འདོད་པ་མེད་པར་འདོད་པ། __རྩིས་ཆེ་ལེགས་མཐོང་།

19182




ཚ་བ་མདའ་སྨྱུག་གིས་ནང་ཆོས་ལ་དགག་པ་བརྒྱབ་གནང་བ་ཡང་དེང་དུས་ཀྱི་ནང་པའི་མཁས་པ་འགའ་ཤས་ཀྱི་ང་རྒྱལ་དང་འུད་ཤོབ་ཆེ་དྲགས་པ་ལ་བརྟེན་ནས་ཡིན་པ་བཞིན་སྲོལ་རྒྱུན་གྱི་ནང་པ་འགའ་ཞིག་ཆོས་དང་འཇིག་རྟེན་གང་ནས་ཀྱང་ཤེས་ཚད་ཧ་ཅང་ཆུང་ན་ཡང་ང་རྒྱལ་ཧ་ཅང་ཆེ་བ་དེ་དག་ལ་སྐབས་དང་སྐབས་སུ་དོགས་པ་དང་དགག་པ་ནི་ནམ་ཡང་རྒྱུན་ཆད་མི་རུང་སྟེ། རློམས་སེམས་ཀྱི་ང་རྒྱལ་ནི་ནམ་ཡང་ཤེས་རབ་ཀྱི་སྒོ་འབྱེད་པའི་སྒོ་གཏན་ལྟ་བུ་ཡིན་ལ། དོགས་དཔྱོད་ནི་ནམ་ཡང་ཤེས་རབ་ཀྱི་སྒོ་འབྱེད་པའི་ལྡེ་མིག་ལྟ་བུ་ཡིན། ལྷག་པར་དུ་ནང་ཆོས་ནི་བརྟགས་དཔྱད་གཙོར་འདོན་གྱི་ཆོས་ལུགས་ཤིག་ཡིན་པས་ན་སྐྱ་སེར་སུ་ཡིན་ཀྱང་ནང་ཆོས་ལ་དོགས་པ་ཡོད་མཁན་རྣམས་ཀྱིས་དོགས་པ་སློང་དགོས་ལ། ལན་རྒྱག་ཐུབ་མཁན་ཚོས་དེ་ལ་འགན་ཁུར་ནས་ལན་རྒྱག་དགོས། དོན་མཐུན་གྱི་ལན་མེད་ན་དགག་པ་དང་སྐྱོན་བརྗོད་དེ་ལྟ་བུ་མི་རུང་བ་དང་མི་འོས་པ་སོགས་མ་བཤད་པར་དེའི་ཚབ་ལ་རང་ཉིད་ཀྱིས་སློབ་སྦྱོང་བྱ་དགོས།

སྐབས་འདིར་ཁོ་བོས་བཤད་འདོད་པ་ནི་མུ་སི་ལིམ་གྱི་མཁས་པ་ Zakir Naik རྫ་ཀིར་ནེག་གིས་ནང་པའི་བདེན་བཞིའི་ལྟ་གྲུབ་ལ་དགག་པ་གནང་བ་དེ་ཡིན་ཞིང་། འདི་ལ་ཡང་བསམ་བློ་གཏོང་དགོས་པ་ངེས་པར་ཡོད་ཅིང་དྲི་བ་དེ་དག་གི་ལན་ཀྱང་