ་གྲོས་སྦྱངས་པར་ལྡན། །གཞུང་མང་ཐོས་དང་བསམ་དང་གོམས་པར་ལྡན། །ལེགས་བཤད་རྩོམ་དང་འཆད་དང་རྩོད་པ་ལ། །རིགས་པའི་སེང་གེ་རིགས་པའི་མིག་དང་ལྡན། །གང་དག་གཞུང་ལུགས་རྒྱ་མཚོར་མ་ཞུགས་པས། །ལེགས་བཤད་ནོར་བུའི་འབྱོར་བས་དབུལ་ན་ཡང་། །རིགས་པའི་གཞུང་ལ་བརྟེན་ནས་མི་རིགས་པ། །རྒྱ་ཆེར་སྤྲོས་པས་བདག་རྒྱུད་ངོམས་པ་མཐོང་། །བདག་གིས་སྡེ་བདུན་རིགས་པའི་རྒྱ་མཚོ་ནས། །རིགས་པའི་ནོར་བུ་དོན་ཀུན་སྒྲུབ་བྱེད་པ། །བློ་གྲོས་དེད་དཔོན་རྗེས་འབྲངས་བརྩོན་པས་བླངས། །རིགས་པའི་ལམ་ཞུགས་འགྲོ་བའང་ཚིམ་པར་བྱེད། །གཡོ་སྒྱུས་རིགས་ལམ་འདོར་བ་གྲངས་ཅན་གྱི། །ལྟ་ལས་རིང་དུ་མ་སོང་རྒན་རབས་ཀྱི། །རྗེས་ཟློས་གྱིས་ཤིག་འདི་ཡིས་ཡིད་ཚིམས་ན། །འཁོར་དང་གྲགས་པ་ལོངས་སྤྱོད་འབྱུང་ངོ་ལོ། །བདག་གི་མཁས་པའི་བྱ་བ་རྣམ་གསུམ་ཡང་། །སྲིད་མཚོར་འཁྱམས་པའི་འགྲོ་བ་བསྒྲལ་ཕྱིར་ཡིན། །ཟང་ཟིང་སྒྲུབ་པ་ལྷུར་ལེན་འཇིག་རྟེན་པ། །ཁྱི་ཕག་ལོངས་སྤྱོད་མི་བདག་ག་ལ་སྨོན། །རིགས་པའི་དབང་ཕྱུག་དམ་པ་རྣམ་གཉིས་ཀྱི། །དགོངས་པ་འདི་ལས་གཞན་དུ་འཐད་མ་ཡིན། །འདི་ལ་བརྩོན་པར་གྱིས་ཤིག་ཤེས་ལྡན་དག །མྱུར་དུ་ཐམས་ཅད་མཁྱེན་པའི་གནས་སུ་འགྲོ། །”[2]ཞེས་གསུངས་ཤིང་ཆ་ཡོངས་སུ་ཚང་བའི་བོད་ཀྱི་«རྣམ་འགྲེལ»་གྱི་འགྲེལ་པ་བྱུང་།

དེ་དག་ལས་བརྒྱུད་དེ་ས་ལུགས་ཀྱི་ཚད་མའི་འཆད་ཉན་རྒྱ་ཆེར་དར་ཞིང་མཁས་པ་ཕལ་མོ་ཆེས་རྔོག་ལུགས་དང་ས་ལུགས་གཉིས་ཀའི་རྒྱུན་གསན་པ་ལ་ས་ལུགས་ཀྱི་འཆད་ཉན་ཤུགས་ཇེ་ཆེར་སོང་བས་སྔོན་གྱི་རྔོག་ལུགས་ཀྱི་འཆད་ཉན་ཅུང་ཉམས་དམས་སུ་སོང་། འཆད་ཉན་གྱི་གཞུང་ཡང་སྔོན་«རྣམ་ངེས»་ལ་གཙོ་བོར་བྱེད་པ་ནས་རྗེས་སུ་«རྣམ་འགྲེལ»་ལ་གཙོ་བོར་བྱེད་པའི་སྲོལ་བྱུང་། དེ་ལྟ་བུའི་དུས་ཚོད་ནང་རྗེ་ཙོང་ཁ་པས་ཚད་མའི་སྐོར་ལ་གསན་སྦྱོང་མཛད་ཅིང་། གསན་ཡུལ་གཙོ་བོ་ཡང་ས་ལུགས་ཀྱི་ཚད་མའི་མཁས་པ་དག་ཡིན། སྤྱིར་རྗེ་འདི་པས་སྔགས་དང་དབུ་མ་སོགས་གཞུང་ལུགས་གང་ཞིག་གི་དགོངས་དོན་ཡིན་ཡང་རང་གི་བླ་མ་བརྒྱུད་པ་དག་གི་གསུང་རྒྱུན་ཇི་ལྟར་ཡོད་པ་དེ་ཉིད་འཐད་པ་གཞིར་བཟུང་གིས་ཡིད་རྟོན་མི་མཛད་པར་རིགས་པས་དཔྱད་པ་བྱས་ཏེ། དགག་སྒྲུབ་ཀྱིས་རང་ལུགས་འཇོག་གིན་པ་གཞུང་དེ་དག་ལ་བལྟས་པས་ཤེས་ཤིང་། ཚད་མའི་སྐོར་ནས་ཀྱང་རང་གི་བླ་མ་དག་གི་དགོངས་པ་ཁོ་ན་འཐད་ཕྱོགས་སུ་མི་བཟུང་བར་རིགས་པའི་ལམ་ནས་དགག་སྒྲུབ་རྒྱ་ཆེར་མཛད།

ལྷག་ཏུ་སྐབས་དེར་དར་ཆེ་བའི་ས་ལུགས་ཀྱི་བཞེད་པ་མང་པོ་ལ་དགག་སྒྲུབ་ཀྱིས་བླང་དོར་མཛད་དེ། རྗེའི་ལུགས་ཀྱི་ཚད་མའི་གཞུང་ལུགས་ཀྱི་བཤད་སྲོལ་ཐུན་མོང་མིན་པ་དར་བར་གྱུར། འོན་ཀྱང་རིག་གཞུང་གང་ཞིག་ཡིན་ཡང་དེ་ཉིད་མི་རབས་སྔ་མ་དག་གིས་བཏོད་པའི་རིག་གཞུང་གི་རྨང་གཞིའི་སྟེང་བསྣན་འཕྲི་བཅོས་བསྒྱུར་བྱས་ཏེ་འཕེལ་རྒྱས་བྱུང་བའི་ཆོས་ཉིད་ལྟར། རྗེའི་ལུགས་ཀྱི་ཚད་མའི་བཤད་སྲོལ་ཡང་རྔོག་ལུགས་ཀྱི་ཚད་མའི་རྨང་གཞིའི་སྟེང་ས་ལུགས་ཀྱི་ཐུན་མོང་མིན་པའི་ཚད་མའི་བཤད་སྲོལ་དར་ཞིང་། རྔོག་ལུགས་དང་ས་ལུགས་གཉིས་ཀྱི་ཚད་མའི་རྨང་གཞིའི་སྟེང་དགག་སྒྲུབ་ཀྱིས་རང་ལུགས་གཏན་ལ་ཕབ་སྟེ་རྗེའི་ལུགས་ཀྱི་ཚད་མའི་བཤད་སྲོལ་དར་བ་ཡིན། དེས་ན་རྗེའི་ལུགས་ཀྱི་ཚད་མ་ནི་རྔོག་ལུགས་ཀྱི་རིགས་ལམ་གཞིར་བཟུང་ས་ལུགས་ཀྱི་བཞེད་ཚུལ་ལ་འཆད་ཉན་དང་དགག་སྒྲུབ་ཀྱིས་བླང་དོར་མཛད་ཅིང་། དེའི་རྗེས་སུ་རྒྱལ་ཚབ་རྗེ་སོགས་རྗེས་འཇུག་མཁས་པ་དག་གིས་ཆ་ཡོངས་སུ་ཚང་བ་མཛད་པ་ལས་བྱུང་ངོ་ཞེས་སྨྲས་ན་འོས་པར་མཐོང་།

གཉིས། རྗེ་ཙོང་ཁ་པས་ཚད་མ་ལ་སློབ་སྦྱོང་དང་འཆད་ཉན་ཇི་ལྟར་གནང་བ།

རྗེས་ཚད་མའི་གཞུང་ལ་སློབ་སྦྱོང་ཇི་ལྟར་མཛད་པའི་སྐོར་ཡང་རྗེ་ཉིད་ཀྱིས་«རྟོགས་བརྗོད་མདུན་ལེགས་མ»་ལས། “ཁྱད་པར་ཚུར་རོལ་མཐོང་བའི་དངོས་པོ་ཡི།  །དེ་ཉིད་གཏན་ལ་འབེབས་པའི་སྒོ་གཅིག་པུ།  །ཡང་དག་རིགས་པའི་གཞུང་གི་དཀའ་གནས་ལ།  །འབད་པ་དུ་མས་ཡང་དང་ཡང་དུ་སྦྱངས།  །”[3] ཞེས་གསུངས་པ་ལྟར་ཚད་མའི་གཞུང་གི་དཀའ་གནད་དག་ལ་འབད་པ་དུ་མ་བསྟེན་ཏེ་སྦྱངས་པར་མཛད་ཅིང་།  དེ་ཡང་«རྣམ་ཐར་དད་པའི་འཇུག་ངོགས་»ལས། (དགུང་ལོ་ཉེར་གཉིས་པ།) “དེའི་དཔྱིད་ཀར་སྣར་ཐང་ལ་མཛད་ནས་ས་སྐྱར་བྱོན། དེའི་ཚེ་ས་སྐྱ་བླ་མ་རྗེ་བཙུན་རེད་མདའ་བ་ཆེན་པོ་ལམ་འབྲས་གསན་གྱིན་འདུག་པ་དང་མཇལ་ནས་དེ་ནས་བཟུང་སྟེ་ཟླ་བ་བཅུ་གཅིག་ཙམ་གྱི་རིང་ལ་ས་སྐྱར་ཁོང་གི་སྤྱན་སྔར་བཞུགས། རྗེ་བཙུན་ཁོང་རང་ལམ་འབྲས་སོགས་གསན་པའི་ངང་ནས། བླ་མ་དེ་ལ་མངོན་པ་ཀུན་ལས་བཏུས་གཟབས་བཤད་ཚར་གཅིག་མཛད། གཞན་ཡང་དེའི་ཚེ་ཚད་མ་རྣམ་འགྲེལ་ལ་གཙོ་བོར་སྦྱངས་ཤིང་གསན་པ་དང་། དབུ་མ་འཇུག་པ་སོགས་ཀྱི་བཤད་པ་དང་། འདུལ་བ་ལུང་ལ་སོགས་པ་བཀའ་བསྟན་བཅོས་མང་པོའི་ལུང་ཡང་གསན།”[4]ཞེས་གསུངས་པ་ལྟར་དགུང་ལོ་ཉེར་གཉིས་ཀྱི་སྟེང་ས་སྐྱ་རུ་རྗེ་རེད་མདའ་བའི་དྲུང་དུ་ཟླ་བ་བཅུ་གཅིག་ཙམ་བཞུགས་ཏེ་དེའི་རིང་ཚད་མ་«རྣམ་འགྲེལ»་ལ་གཙོ་བོ་གསན་སྦྱོང་མཛད།

 ཡང་«དད་པའི་འཇུག་ངོགས»་ལས།“དཔྱིད་དང་དབྱར་ངམ་རིང་དུ་བཞུགས། བླ་མ་རྗེ་བཙུན་པས་དེར་མངོན་པ་ཀུན་བཏུས་ཀྱི་ཊཱིཀ་ཆེན་མོ་དེའི་རྩོམ་པ་མཛད། བརྩམས་ཚར་རིམ་བཞིན་རྗེ་འདི་པས་ཀྱང་ཐུགས་སུ་ཆུད་པར་མཛད་ཅིང་། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་རང་འགྲེལ་དེ་ཞིབ་ཏུ་གསུང་བར་ཞུས་ནས་ཚར་གཅིག་གསན་ཏོ། །”[5]ཞེས་གསུངས་པ་ལྟར་དགུང་ལོ་ཉེར་གསུམ་པའི་དཔྱིད་དབྱར་གཉིས་ཀྱི་རིང་རྗེ་རེད་མདའ་བ་དང་ཁོང་རྣམ་པ་གཉིས་ཀ་ངམ་རིང་དུ་བཞུགས་ཏེ། རྗེ་རེད་མདའ་བ་ལས་ «ཚད་མ་རྣམ་འགྲེལ་གྱི་རང་འགྲེལ»་ཚར་གཅིག་གསན་པར་མཛད།

ཡང་«དད་པའི་འཇུག་ངོགས»་ལས། “དེ་ནས་སྟོན་དེ་མལ་གྲོ་ལྷ་ལུང་པའི་བླ་མ་བསོད་ནམས་གྲགས་པ་ལ་ཆོས་ལུང་ཡང་མང་རབ་གསན་ཅིང་། བར་ཞིག་ཏུ་སྐུ་མཚམས་བཅད་ནས་ཐུགས་དམ་མཛད། རྣམ་འགྲེལ་གྱི་རྣམ་བཤད་རིགས་མཛོད་པ་ལ་གཟིགས་རྟོག་མཛད་ཅིང་། ལེའུ་གཉིས་པའི་སྐབས་ཀྱི་ལམ་གྱི་རྣམ་བཞག་སྟོན་པའི་སྐབས་ལ་ལེགས་པར་གཟིགས་པས་རྐྱེན་བྱས་ནས། ཆོས་ཀྱི་གྲགས་པའི་གཞུང་ལུགས་དང་རིགས་པའི་སྲོལ་ལ་དཔག་ཏུ་མེད་པའི་དད་པ་ཤུགས་དྲག་པོ་མནན་པས་མི་ནོན་པ་ཞིག་འཁྲུངས་ཤིང་། སྟོན་དེར་བཞུགས་ཀྱི་རིང་ལ་རྣམ་འགྲེལ་གྱི་གཞུང་ལ་གཟིགས་ཙམ་ནས་དད་པའི་སྤུ་ལོང་གཡོས་ཏེ་སྤྱན་ཆབ་ཀྱི་རྒྱུན་བཅད་པར་མི་ནུས་པ་རྟག་ཏུ་འོང་བ་ཞིག་བྱུང་གསུང་ངོ་། །”[6]ཞེས་གསུངས་པ་ལྟར་རྗེ་དགུང་ལོ་ཉེར་གསུམ་བཞེས་པའི་ལོ་དེ་རང་གི་སྟོན་ཁ་རུ་དང་པོ་ཕ་ཡུལ་ལ་ཕེབས་འདུན་གྱིས་མལ་གྲོ་རུ་ཕེབས་ཤིང་རྗེས་སུ་ཕ་ཡུལ་དུ་འབྱོན་པའི་ཐུགས་འདུན་བསྒྱུར་ནས་གནས་དེར་བཞུགས། དེའི་རིང་སྐུ་མཚམས་བཅད་དེ་འུ་ཡུག་པས་མཛད་པའི་«རྣམ་འགྲེལ་གྱི་འགྲེལ་པ་རིགས་པའི་མཛོད»་ལ་ཞིབ་ཏུ་གཟིགས་པས་ལེའུ་གཉིས་པར་བསྟན་པའི་ལམ་གྱི་རིམ་པ་ལ་གོ་བ་ཟབ་མོ་བརྙེས་ཏེ་ཐུགས་ཡིད་ཤིན་ཏུ་འཕྲོག་པ་བྱུང་སྣང་།

ཡང་«དད་པའི་འཇུག་ངོགས»་ལས། “དེའི་དགུན་ཆོས་བདེ་བ་ཅན་དུ་བཞུགས། དཔྱིད་ཆོས་སྔོན་མ་ལ། གྲྭ་སྐོར་མཛད་བཞེད་པའི་པོ་ཏི་འགའ་ཡར་གྱི་གཟིགས་རྟོག་མཛད་ནས་གཙང་ལ་བྱོན། སྣར་ཐང་དུ་ཕེབས། བླ་མ་ལོ་ཙཱ་བ་དོན་བཟང་པས་ཚད་མའི་ཊཱིཀྐ་ཞིག་མཛད་འདུག་པ་དེ་ཚར་གཅིག་ཅིས་ཀྱང་ཉོན། ཞེས་བཀའ་གནང་ནས་གསན་དགོས་པ་བྱུང་། དབྱར་ཆོས་དེ་སྣང་ཐང་དུ་རྣམ་འགྲེལ་མངོན་པ་གོང་འོག་མདོ་རྩ་དང་བཅས་པའི་གྲྭ་སྐོར་མཛད།”[7]ཅེས་གསུངས་པ་ལྟར་རྗེ་དགུང་ལོ་ཉེར་བཞི་པའི་དཔྱིད་ཆོས་ཀྱི་རིང་སྣར་ཐང་དུ་བླ་མ་ལོ་ཙཱ་བ་དོན་བཟང་པའི་དྲུང་ནས་དེས་མཛད་པའི་«རྣམ་འགྲེལ་གྱི་ཊཱིཀྐ»་ཞིག་ཡོད་པ་དེ་གསན་ཡོད་པར་འདུག །འདིའི་བླ་མ་ལོ་ཙཱ་བ་དོན་བཟང་ཞེས་པ་ནི་སྣར་ཐང་གི་མཁས་པ་ཞིག་ཡིན་ཞིང་འདི་པའི་མདུན་ནས་རྗེས་མངོན་པའི་སྐོར་ཡང་གསན་པ་རྣམ་ཐར་དུ་འཁོད། ཡང་«དད་པའི་འཇུག་ངོགས»་ལས།“རྗེ་བཙུན་དམ་པ་རེད་མདའ་བའི་ཞལ་སྔ་ནས། ཁོང་རང་གིས་མཛད་པའི་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་ཆེན་མོ་དེ་གསུང་བ་རྗེ་འདིས་གསན་ཅིང་། དཔོན་སློབ་གཉིས་ཀྱིས་དཀའ་བའི་གནས་གཏན་ལ་འབེབས་པའི་རིགས་པའི་བརྒལ་བརྟགས་ཀྱང་མང་དུ་མཛད།”[8]ཅེས་གསུངས། འདིའི་ «རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་ཆེན་མོ»་དེ་རྗེ་རེད་མདའ་བས་དཔལ་ས་སྐྱའི་ཆོས་གྲྭ་རུ་སྦྱར་བར་མཛད་པའི་«རྣམ་འགྲེལ་གྱི་རྣམ་བཤད་རིགས་པའི་འདོད་འཇོ»ཞེས་པ་ད་ལྟ་ བཞུགས་པ་དེ་ཉིད་ཡིན་ནམ་གཞན་ཞིག་ཡིན་དཔྱད་དགོས།  རྗེའི་«རྣམ་ཐར་ཆེན་མོ»་ལས་ནི། “ཚད་མ་རིག་པའི་སྐོར་ལ་ཚད་མའི་རིགས་མཛོད། ཚད་མ་སྡེ་བདུན། ཚད་མའི་རང་འགྲེལ། ཀུན་བཏུས་རང་འགྲེལ་དང་བཅས་པ། ཚད་མ་རྒྱན་གྱི་འགྲེལ་པ། ལྷ་ཤཀ་བྲམ་ཟེ་གསུམ་གྱིས་མཛད་པའི་རིགས་འགྲེལ། རྣམ་ངེས་ཀྱི་འགྲེལ་པ། ཆོས་མཆོག་གིས་མཛད་པའི་ཚད་མ་རིགས་ཐིགས་ཀྱི་འགྲེལ་པ་སོགས་དང༌། དེ་དག་གི་ནང་ནས་ཀྱང་རང་འགྲེལ་གྱི་བཤད་པ་མཛུབ་ཁྲིད་ལན་དུ་མར་གསན་པ་དང་བཅས་པའི་སྒོ་ནས་ལོག་སྨྲ་ཚར་བཅད་པ་དང༌། མཁས་པ་མགུ་བ་བསྐྱེད་པའི་རིགས་པའི་གནད་མཐའ་དག་གཏིང་ཕྱིན་པ་ཐུགས་སུ་ཆུད་པར་མཛད།”[9]ཅེས་གསུངས་ཏེ་དེ་དག་ཚང་མ་གསན་མིན་ཇི་ལྟར་ཡང་གོང་ཞུས་«དད་པའི་འཇུག་ངོགས།»སུ་འཁོད་པ་དེ་དག་གསན་པར་ཐེ་ཚོམ་མི་དགོས་པ་ཡིན།

དེས་ན་རྗེས་དགུང་ལོ་ཉེར་གཉིས་ཙམ་ནས་ཚད་མ་ལ་ཆེད་དུ་གསན་སྦྱོང་མཛད་ཡོད་པ་དང་། གང་ལས་གསན་ཡུལ་གྱི་བླ་མ་ཡང་གཅིག་ནི་སྣར་ཐང་གི་བླ་མ་ལོ་ཙཱ་བ་དོན་བཟང་ཞེས་པ་དེ་ཡིན་ཞིང་། གཞན་ནི་རྗེ་རེད་མདའ་བ་ཡིན། དེ་གཉིས་ལས་ཀྱང་རྗེ་རེད་མདའ་བ་ཉིད་གཙོ་བོ་ཡིན་པར་སྣང་། སྐབས་དེར་ཚད་མ་ཉ་ལ་ཐུག་ཅེས་གྲགས་པ་ལྟར་ཉ་དབོན་ནི་ཚད་མ་ལ་ཤིན་ཏུ་མཁས་པའི་གྲགས་པ་ཆེ་ལ་རྗེའི་བླ་མ་ཡང་ཡིན། འོ་ན་རྗེས་ཉ་དབོན་ལས་ཚད་མའི་སྐོར་གསན་ནམ་ཞེ་ན། «དད་པའི་འཇུག་ངོགས»་ལས། “དེའི་དུས་སྣར་ཐང་དུ་དགེ་བཤེས་ཤིག་གི་ལག་ན་ཕར་ཕྱིན་གྱི་ཉ་ཊིཀ་ཅིག་འདུག་པ་གཟིགས་པས། སྔར་གི་འཇམ་སྐྱའི་ཊི་ཀ་ལ་ལྟོས་ན། ཤིན་ཏུ་གསལ་ཞིང་གོ་བ་སྐྱེད་པ་ཞིག་འདུག་པས་ཐུགས་སྤྲོ་བར་གྱུར་ཏེ། ཁོང་པ་ལ་ཕར་ཕྱིན་གྱི་བཤད་པ་ཞིག་གསན་པར་བཞེད་པ་དང༌། ཉ་ཊིཀ་དེ་ན་མཛོད་ཀྱི་གཞུང་ཅི་རིགས་ལ་ཡང་བཤད་པ་གསལ་པོ་འདུག་པས། མངོན་པ་ཡང་ལེགས་པ་ཡོད་པ་འདྲ་དགོངས་པ་འཁྲུངས་ནས། ཉང་སྟོད་དུ་ཕྱག་ཕེབས། གནས་རྙིང་དུ་ཐོགས་ཙམ་ཞིག་བཞུགས། གནས་རྙིང་པའི་གཟུངས་སྒྲུབ་ཀྱི་སྟེང་དུ་ཕར་ཕྱིན་གྱི་གྲྭ་སྐོར་མཛད། དབྱར་ཆོས་ལ་རྩེ་ཆེན་དུ་ཕེབས་པ་མཛད་ནས། མཁས་པའི་དབང་པོ་རིན་པོ་ཆེ་ཉ་དབོན་ཀུན་དགའ་དཔལ་བའི་སྤྱན་སྔར་ཕར་ཕྱིན་གྱི་གཟབས་བཤད་ཚར་གཅིག་གསན། ཐུགས་རབ་གསལ་ཞིང་རྣམ་དཔྱོད་ཡོངས་སུ་རྣོ་བ་དང༌། བཤད་པར་བྱ་བའི་གནས་རྣམས་བརྡ་སྤྲོད་པ་ཕུལ་དུ་བྱུང་བས་གདུལ་བྱའི་རྣ་བར་འབབ་ཅིང༌། མཁས་པའི་རྣམ་འགྱུར་གྱིས་ཤིན་ཏུ་ཐུགས་རངས་པར་གྱུར།

དེའི་ཚེ་ཁོང་པ་ལ་མངོན་པ་མཛོད་ཅིག་གསུང་བར་ཞུས་པས། ངས་ལེགས་པོ་ཤོད་པར་ཡོད་དེ་དོན་གཉེར་བྱེད་མཁན་མ་བྱུང་བས་ལྟ་རྟོག་ཀྱང་རེ་དགའ་དགོས། ཁམས་ཀྱང་མ་བདེ་ཞིང་ཕར་ཚད་འཆད་དགོས་པ་འདིས་འཕྲལ་ལ་འཆད་པ་མི་འགྲུབ་པ་འདུག །”[10]ཅེས་གསུངས་ཏེ། འདིར་“ཕར་ཚད་འཆད་དགོས་པ་འདིས”་ཞེས་པའི་ཚིག་གི་ཤུགས་ལ་ཚད་མའང་གསན་ནམ་སྙམ་པ་ཙམ་ལས་མི་གསལ་ཡང་རྣམ་ཐར་གཞན་དུ་ཚད་མ་གསན་པའི་སྐོར་འཁོད་པས། ཅི་སྟེ་དེ་ལས་ཚད་མ་གསན་པ་དེ་ལྟར་ན་ཚད་མ་གསན་ཡུལ་གྱི་བླ་མ་གསུམ་ཡོད་པ་དང་། ཚད་མ་གསན་པའི་ལོ་ཚིགས་ཀྱང་གོང་ཞུས་ལས་ཅུང་སྔ་བ་ཡིན་ཏེ་དེ་དག་དཔྱད་པར་བྱ། སྔ་རྗེས་སུ་སྣར་ཐང་དང་། ས་སྐྱ། གསང་ཕུ། རྩེས་ཐང་ལ་སོགས་པའི་གྲྭ་ས་ཆེན་པོ་རྣམས་སུ་«རྣམ་འགྲེལ»་གྱི་གྲྭ་སྐོར་ཡང་མཛད། རྗེས་ཚད་མའི་སྐོར་གྱི་འཆད་ཁྲིད་ཀྱི་མགོ་ཐོག་མ་ནམ་བཙུག་ཡོད་མེད་ཤེས་དཀའ་ཡང་། དགུང་ལོ་ཉེར་ལྔ་ཙམ་ནས་ཚ་ཁོ་དབོན་པོ་སོགས་ལ་དབུ་ཚད་ཀྱི་བཤད་པ་གནང་བ་གསལ་ཞིང་། སྔ་རྗེས་སུ་བྱ་ཡུལ་དུ་སྡེ་སྣོད་འཛིན་པ་བདུན་ཅུ་ལྷག་ལ་ཕར་ཚད་དང་། ཡང་གོང་དཀར་རིགས་ལྔའི་ལྷ་ཁང་དུ་སྡེ་སྣོད་འཛིན་པ་བདུན་ཅུ་ལྷག་ལ་ཕར་ཚད་དང་། སྐྱོར་མོ་ལུང་དུ་ཡང་ཕར་ཚད་ཀྱི་སྐོར་གསུངས་ཤིང་། གཞན་ཡང་གནམ་རྩེ་ལྡེང་དང་། འོན་བདེ་ཆེན། འོན་གྱི་བཀྲ་ཤིས་དོ་ཁ་སོགས་སུ་དབུ་ཚད་ཀྱི་བཤད་པ་གནང་བ་གསལ། ལྷག་ཏུ་དགུང་ལོ་ཞེ་བརྒྱད་པའི་སྟེང་ལྷས་ཕུ་དགོན་གསར་དུ་«ཚད་མ་རྣམ་འགྲེལ»་གྱི་ཁྲིད་རྒྱས་པ་ཞིག་མཛད་ཅིང་།

དེའི་སྐོར་«དད་པའི་འཇུག་ངོགས»་ལས་གསུངས་པ་འདི་ལྟར།“རིམ་གྱིས་བྱོན་ནས་ལྷས་ཕུ་དགོན་གསར་དུ་ཕྱག་ཕེབས། བློ་གྲོས་དང་ལྡན་པའི་སྡེ་སྣོད་འཛིན་པ་དུ་མ་ལ། ཚད་མ་རྣམ་འགྲེལ་གྱི་བརྗོད་བྱའི་གཙོ་བོ་མཐའ་དག་རིགས་པའི་ལམ་ནས་དྲངས་ཏེ། གཞུང་ལམ་གྱི་རིམ་པར་བསྒྲིགས་ནས་ཉམས་ལེན་ལ་སྦྱར་ཏེ་གསུངས་པས། སྡེ་སྣོད་འཛིན་པ་ཐམས་ཅད་སྔོན་ལན་ཅིག་ཀྱང་མ་མྱོང་བའི་ལེགས་པར་བཤད་པའི་བདུད་རྩིའི་རོ་ཕུལ་དུ་བྱུང་བ་མྱོང་བས་ཡིད་ཀྱི་སྐྱེས་བུ་རང་དབང་མེད་པར་ཕྲོགས་ཏེ་ངོ་མཚར་བའི་གཏམ་གྱིས་དུས་འདའ་བར་བྱེད་ཅིང་། དེ་ཕྱིན་ཆད་ཀྱང་སྐབས་སྐབས་སུ་གསུངས་པས། སྔོན་ཆད་གངས་རིའི་ཁྲོད་འདིར་ཚད་མ་ཚིག་གི་ན་ཡམ་མམ། ཕྱིའི་གོ་རྒྱ་གཅོད་པའི་ཚེ་བསྟན་བཅོས་གཞན་ལྟ་བ་ལ་བློ་ཅུང་ཟད་དྲག་ཏུ་འགྲོ་བའི་ཡན་ལག་ཙམ་དུ་ཉེ་བར་མཁོ་བར་འཛིན་པར་ཟད་ཀྱི། འདི་ཉམས་ལེན་ལ་མཁོ་བའི་ཐེ་ཚོམ་ཙམ་ཡང་སུ་ལའང་མེད་པས། ཕལ་མོ་ཆེ་ཞིག་དོན་མ་ཡིན་པ་སྐྱེད་པར་བྱེད་པ་ལ། ད་ལྟ་བློ་གྲོས་དང་ལྡན་ཞིང་གཟུ་བོར་གནས་པ་དག་ལ། འདི་ཉིད་ཉམས་ལེན་སྟོན་པའི་བསྟན་བཅོས་ཤིག་ལ་རྨད་དུ་བྱུང་བའི་ཕྱོགས་མཐོང་ཙམ་ཡོད་པ་འདི་ནི། རྗེ་རིན་པོ་ཆེ་འདི་འབའ་ཞིག་གི་ཐུགས་རྗེ་ལ་བརྟེན་པ་ཡིན་ཏེ། འདི་ཙམ་གྱི་བཀའ་དྲིན་ཡང་གངས་ཅན་པ་ཡོངས་ཀྱིས་བསབ་པར་སླ་བ་མ་ཡིན་ནོ། །”[11]ཞེས་སོ། །རྒྱལ་ཚབ་ཐམས་ཅད་མཁྱེན་པས་རྗེའི་གསུང་བཤད་ཟིན་བྲིས་བཏབ་པའི་«ཚད་མའི་བརྗེད་བྱང་»ངམ། «ཚད་མའི་ལམ་བསྒྲིགས»་སུ་གྲགས་པའང་འདི་དུས་མཛད་པ་འབྲུག་གི་«རྗེའི་རྣམ་ཐར་ཆེན་མོ་»རུ་གསུངས་སོ། །

ཡང་«དད་པའི་འཇུག་ངོགས»་ལས།“དེ་ནས་དགུན་མོན་མཁར་བཀྲ་ཤིས་གདོང་དུ་བཞུགས། དེ་དུས་ནུབ་ཅིག་ཞུགས་མེ་ལ་བཞུགས་ནས་བོད་ཀྱི་མཁས་གྲུབ་རྣམས་ཀྱི་རྣམ་པར་ཐར་པ་ཅི་རིགས་པ་གསུང་བའི་སྐབས་སུ། བཀའ་བཞི་པ་ཤེར་སེང་གིས་ཆོས་ཐོག་གཅིག་ལ་པོ་ཏི་བཅུ་གཅིག་གསུངས་འདུག །དུས་ཕྱིས་བོད་དུ་པོ་ཏི་དུས་གཅིག་ལ་གསུངས་པ་དེ་མང་ཤོས་སུ་འོང་བ་འདྲ་གསུང༌། དེ་ནས་དགེ་བཤེས་ཤ་སྟོན་ལ་སོགས་པས། འདི་ནས་ཀྱང་དེ་ཙམ་ཞིག་དུས་གཅིག་ཏུ་གསུང་འཚལ་ཞུས་པས། རྩོལ་བ་བྱས་ན་དེ་ཙམ་ཞིག་འཆད་ཐུབ་པ་འདྲ་གསུང༌། འོ་ན་ཅིས་ཀྱང་གསུང་འཚལ། ཞེས་ནན་གྱིས་གསོལ་བ་བཏབ་པས་ཞལ་གྱིས་བཞེས་ཏེ། ཟླ་བ་དེའི་ཚེས་བཅུ་ནས་གནམ་གང་གི་བར་སྐུ་མཚམས་བཅད་ནས་གཟིགས་རྟོག་མཛད། གནམ་གང་གི་ཉིན་ཕྱག་དཔེ་ཐམས་ཅད་ཀྱི་སྐུ་རགས་བཅིངས། ཚེས་གཅིག་ནས་ཆོས་འཛུགས་པར་བཞེད་པ་ལ། གསང་ཕུ་སོགས་ནས་འབྱོན་པའི་དོན་གཉེར་བ་སྡེ་སྣོད་འཛིན་པ་མང་པོ་ཞིག་སྒུག་དགོས་པ་བྱུང་བས། ཉི་མ་གསུམ་ཙམ་གྱི་བར་དུ་མི་ལ་དང་མར་པ་སོགས་ཀྱི་གསུང་རྒྱུན་ཐོར་བུ་བ་འགའ་གསུངས། ཚེས་ལྔ་ནས་ཉི་མ་གཅིག་ལ་རྒྱ་གར་སྐད་བཅོ་ལྔའི་དབུ་དུས་གཅིག་ཏུ་བཙུགས་ནས། ཉིན་རེ་ཞིང་ཐོ་རངས་ནས་སྲོད་ཀྱི་བར་ལ་ཆོས་ཐུན་བཅོ་ལྔ་རེ་མ་ཆག་པར་ཐུགས་བཤད་མཛད།

དེའི་ནང་ནས་པོ་ཏི་ཆུང་བ་གཉིས་རྫོགས་པར་གསུངས་ཚར་བ་ན། དེའི་དོད་དུ་སླར་ཡང་ཆུང་བ་གཉིས་བཙུགས་ནས། ཚད་མ་རྣམ་འགྲེལ། ཕར་ཕྱིན། མངོན་པ་གོང་འོག་གཉིས། འདུལ་བ་མདོ་རྩ་བ། བྱམས་ཆོས་ཕྱི་མ་བཞི། དབུ་མ་རིགས་པའི་ཚོགས་ལྔ། འཇུག་པ། བཞི་བརྒྱ་པ། སྤྱོད་འཇུག་སྟེ་བསྟན་བཅོས་བཅུ་བདུན་གྱི་བཤད་པ་དཀའ་ཆེན་འགའ་ཞིག་བོད་ཀྱི་ཊཱིཀྐ་ཆེན་མོ་རེ་གཞིར་བཞག་པའི་ཐོག་ཏུ་འགྲེལ་པའི་འཆད་ཚུལ་དུ་མ་དགག་སྒྲུབ་དང་བཅས་པས་གཏན་ལ་ཕབ་ཅིང༌། གཞུང་གཞན་རྣམས་ཕལ་ཆེ་བ་རང་རང་གི་འགྲེལ་པའི་སྟེང་ནས་གཞུང་ཕྲ་རགས་མ་ལུས་པ་ལ་བཤད་པ་ཞིབ་པར་མཛད་དེ་ཟླ་བ་གསུམ་ལ་རྫོགས་པར་མཛད་ཅིང༌། དེའི་སྐབས་སུ་འང༌། སྲོད་ཆོས་གྲོལ་ནས་རྡོ་རྗེ་འཇིགས་བྱེད་ཀྱི་བདག་འཇུག་ལ་སོགས་པ་ཐུགས་དམ་རིམ་གཉིས་ཀྱི་རྣལ་འབྱོར་རྣམས་མ་ཆག་པར་མཛད་དེ། སྐྱེ་བོ་ཀུན་ཀྱང་འདི་ནི་ལྷག་པའི་ལྷས་དངོས་སུ་བྱིན་གྱིས་བརླབས་པའམ། གཟུངས་ཐོབ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་ཡིན་པར་ངེས་ཀྱི་གཞན་ལ་འདི་ལྟ་བུ་འབྱུང་བ་མི་སྲིད་དོ། །ཞེས་མཐུན་པར་གླེང་ངོ་། །”[12]ཞེས་གསུངས་པ་ལྟར་དགུང་ལོ་སོ་གཉིས་ལོན་པའི་དགུན་མོན་མཁར་གདོང་དུ་པོ་ཏི་བཅུ་བདུན་གྱི་བཤད་པ་དུས་གཅིག་ཏུ་མཛད་པའི་སྐབས་སུའང་«རྣམ་འགྲེལ»་གྱི་བཤད་པ་མཛད་ཅིང་། དེའི་ཚེ་གཞུང་དེ་ཆ་ཚང་བ་མཇུག་རྫོགས་པ་ཞིག་གསུངས་ཡོད་ངེས་མོད།  སྐབས་དེར་ཇི་སྐད་གསུངས་པ་དག་ཕྱིས་ཀྱི་ཚད་མའི་སྐོར་གྱི་བཞེད་མཚམས་དང་མཐུན་མིན་ཇི་ལྟར་བྱུང་བ་དེའི་སྐོར་ཟིན་བྲིས་སུ་བཏབ་པ་ད་ལྟ་བཞུགས་མེད་པས་ཤེས་ཐབས་བྲལ།

གཞན་ཡང་«དད་པའི་འཇུག་ངོགས»་ལས།“སྟག་ལོ་(1410)ཟླ་བ་གཉིས་པའི་ཚེས་ལྔ་ལ་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕྱག་ཕེབས། ལམ་རིམ་གསང་འདུས་སྒྲོན་གསལ་རིམ་ལྔ་དང་བཅས་པ་གསུངས་ཤིང་། མངོན་པ་ཀུན་ལས་བཏུས་དང་། ས་སྡེ་ལ་སོགས་པའི་འགངས་ཀྱི་རྣམ་བཞག་དང་། ཚད་མའི་དཀའ་གནད་ཀྱང་མང་དུ་གསུངས།”[13]ཞེས་སོགས་གསུངས་པ་ལྟར་སྐབས་དང་སྐབས་སུ་ཚད་མའི་གཞུང་ཁྲིད་ལན་དུ་མར་མཛད།  དེ་དག་གི་སྐབས་སུ་གཞུང་དོན་ལམ་གྱི་རིམ་པར་བསྒྲིགས་པ་དང་། གཞུང་གི་སྤྱི་ཁོག་ལོན་པ། གཞུང་གི་དཀའ་གནད་དག་བརྒལ་བརྟག་གིས་གཏན་ལ་འབེབས་པ་སོགས་ཀྱི་ཐད་སྔོན་མེད་པའི་ཁྱད་ཆོས་བྱུང་ཡོད་པ་ནི་ཁོང་གིས་མཛད་པའི་«ཚད་མའི་ལམ་ཁྲིད»་དང་། རྗེས་འཇུག་དག་གིས་བཏབ་པའི་ཟིན་བྲིས་དང་གཞུང་འགྲེལ་བསྟན་བཅོས་དག་ལ་བལྟས་པས་ཤེས། རྗེས་ཚད་མའི་སྐོར་གསུང་སྐབས་རྒྱ་གཞུང་དག་ལས་གང་གཙིགས་སུ་འཛིན་གྱིན་ཡོད་མེད་བཤད་དཀའ་ཡང་། ད་ལྟ་བཞུགས་པའི་«མངོན་སུམ་ལེའུའི་ཟིན་བྲིས»་གཉིས་དང་ལྷག་ཏུ་རྒྱལ་ཚབ་ཀྱིས་མཛད་པ་ལ་བལྟས་ན་«རྣམ་འགྲེལ»་ཁྲིད་སྐབས་ལྷ་དབང་བློའི་འགྲེལ་པ་གཞིར་བཟུང་རྒྱ་གཞུང་གཞན་གྱི་བཤད་ཚུལ་གྱིས་ཟུར་བརྒྱན་ཏེ་དགག་སྒྲུབ་ཀྱིས་གཏན་ལ་ཕབ་ནས་འཆད་ཀྱིན་པར་ཤེས། འོན་ཀྱང་ད་ལྟ་ཟིན་བྲིས་དེ་གཉིས་ཀ་སྟོད་ཙམ་ལས་མ་བཞུགས་པ་ནི་རྗེ་ཉིད་ཀྱིས་སྐབས་དེར་ཆ་ཚང་མ་ཁྲིད་པའམ་ཡང་ན་ཟིན་བྲིས་འདེབས་པ་པོས་མ་བྲིས་པ་ཡིན་མ་ཤེས།

སྤྱིར་རྗེས་ཚད་མའི་སྐོར་སྐབས་མང་པོར་གསུངས་པ་རྣམ་ཐར་དུ་གསལ་ཡང་སྐབས་རེ་རེ་བཞིན་གཞུང་ཡོངས་རྫོགས་འབྲུ་འདེད་ཀྱིས་ཁྲིད་པ་མིན་པར་གཙོ་བོ་གཞུང་གི་སྤྱི་ཁོག་དང་དཀའ་གནད་ཀྱི་བཤད་པ་ལན་དུ་མར་གནང་བར་སྣང་། གཞན་ཀློང་རྡོལ་བླ་མས་མཛད་པའི་«ཚད་མ་རྣམ་འགྲེལ་སོགས་གཏན་ཚིགས་རིག་པ་ལས་བྱུང་བའི་མིང་གི་རྣམ་གྲངས་བཞུགས་སོ»་ཞེས་པའི་ནང་། “དེ་ཡི་འབྲིང་རྣམ་ངེས་ལ་འཐད་ལྡན་ཆེ་ཆུང་ཞེས་བྱ་བ། པཎ་ཆེན་ཆོས་མཆོག་གིས་འགྲེལ་པ་མཛད་ཅིང་། རྒྱལ་ཚབ་དར་མ་རིན་ཆེན་གྱིས་དེ་མཆོག་ཏུ་འཛིན་ཅིང་མཁས་གྲུབ་སྨྲ་བའི་ཉི་མས་རྣམ་འགྲེལ་ལེའུ་དང་པོར་ཆོས་གྲགས་ཀྱི་རང་འགྲེལ་ཡོད་ལ། ལེའུ་ཕྱི་མ་གསུམ་ལ་ལྷ་དབང་བློ་དང་། ཤཱཀྱ་བློ་ཡིས་འགྲེལ་པ་མཛད་པའི་ཕལ་ཆེར་ལྷ་དབང་བློ་ལ་གཙོ་བོར་མཛད་ཅིང་། དེ་གཉིས་ཀྱི་ཁས་ལེན་ཚིག་ཟུར་མི་མཐུན་པ་ནི། དེ་གཉིས་ཀྱི་ཁྱད་བྱུང་བ་ཡིན་ཞེས་བླ་མ་དག་གིས་གསུངས་སོ། །”[14]ཞེས་དང་། ལྕང་སྐྱའི་«གྲུབ་མཐའ»་ལས་ཀྱང་། “འོན་ཀྱང་སྡེ་བདུན་གྱི་སྐོར་ལ་རྒྱལ་ཚབ་ཐམས་ཅད་མཁྱེན་པས་པཎ་ཆེན་ཆོས་མཆོག་གི་འགྲེལ་བ་གཙོ་བོར་མཛད་པ་དང་། མཁས་གྲུབ་སྨྲ་བའི་ཉི་མས་ལྷ་དབང་བློའི་འགྲེལ་བ་གཙོ་བོར་མཛད་པར་འདུག་པས་རྗེ་བདག་ཉིད་ཆེན་པོས་རྣམ་འགྲེལ་གྱི་བཤད་པ་གནང་བའི་ཚེ་འགྲེལ་བ་སོ་སོའི་ལུགས་ལ་བརྟེན་པའི་འཆད་ཚུལ་ཞིག་གི་ཁྱད་པར་བྱུང་བ་ཡིན་ནམ་སྙམ་མོ། །”[15]ཞེས་གསུངས་སོ། །

འོན་ཀྱང་དགེ་ལྡན་པའི་མཚན་ཉིད་གྲྭ་ས་ཁག་ཏུ་ཤིན་ཏུ་གཙིགས་ཆེན་དུ་འཛིན་པའི་ཚད་མའི་བསྟན་བཅོས་«རྣམ་བཤད་ཐར་ལམ་གསལ་བྱེད»་རང་གི་མཇུག་ཏུ་ནི། “སྔ་ཕྱིའི་འགྲེལ་དང་སོ་སོའི་ཚིག་དོན་རྣམས། །ལྷ་ཤཱཀ་རྒྱན་དང་ཆོས་མཆོག་བྲམ་ཟེའི་འགྲེལ། །ལེགས་པར་བཤད་དང་བླ་མའི་མན་ངག་ལ། །ཚུལ་བཞིན་སེམས་པའི་རིགས་པའི་ལམ་ནས་དྲངས། །”[16]ཞེས་ལྷ་ཤཱཀ་རྒྱན་དང་ཆོས་མཆོག་བྲམ་ཟེའི་འགྲེལ་པ་རྣམས་ཀྱི་ལེགས་ཆ་བླངས་ཤིང་། དེའི་སྟེང་བླ་མའི་མན་ངག་དང་། རང་གིས་ཚུལ་བཞིན་དུ་དཔྱོད་པའི་རིགས་པའི་ལམ་ནས་དྲངས་ཏེ་བརྩམས་སོ་ཞེས་གསུངས་པ་དང་། ཁོང་གིས་མཛད་པའི་«རིགས་པའི་ཐིགས་པ»་དང་«རྣམ་ངེས་ཀྱི་འགྲེལ་པ»་གཉིས་དང་«འགལ་འབྲེལ་གྱི་རྣམ་བཞག»་སོགས་ནི་ཆོས་མཆོག་གི་འགྲེལ་པ་གཞིར་བཟུང་གིས་བྲིས་པ་དང་། «འབྲེལ་པ་བརྟག་པའི་རྣམ་བཤད»་ནི་དུལ་བ་ལྷ་དང་བྲམ་ཟེའི་འགྲེལ་པ་གཉིས་གཞིར་བཟུང་གིས་མཛད་པ་སྦྱར་བྱང་དུ་གསལ། མཁས་གྲུབ་ཆོས་རྗེའི་«རྣམ་འགྲེལ་ཊཱིཀ་ཆེན»་དུ་ལྷ་དབང་བློ་དང་རྒྱན་གཉིས་ཀའི་འགྲེལ་པས་ཟུར་བརྒྱན་ཅིང་སྐབས་རེར་དེ་གཉིས་ཀ་ལ་དགག་པའང་བྱས་ལ།  རྗེའི་བཞེད་པ་དང་རང་གི་རིགས་པའི་དཔྱད་པས་གཏན་ལ་ཕབ་པར་མཛད། «ཚད་འབྲས་ཀྱི་རྣམ་བཞག་ཆེན་མོ»་ནི་«འཐད་ལྡན»་གྱི་ཚད་འབྲས་སྐོར་གྱི་གཞུང་འགྲེལ་ཡིན་པས་དེ་ཉིད་གཞིར་བཟུང་གིས་གསུངས་ཤིང་། «སྡེ་བདུན་ཡིད་ཀྱི་མུན་སེལ»་ནི་གཙོ་བོ་མདོ་དང་སྡེ་བདུན་ཚད་མར་ཁས་ལེན་པ་གཞིར་བཟུང་བོད་ཀྱི་བཤད་ཚུལ་སྣ་ཚོགས་ལ་དགག་སྒྲུབ་ཀྱིས་རང་ལུགས་གཏན་ལ་ཕབ་པ་ལས་ཕྱིས་ཀྱི་འགྲེལ་པ་འདིའི་རྗེས་སུ་འབྲངས་ཞེས་དམིགས་བསལ་བཤད་དུ་མེད་དོ། །འོན་ཀྱང་གཞུང་འདི་མཁས་གྲུབ་རྗེས་རྗེའི་ཞབས་ཟིན་རྗེས་སུ་བརྩམས་པ་སྦྱར་བྱང་དུ་གསལ་ཞིང་«ཊཱིཀ་ཆེན»་མཛད་པའི་སྔོན་ཙམ་ལ་མཛད་པའང་«ཊཱིཀ་ཆེན»་དུ་འདི་ལ་ཞལ་འཕངས་པ་འགའ་ཞིག་ཡོད་པ་ལས་ཤེས་ནུས་སོ། །

གསུམ། རྗེ་ཙོང་ཁ་པ་དང་ཁོང་གི་བུ་སློབ་གཙོ་བོ་དག་གིས་མཛད་པའི་ཚད་མའི་བསྟན་བཅོས།

རྗེ་རང་གིས་དངོས་སུ་མཛད་པའི་ཚད་མའི་བསྟན་བཅོས་ལ་གཉིས་ལས་མེད་ཅིང་། གཅིག་ནི་«སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ»་ཞེས་པ་རྗེའི་གསུང་འབུམ་པོད་རྟགས་<ཚ>་ཅན་གྱི་ནང་དུ་བཞུགས་པ་དེ་ཡིན་ཞིང་དེའི་བརྗོད་བྱ་ནི། དེ་ཉིད་ལས། “ཡུལ་དང་ཡུལ་ཅན་ཡུལ་དེ་རྟོགས་པའི་ཐབས། །རྣམ་པ་འདི་གསུམ་གཏན་ལ་དབབ་པར་བྱ༑ །”ཞེས་གསུངས་པ་ལྟར་ཡུལ་དང་། ཡུལ་ཅན། ཡུལ་དེ་རྟོགས་པའི་ཐབས་གསུམ་གྱི་སྒོ་ནས་ཚད་མའི་གཞུང་གི་སྤྱི་ཁོག་ཙམ་ཞིག་བྲིས་མཛད་ཡོད། གཞན་ནི་«ཚད་མའི་ལམ་བསྒྲིགས་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པས་མཛད་པ་བཞུགས་སོ»་ཞེས་པ་དེ་ཡིན་ཞིང་། དེའི་བརྗོད་བྱ་གཙོ་བོ་ནི་ཚད་མའི་མཚན་ཉིད་སྟོན་པའི་བསྟན་བཅོས་བརྩམས་པའི་དགོས་པ། དགོས་པ་དེ་བསྟན་བཅོས་ལ་རག་ལས་ཚུལ། དགོས་པ་དེ་ལྡན་གྱི་བསྟན་བཅོས་ལ་གཅེས་པར་གཟུང་བ། བསྟན་བཅོས་དེའི་བརྗོད་བྱའི་ལུས་གཏན་ལ་དབབ་པ་སྟེ་རྩ་བའི་ས་བཅད་བཞིའི་ནང་དུ་བསྡུས་ཏེ་མཛད་ཡོད་པ་དང་དེའི་ནང་དུ་རྗེའི་ཐུན་མོང་མིན་པའི་ཚད་མའི་བཞེད་ཚུལ་མང་པོ་གཏན་ལ་ཕབ་ཡོད།

གཞན་རྗེའི་གསུང་ཟིན་བྲིས་སུ་བཏབ་པ་ལ། རྗེའི་གསུང་འབུམ་<ཕ>་རྟགས་ཅན་གྱི་ནང་དུ་བཞུགས་པའི་ལྷས་ཕུ་དགོན་གསར་དུ་«རྣམ་འགྲེལ»་གསུང་སྐབས་རྒྱལ་ཚབ་ཆོས་རྗེས་བཏབ་པའི་ཟིན་བྲིས་«ཚད་མའི་བརྗེད་བྱང་ཆེན་མོ།» རྗེའི་གསུང་འབུམ་<བ>་རྟགས་ཅན་གྱི་ནང་དུ་བཞུགས་པའི་རྒྱལ་ཚབ་ཆོས་རྗེས་རྗེའི་དྲུང་དུ་གསན་པའི་«མངོན་སུམ་ལེའུའི་བརྗེད་བྱང་།(སྟོད་ཙམ་ལས་མེད།)» རྗེའི་གསུང་འབུམ་<མ>་རྟགས་ཅན་གྱི་ནང་དུ་བཞུགས་པའི་མཁས་གྲུབ་ཆོས་རྗེས་དགའ་ལྡན་དགོན་དུ་བཏབ་པའི་«མངོན་སུམ་ལེའུའི་ཊཱིཀྐ་རྗེའི་གསུང་བཞིན་མཁས་གྲུབ་ཆོས་རྗེས་མཛད་པ(སྟོད་ཙམ་ལས་མེད།)»་བཅས་བཞུགས་ཡོད། རྗེའི་གསུང་དངོས་མིན་ཡང་རྗེས་འཇུག་བུ་སློབ་དག་གིས་རྗེའི་ཐུན་མོང་མིན་པའི་ཚད་མའི་བཤད་སྲོལ་གྱི་རྒྱུན་ལྟར་བརྩམས་པའི་ཚད་མའི་བསྟན་བཅོས་ལ། རྗེ་རེད་མདའ་བའི་སློབ་མ་རབ་འབྱམས་བཀའ་ལ་མཁས་པའི་བཤེས་གཉེན་བདུན་ཞེས་གྲགས་པའི་ནང་ཚན་རྩོད་པའི་མཆོག་གྱུར་དར་མ་རིན་ཆེན་ཞེས་ཚད་མ་ལ་མཁས་པའི་མཐར་ཐུག་ཏུ་གྲགས་པའི་རྒྱལ་ཚབ་ཆོས་རྗེས། «ཚད་མ་མདོའི་རྣམ་བཤད།» «རྣམ་འགྲེལ་གྱི་རྣམ་བཤད་ཐར་ལམ་གསལ་བྱེད།» «རྣམ་འགྲེལ་གྱི་བསྡུས་དོན་ཐར་ལམ་གྱི་དེ་ཉིད་གསལ་བྱེད།» «རྣམ་ངེས་ཀྱི་རྣམ་བཤད་དགོངས་པ་རབ་གསལ།» «རིགས་ཐིགས་ཀྱི་འགྲེལ་པ་ལེགས་བཤད་སྙིང་པོའི་གཏེར།»  «འབྲེལ་བ་བརྟག་པའི་རྣམ་བཤད་ཉི་མའི་སྙིང་པོ།» «ཚད་མའི་ལམ་ཁྲིད།» «འགལ་འབྲེལ་གྱི་རྣམ་བཞག།» «རིགས་གཏེར་གྱི་འགྲེལ་པ»་བཅས་དགུ་དང་དེའི་སྟེང་རྗེའི་གསུང་འབུམ་དུ་འཁོད་པའི་«ཚད་མའི་བརྗེད་བྱང་ཆེན་མོ»་དང་། «མངོན་སུམ་ལེའུའི་ཟིན་བྲིས»་གཉིས་བསྣན་པས་ཚད་མའི་གཞུང་ཚན་བཅུ་གཅིག་ད་ལྟ་བཞུགས་ཡོད།

མཁས་གྲུབ་ཆོས་རྗེས་མཛད་པ་ལ་«སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ།» «རྣམ་འགྲེལ་གྱི་རྣམ་བཤད་རིགས་པའི་རྒྱ་མཚོ།» «ཚད་མའི་ལམ་ཁྲིད།» གོང་ཞུས་«མངོན་སུམ་ལེའུའི་ཟིན་བྲིས།» «ཚད་འབྲས་ཀྱི་རྣམ་བཞག་ཆེན་མོ»་བཅས་ཚད་མའི་སྐོར་གྱི་གཞུང་ཚན་ལྔ་ད་ལྟ་བཞུགས་ཡོད། རྗེ་དང་རྒྱལ་ཚབ་གཉིས་ཀའི་དངོས་སློབ་ཡིན་པའི་སྣར་ཐང་གི་མཁས་པ་རྒྱལ་བ་དགེ་འདུན་གྲུབ་ཀྱིས་མཛད་པའི་ཚད་མའི་སྤྱི་དོན་«རིགས་རྒྱན་ཆེན་མོ»་དང་། ཚད་མ་«རྣམ་འགྲེལ་གྱི་སྦྱོར་ཊཱིཀ་»གཉིས་ཡོད། དེ་དག་ཚང་མས་གཞུང་གི་དགོངས་པ་འགྲེལ་ཚུལ་དང་། གཞུང་གི་ལུས་སྤྱི་གཏན་ལ་འབེབས་ཚུལ། དཀའ་གནད་དག་གི་ཟིན་མཚམས། ལམ་གྱི་རིམ་པར་བསྒྲིགས་པ་སོགས་གང་ཐད་ནས་རྗེའི་གསུང་གི་ཤན་གྱིས་ཏིལ་ལ་ཏིལ་མར་བཞིན་ཁྱབ་ཡོད་པས་རྗེའི་ཚད་མའི་བཤད་སྲོལ་གྱི་དགོངས་པ་འགྲེལ་པའི་བསྟན་བཅོས་ཁོ་ནར་སྣང་།

བཞི། རྗེའི་རྗེས་འབྲངས་དང་བཅས་པའི་ཚད་གཞུང་གི་དམིགས་བསལ་གྱི་བཞེད་ཚུལ་གཙོ་བོ་འགའ།

སྤྱིར་རྗེ་ཙོང་ཁ་པས་ཚད་མའི་རིགས་ལམ་ལ་ཤིན་ཏུ་རྩིས་ཆེན་པོ་མཛད་ཀྱིན་ཡོད་པ་ནི། ཉིད་ཀྱིས་མཛད་པའི་«རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ»་ཞེས་པ་ལས། “རིགས་ལམ་ཕྲ་མོ་ཕྱེད་པའི་རྣམ་དཔྱོད་དང༌། །གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང༌། །ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། །ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང༌། །འདི་ནི་ཤིན་ཏུ་དཀོན་ཞིང་འདོད་པ་འཇོ། །རྨད་དུ་བྱུང་བའི་དགའ་བ་རྒྱས་བྱེད་པས། །རིན་པོ་ཆེ་ཞེས་མཁས་པ་རྣམས་ལ་གྲགས། །མཁས་པའི་ཡིད་འཕྲོག་རིན་ཆེན་གཞན་ཡོད་མིན། །སྨྲ་བའི་ཁྱུ་མཆོག་འཕགས་པ་ཡབ་སྲས་དང༌། །ལོག་སྨྲ་ཚར་གཅོད་ཕྱོགས་གླང་གྲགས་པ་ལས། །ལེགས་པར་འོངས་པའི་རིགས་ལམ་བདུད་རྩིའི་ཆུས། །བློ་མིག་དྲི་མ་ཡང་ཡང་མ་བཀྲུས་ན། །ཤིན་ཏུ་ཟབ་གནས་མཐོང་བ་སྨྲོས་ཅི་དགོས། །རགས་པའི་ལུང་དོན་ལ་ཡང་དཔྱོད་པ་ན། །ཕལ་ཆེར་ལོག་པར་རྟོག་པ་འཕེལ་འགྱུར་ཞིང༌། །གལ་ཏེ་ཡང་དག་དམ་བཅའ་ཙམ་ཞིག་གིས། །ངེས་པ་རྙེད་ཀྱང་སྒྲུབ་དང་སུན་འབྱིན་གྱི། །ཚད་མའི་སྟོབས་ཀྱིས་ཐེ་ཚོམ་མ་ཆོད་ཕྱིར། །འདམ་ལ་བཏབ་པའི་ཕུར་པ་བཞིན་འགྱུར་བས། །ཡང་དག་བག་ཆགས་བརྟན་པོ་འཇོག་མི་ནུས། །འདི་ན་རིགས་གཞུང་གཉིས་ལ་རབ་སྦྱངས་ཀྱང༌། །ཤར་དུ་འགྲོ་འདོད་ནུབ་ཏུ་བགྲོད་པ་དང༌། །ཟླ་འོད་ཕོག་པས་ཡི་དྭགས་བསྲེག་པ་བཞིན། །རིགས་གཞུང་ཉིད་ལ་བརྟེན་པའི་ལོག་རྟོག་གིས། །བློ་མིག་ཡང་དང་ཡང་དུ་བསླད་པའི་མཐུས། །འདི་ཕྱིའི་དགེ་ལེགས་ཀུན་འཇོམས་ཡུན་རིང་དུ། །ཡང་དག་ལྟ་ལས་ཕྱིར་ཕྱོགས་འགྱུར་བའི་རྒྱུ། །ཆེས་ཆེར་བརྟན་པོ་སོག་པ་མང་དུ་སྣང༌། །དེ་ཕྱིར་བློ་གྲོས་ཕྲ་ཞིང་མཛངས་པ་དང༌། །ཀུ་ཤའི་རྩེ་ལྟར་མ་གྱུར་དེ་སྲིད་དུ། །ངོམས་མི་སླ་བར་རིགས་པའི་གཞུང་ལུགས་ལ། །མཁས་པའི་བཤེས་ལ་བརྟེན་ཏེ་ལེགས་པར་སྦྱངས། །དེ་ལྟར་བློ་གྲོས་མིག་ནི་བྱེ་བ་དེས། །རྒྱལ་བས་ཐེག་པ་མཆོག་གི་ཟབ་མོའི་དོན། །རྣམ་རིག་ཙམ་དང་ངོ་བོ་ཉིད་མེད་ཚུལ། །རྣམ་གཉིས་གསུངས་པའི་དགོངས་པ་རྙེད་པར་འགྱུར། །”[17]ཞེས་རིགས་ལམ་རྣམ་པར་ཕྱེད་པའི་རྣམ་དཔྱོད་དེ་ས་སྟེང་གི་རིན་པོ་ཆེ་གསུམ་གྱི་ཡ་གྱལ་དུ་བགྲངས་པར་མཛད་ཅིང་། ཚད་མ་ལ་སྦྱངས་པའི་གལ་ཆེན་རང་བཞིན་ཇི་སྐད་གསུངས་པ་ལས་ཤེས།

དེ་བཞིན་བོད་ཀྱི་མཁས་པ་འགའ་ཞིག་གིས་ཚད་མའི་གཞུང་ལུགས་ལ་སྦྱངས་པ་མཛད་ཀྱང་དེ་ཉིད་ཕྱིའི་གོ་རྒྱ་གཅོད་པའི་ཡན་ལག་ཙམ་ལས་ཐར་ལམ་ཕྱིན་ཅི་མ་ལོག་པར་སྟོན་པའི་ནང་རིག་པའི་བསྟན་བཅོས་སུ་མི་གོ་བ་ལ། ཁོང་གིས་ཚད་མའི་ལམ་ཁྲིད་དུ། གྲོལ་བ་དོན་གཉེར་ལ་ལྟོས་ཏེ་དགོས་མེད་ཀྱི་ལོག་རྟོག་དགག །ཡུལ་གྱི་ཁྱད་པར་ལ་ལྟོས་ཏེ་དགོས་མེད་ཀྱི་ལོག་རྟོག་དགག །དགོས་པ་ཡོད་ཀྱང་དམན་པར་འདོད་པ་དགག་པ་གསུམ་གྱི་སྒོ་ནས་ཞིབ་ཏུ་བཀག་པར་མཛད་ཅིང་། དེའི་དགོས་པ་རྒྱ་ཆེར་གསུངས་པར་མཛད་པས།  རབ་བྱུང་པ་གཙོ་བོ་ཡིན་པའི་སྐབས་དེའི་བོད་ཀྱི་མཚན་ཉིད་སློབ་གཉེར་བ་དག་གི་སེམས་ངོར་ཚད་མའི་བསྟན་བཅོས་དག་གལ་ཆེན་དུ་མཐོང་བའི་བློ་མིག་སད་པར་བྱས་ཏེ། ཚད་མའི་བསྟན་པ་དར་རྒྱས་སུ་འགྲོ་བ་ལ་ནུས་པ་ཆེན་པོ་བཏོན། ཁོང་གིས་གྲུབ་མཐའ་སོ་སོའི་བཞེད་ཚུལ་ཐུན་མོང་མིན་པ་ཕུད་ཚད་མ་ལས་བཤད་པའི་རིགས་པའི་འགྲོས་ཕལ་མོ་ཆེ་དབུ་མ་དང་ཤེར་ཕྱིན་སྔགས་སོགས་ཀྱི་སྐབས་སུ་ཡང་གཙིགས་ཆེན་དུ་བཟུང་སྟེ་རིགས་པའི་འགྲོས་དེ་མང་དུ་སྦྱར་བར་མཛད། རྗེས་འཇུག་རྒྱལ་ཚབ་ཆོས་རྗེ་སོགས་ཀྱིས་ཀྱང་རྒྱ་གཞུང་དག་གི་ཚིག་གི་ཟིན་ཚོད་ཁོ་ན་ལ་མི་བསྟུན་པར་རིགས་པས་དགག་སྒྲུབ་ཀྱིས་གཏན་ལ་ཕབ་སྟེ། གཞུང་གོང་འོག་བསྒྲིགས་ནས་ནང་འགལ་མེད་ཅིང་། རིགས་པས་མི་གནོད་པ་གཙོ་བོར་བཟུང་བར་མཛད་པས་དེའི་ཕྱིར་ཆོས་ཀྱི་རྗེ་གོ་རམས་པས། “རང་གི་རྣམ་རྟོག་ཉིད་ཀྱིས་འཆད་པ”་ཞེས་ཟུར་ཟ་བར་མཛད་དོ། །

གོང་ཞུས་ཚད་མའི་བསྟན་བཅོས་གཉིས་ལས་རྗེ་ཉིད་ཀྱིས་དངོས་སུ་མཛད་པའི་ཚད་མའི་བསྟན་བཅོས་རྒྱས་པ་ཞིག་བཞུགས་མེད་ཀྱང་རྗེའི་གསུང་ཟིན་བྲིས་སུ་བཏབ་པ་དང་། རྗེས་འཇུག་བུ་སློབ་དག་གིས་བརྩམས་པའི་ཚད་མའི་བསྟན་བཅོས་དག་གཞིར་བཟུང་སྐབས་དེར་དར་ཆེ་བའི་ས་ལུགས་ཀྱི་མཁས་པ་དག་གི་ཚད་མའི་དགོངས་པ་འགྲེལ་ཚུལ་དང་མི་འདྲ་བའི་ཆ་གཙོ་བོ་འགའ་ཕྱོགས་གཅིག་ཏུ་ཞུ་ན། གཅིག ཚད་མའི་གཞུང་དོན་ལམ་གྱི་རིམ་པར་བསྒྲིགས་པའི་བསྟན་བཅོས་བརྩམས་པའི་སྲོལ་གསར་དུ་བཏོད་ཅིང་། «ཚད་མ་མདོ་»དང་«རྣམ་འགྲེལ»་སོགས་ཀྱང་ནང་རིག་པའི་བསྟན་བཅོས་སུ་རྒྱ་ཆེར་བསྒྲུབས་པར་མཛད། དེའི་སྐོར་གོང་དུ་ཞུས་ཤིང་། «རྟོགས་བརྗོད་མདུན་ལེགས་མ»་ལས་ཀྱང་། “བྱང་ཕྱོགས་འདི་ན་ཚད་མའི་གཞུང་ལུགས་ལ།  །སྦྱངས་དང་མ་སྦྱངས་དུ་མ་མགྲིན་གཅིག་ཏུ།  །མདོ་དང་སྡེ་བདུན་ཀུན་ལ་བྱང་ཆུབ་ཏུ།  །བགྲོད་པའི་ཉམས་ལེན་རིམ་པ་ཡོད་མིན་ཟེར།  །འཇམ་པའི་དབྱངས་ཀྱིས་ཕྱོགས་ཀྱི་གླང་པོ་ལ།  །དངོས་སུ་འདི་རྩོམས་འདི་ནི་མ་འོངས་དུས།  །འགྲོ་བ་ཀུན་གྱི་མིག་ཏུ་འགྱུར་རོ་ཞེས།  །གསུང་གི་གནང་བ་བསྩལ་པའང་ཚད་མར་བྱེད།  །དེ་ནི་མི་རིགས་སྨྲ་བའི་ཕུལ་བྱུང་དུ།  །མཐོང་ནས་ལྷག་པར་ཚུལ་དེར་དཔྱད་པ་ན།  །ཚད་མ་ཀུན་ལས་བཏུས་པའི་མཆོད་བརྗོད་དོན།  །ཚད་མ་གྲུབ་པར་ལུགས་འབྱུང་ལུགས་ལྡོག་གིས།  །རྣམ་གྲོལ་དོན་དུ་གཉེར་ལ་བཅོམ་ལྡན་འདས།  །ཚད་མར་བསྒྲུབས་ཤིང་དེ་ལས་དེ་ཡིས་ནི།  །བསྟན་པ་ཁོ་ན་ཐར་འདོད་འཇུག་ངོགས་སུ།  །ངེས་པ་གཏིང་ནས་རྙེད་པས་ཐེག་གཉིས་ཀྱི།  །ལམ་གྱི་གནད་ཀུན་འདྲིལ་བར་རིགས་ལམ་ནས།  །ལེགས་པར་ཐོན་པས་ལྷག་པར་དགའ་བ་རྙེད།  །”[18]ཅེས་གསུངས་སོ། །

གཉིས། དོན་དམ་འཇལ་བའི་ཚད་མས་ཀུན་རྫོབ་པའི་ཆོས་རྣམས་མི་འགོག་པར་འདོད་ཅིང་། གཅིག་ཐ་དད། ཆོས་ཆོས་ཅན། སྤྱི་བྱེ་བྲག །དོན་སྤྱི་སོགས་ཀྱང་ཚད་མས་གྲུབ་པ་དང་གཞལ་བྱ་རུ་འདོད་པས་ཡོད་པ་དང་དངོས་པོ་དོན་གཅིག་པ་དང་གཞལ་བྱ་ལ་རང་མཚན་གྱིས་ཁྱབ་པ་སོགས་ཁས་མི་ལེན། གསུམ། རྟོག་པ་ལ་རང་མཚན་ཇི་བཞིན་མི་སྣང་ཡང་སྣང་བར་འདོད་ཅིང་། དེས་གཞུང་དོན་འགྲེལ་ཚུལ་དང་དེ་དང་འབྲེལ་བའི་རྣམ་བཞག་མང་པོ་གཞན་གྱི་ལུགས་དང་མི་འདྲ་བར་གྱུར།  བཞི། སྤྱི་དང་རགས་པ་དང་རྒྱུན་རྣམས་ཀྱི་རང་ལྡོག་སྒྲོ་བཏགས་དང་ཀུན་རྫོབ་ཡིན་ཡང་གཞི་ལྡོག་ལ་དངོས་པོ་འཇོག་དགོས་པར་ནན་གྱིས་བསྒྲུབས་པར་མཛད་ཅིང་། དེ་དང་འབྲེལ་བའི་རྣམ་བཞག་མང་པོ་ཞིག་གཞན་གྱི་ལུགས་དང་ཐུན་མོང་མིན་པར་གྱུར། འདིའི་སྐོར་བོད་ཀྱི་ཚད་མའི་ལོ་རྒྱུས་ནང་དགག་སྒྲུབ་ཀྱི་སྤྲོས་པ་རྒྱ་ཆེར་བྱུང་མྱོང་། ལྔ། ཤེས་པ་ཐམས་ཅད་རང་གི་ངོ་བོ་ལ་རང་རིག་ཏུ་མི་འདོད་ཅིང་། དེས་གཞུང་དོན་འགྲེལ་ཚུལ་མི་འདྲ་བ་དང་། ལྷན་ཅིག་དམིགས་ངེས་ཀྱི་དོན་ལ་ཡང་གཞན་དང་མི་མཐུན་པ་བྱུང་ཡོད། དྲུག །ཕྱི་དོན་ལྐོག་ན་མོ་ཁས་མི་ལེན་ཞིང་དེའི་ཕྱིར་ཡུལ་གྱི་རྣམ་པ་བཞེད་ཚུལ་ཐུན་མོང་མིན་པ་བྱུང་། བདུན། མངོན་སུམ་དེ་ལ་སྣང་བ་ཙམ་ལ་རྟོགས་པའི་ཐ་སྙད་མི་སྦྱོར་ཞིང་། ཡུལ་དེ་ལ་སྒྲོ་འདོགས་གཅོད་ནུས་སུ་ཡོད་པ་ལ་རྟོགས་པའི་ཐ་སྙད་སྦྱོར། བརྒྱད། རང་ཡུལ་ལ་སྒྲོ་འདོགས་ཅུང་ཟད་ཀྱང་མི་གཅོད་པར་ཚད་མར་མི་རུང་བར་གསུངས་ཤིང་། དེའི་ཕྱིར་མངོན་སུམ་གྱིས་ཀྱང་སྒྲོ་འདོགས་གཅོད་པར་འདོད། དགུ། སེམས་ཙམ་པའི་ལུགས་ལ་ཕྱི་དོན་མེད་ཀྱང་གཟུགས་སོགས་ཐ་སྙད་དུ་ཡོད་ཅིང་། དེ་ཉིད་རང་འཛིན་ཤེས་པ་དང་རྫས་གཅིག་ཀྱང་ཤེས་པ་རུ་ཁས་མི་ལེན། བཅུ། ཚུལ་གསུམ་ངོ་བོ་གཅིག་ཏུ་འདོད། བཅུ་གཅིག ། འབྲེལ་བའི་སྐོར་ནས་རྒྱ་གཞུང་དང་བོད་འགྲེལ་ཆེན་མོ་དག་ཏུ་མི་གསལ་བའི་དམིགས་བསལ་གྱི་དོགས་གཅོད་རྒྱས་པར་མཛད། བཅུ་གཉིས། རྔོག་ལུགས་ལྟར་བློ་རིག་བདུན་དང་ཚད་མིན་གྱི་བློ་ལ་ལྔ་རུ་གྲངས་ངེས་པར་འདོད། དེ་དག་ནི་སྐབས་དེར་གྲགས་ཆེ་བའི་ས་ལུགས་ཀྱི་མཁས་པ་དག་གི་དགོངས་ཚུལ་དང་མི་མཐུན་པའི་ཆ་གཙོ་བོ་ཁག་བྲིས་པ་ཡིན་གྱི་གཞན་གཞུང་ཚིག་འགྲེལ་ཚུལ་མི་འདྲ་བ་དང་བཞེད་ཚུལ་མི་འདྲ་བ་ཕྲ་མོ་རྣམས་འདིར་སྨོས་པས་མི་ལོང་ཞིང་མང་པོ་ཞིག་ནི་གོང་གི་རྩ་བའི་བཞེད་ཚུལ་མི་འདྲ་བ་དེ་དག་ལས་འཕྲོས་ཏེ་བྱུང་བ་ཡང་ཡིན་ནོ། །དེ་ཡང་སྤྱི་ཡོངས་ནས་བཤད་པ་ཡིན་གྱི་བྱེ་བྲག་ཏུ་མཁས་པ་རེ་རེ་བཞིན་མཚན་གཞི་རུ་གཟུང་ན་གོང་ཞུས་དེ་དག་གི་ནང་ནས་ཀྱང་བཞེད་ཚུལ་མཐུན་པའི་སྐབས་ཀྱང་ཡོད་སྲིད་དེ། དཔེར་ན་ས་ལུགས་ཀྱི་མཁས་པ་ཕལ་མོ་ཆེས་ཤེས་པ་ཐམས་ཅད་རང་གི་ངོ་བོ་ལ་རང་རིག་ཏུ་འདོད་ཀྱང་བོད་ཀྱི་ན་ལེནྡྲའི་མཁན་རབས་གསུམ་པ་དགེ་བ་རྒྱལ་མཚན་གྱི་«ཀུན་བཏུས་ཀྱི་འགྲེལ་པ»་རུ་དེ་བཀག་པ་ལྟ་བུའོ། །

ལྔ། བོད་ཀྱི་ཚད་མ་རིག་པའི་འཕེལ་རྒྱས་ལ་ནུས་པ་ཇི་ལྟར་ཐོན་པ།

སྤྱི་ལོ་(1409)་ལོར་རྗེ་ཙོང་ཁ་པས་དགའ་ལྡན་དགོན་པ་ཕྱག་བཏབ། སྤྱི་ལོ(1416)་ལོར་འཇམ་དབྱངས་ཆོས་རྗེས་འབྲས་སྤུངས་དགོན་པ་ཕྱག་བཏབ། སྤྱི་(1419)ལོར་བྱམས་ཆེན་ཆོས་རྗེས་སེ་ར་དགོན་པ་ཕྱག་བཏབ། སྤྱི་ལོ་(1437)་ལོར་རྗེ་ཤེས་རབ་བཟང་པོས་ཆབ་མདོ་དགོན་པ་ཕྱག་བཏབ། སྤྱི་ལོ(1447)་ལོར་རྗེ་དགེ་འདུན་གྲུབ་ཀྱིས་བཀྲ་ཤིས་ལྷུན་པོ་དགོན་པ་ཕྱག་བཏབ། དེ་ལྟར་མདོ་སྟོད་སྨད་ཀུན་ཏུ་རིམ་གྱིས་དགེ་ལུགས་པའི་དགོན་པ་མང་པོ་བྱུང་ཞིང་། དེ་དག་ཏུ་གྲྭ་ཚང་སོ་སོའི་ཡིག་ཆ་མི་འདྲ་བ་དུ་མ་བྱུང་བ་དག་གཞིར་བཟུང་«བསྡུས་གྲྭ»་དང«་བློ་རྟགས»་«རྣམ་འགྲེལ»་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད་དེ་རྩོད་པའི་རིགས་ལམ་ལ་གཙིགས་སུ་འཛིན་པའི་སྲོལ་རྒྱ་ཆེན་པོ་དར། ཚད་མ་ཙམ་མ་ཟད་དབུ་མ་དང་ཕར་ཕྱིན་མཛོད་འདུལ་སོགས་ཀྱི་སྐབས་སུའང་ཚད་མའི་གཞུང་གི་རིགས་པའི་འགྲོས་སྤྱད་དེ་དཀའ་གནས་དང་ས་མཚམས་གཏན་ལ་འབེབ་པར་མཛད། མཁས་པ་སོ་སོས་བརྩམས་པའི་ཚད་མའི་བསྟན་བཅོས་ཧ་ཅང་མང་པོ་བྱུང་།

དགེ་ལྡན་པའི་གྲྭ་ས་ཁག་ཏུ་སྔོན་དུས་སུ་དར་བའི་གྲྭ་སྐོར་འགྲོ་བའི་ལུགས་སྲོལ་རྒྱུན་འཛིན་ཐོག་གླིང་བསྲེའི་དགེ་བཤེས་དང་། ལྷ་ལྡན་སྨོན་ལམ་ཆེན་པོའི་སྟེང་དམ་བཅའ་བཞག་སྟེ་དགེ་བཤེས་བཏང་བའི་ལྷ་རམས་པ་དང་། ཚོགས་རམས་པ། རྡོ་རམས་པ། བཀའ་ཆེན་སོགས་ཀྱི་མཚན་གནས་གསར་དུ་བཏོད། སྟག་ཚང་ར་བ་སྟོད་པས་སྣེ་ཁྲིད་དེ་དབུས་ཕྱོགས་ཀྱི་མཚན་ཉིད་པ་རྣམས་དགུན་ཟླ་བཅུ་གཅིག་པའི་ནང་ཙམ་དུ་མཉམ་དུ་འཛོམས་ཏེ་འཇང་དགུན་ཆོས་འཚོགས་པའི་སྲོལ་དར་ཞིང་། དེའི་སྟེང་རྒྱལ་ཚབ་ཆོས་རྗེའི་«རྣམ་བཤད་ཐར་ལམ་གསལ་བྱེད»་གཞིར་བཟུང་གིས་ཚད་མའི་གཞུང་ལ་རྩོད་པ་རྡོ་རུས་ཐུག་པར་མཛད་དེ། ཚད་མའི་རིགས་ལམ་གྱི་གཏེར་བརྡོལ་བ་ལྟ་བུར་གྱུར། སྔོན་གྱི་གདན་ས་ཆེན་པོ་དབུས་ཀྱི་གསང་བདེ་གུང་གསུམ་དང་། དགའ་སྐྱོར་ཟུལ་གསུམ་སོགས་དང་། གཙང་གི་ས་སྐྱ། སྣར་ཐང་། ཞ་ལུ། ངམ་རིང་། གནས་རྙིང་སོགས་ལས་འགའ་ཞིག་ཏུ་དུས་ཕྱིས་གཞུང་ཆེན་གྱི་འཆད་ཉན་ཅུང་ཟད་ཉམས་དམས་སུ་སོང་ཡང་། དགེ་ལུགས་པའི་གདན་ས་ཆེན་མོ་ཁག་ཏུ་དེའི་རྒྱུན་མ་ཉམས་གོང་འཕེལ་དུ་བཏང་བར་མཛད། གཞན་ཡང་སོག་པོ་སོགས་མི་རིགས་གཞན་གྱི་མཁས་པ་དུ་མ་ཞིག་བསྐྱེད་བསྲིངས་མཛད་ཅིང་དེ་དག་གི་འཕྲིན་ལས་ལ་བརྟེན་ཏེ་སོག་ཡུལ་སོགས་སུའང་བོད་བརྒྱུད་ཚད་མའི་འཆད་ཉན་གྱི་སྲོལ་བཟང་པོ་དར་བར་གྱུར། དུས་རབས་ཉི་ཤུ་པའི་སྨད་དང་ཉེར་གཅིག་པའི་སྟོད་དེ་བོད་ཡུལ་བསྟན་པ་བསྐྱར་དར་གྱི་སྐབས་སུའང་བོད་ཕྱི་ནང་གི་དགེ་ལུགས་པའི་གདན་ས་ཁག་ཏུ་ཚད་མའི་འཆད་ཉན་གྱི་སྲོལ་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་དུ་བཏང་སྟེ། ཚད་མའི་བསྟན་པ་རྨང་ནས་གསོས་པ་མ་ཟད། ཆོས་བརྒྱུད་གཞན་གྱི་མཁས་པ་དུ་མ་ཞིག་ཀྱང་བསྐྱེད་བསྲིངས་མཛད། དེ་དག་གི་འཕྲིན་ལས་ལས་ཆོས་བརྒྱུད་སོ་སོའི་དགོན་སྡེ་དག་གི་ནང་དུའང་ཚད་མའི་འཆད་ཉན་གྱི་སྲོལ་བཟང་པོ་དར། དེ་ལྟར་ཕྱིས་སུ་བོད་ཡུལ་རྩོད་གྲྭ་ཁག་ཏུ་ཚད་མའི་འཆད་ཉན་གྱི་རྒྱུན་རྒྱ་ཆེར་དར་བ་ནི་རྗེ་ཙོང་པ་ཆེན་པོ་རྗེས་འབྲངས་དང་བཅས་པའི་བཀའ་དྲིན་ལ་རག་ལས་ཤིང་།   དེའི་རྩ་བའང་ཡར་དེད་ན་བོད་ཀྱི་ཚད་མའི་ལོ་རྒྱུས་ནང་ས་ཚིགས་ཀྱི་རྡོ་རིང་ལྟ་བུར་གྱུར་པ་ཆོས་རྗེ་ས་སྐྱ་པཎ་ཆེན་དང་ཁོང་གི་རྗེས་འབྲངས་མཁས་པ་དག་གི་བཀའ་དྲིན་ཡིན་པ་དང་། དེ་ཡང་ཡར་དེད་ན་བོད་ཀྱི་ཀློག་པ་པོ་ཐམས་ཅད་ཀྱི་ཆུ་མགོའི་གངས་རི་ལྟ་བུ་གསང་ཕུའི་དགོན་དུ་འཆད་ཉན་གྱི་སྲོལ་རྒྱ་ཆེར་འཛུགས་པ་པོ་བདག་ཉིད་ཆེན་པོ་རྔོག་ལོ་རྗེས་འབྲངས་དང་བཅས་པ་དང་། ཁ་ཆེའི་པཎྜི་ཏ་ཆེན་པོ་དག་དང་བོད་ཀྱི་ལོ་ཙཱ་བ་བསྟན་པ་སྔ་དར་སྐབས་ཀྱི་དཔལ་བརྩེགས་སོགས་དང་། ཕྱི་དར་སྐབས་ཀྱི་རྨ་དགེ་བློ་དང་ཞ་མ་སེང་རྒྱལ། འབྲོ་སེང་དཀར་ཤཱཀྱ་འོད་སོགས་བོད་ཀྱི་ལོ་ཙཱ་བ་དང་དེ་ལ་མཐུན་འགྱུར་མཛད་པའི་ཆོས་ཀྱི་རྒྱལ་པོ་དག་གི་བཀའ་དྲིན་ལས་བྱུང་བ་ཡིན་ནོ་ཞེས་ཤེས་པར་བྱའོ། །

མཆན་དང་ལུང་ཁུངས།

[1] དཔའ་བོ་གཙུག་ལག་ཕྲེང་བ། «ཆོས་འབྱུང་མཁས་པའི་དགའ་སྟོན།» སྟོད་ཆ། [M] མི་རིགས་དཔེ་སྐྲུན་ཁང་། 1986-6 p.726.

[2] འུ་ཡུག་པ་རིགས་པའི་སེང་གེ  །«ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་རིགས་པའི་མཛོད་ཅེས་བྱ་བ།»  [M] ཤིང་པར། p.798.

 [3 རྗེ་ཙོང་ཁ་པ་བློ་བཟང་གྲགས་པ། «རྟོགས་བརྗོད་མདུན་ལེགས་མ།» «རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ།»  (2) [G] མི་རིགས་དཔེ་སྐྲུན་ཁང་། 2019ལོའི་པར་ཐེངས་དང་པོ། p.290.

 [4] [5] [6] [7] [8] [1] [11] [12] [13]མཁས་གྲུབ་དགེ་ལེགས་དཔལ་བཟང་། «རྣམ་ཐར་དད་པའི་འཇུག་ངོགས།»  [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1982-3 p. 28-29. p. 29.  p.32. p.33. p. 46. p.21-22. p. 81. p. 42-43. p. 97.

[༩] འབྲུག་རྒྱལ་དབང་ཆོས་རྗེ། «རྗེའི་རྣམ་ཐར་ཆེན་མོ།»  [M]  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1981-1 p.155 p.21-22.

[14] ཀློང་རྡོལ་ངག་དབང་བློ་བཟང་།  «ཀློང་རྡོལ་ངག་དབང་བློ་བཟང་གི་གསུང་འབུམ།» [G]བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2002-3 p.573.

[15] ལྕང་སྐྱ་རོལ་བའི་རྡོ་རྗེ། «གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན།»   [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1989-1  P.147-148.

[16] རྒྱལ་ཚབ་དར་མ་རིན་ཆེན། «རྣམ་འགྲེལ་གྱི་རྣམ་བཤད་ཐར་ལམ་ཕྱིན་ཅི་མ་ལོག་པར་གསལ་བར་བྱེད་པ།» «རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ།» (25) [G] མི་རིགས་དཔེ་སྐྲུན་ཁང་། 2019ལོའི་པར་ཐེངས་དང་པོ།  p.734.

 [17]རྗེ་ཙོང་ཁ་པ་བློ་བཟང་གྲགས་པ། «རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ།» «རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ།»  (2) [G]མི་རིགས་དཔེ་སྐྲུན་ཁང་། 2019ལོའི་པར་ཐེངས་དང་པོ། p.301-302.

[18]རྗེ་ཙོང་ཁ་པ་བློ་བཟང་གྲགས་པ། «རྟོགས་བརྗོད་མདུན་ལེགས་མ།» «རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ།»(2) [G]མི་རིགས་དཔེ་སྐྲུན་ཁང་། 2019ལོའི་པར་ཐེངས་དང་པོ། p.292-293.


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།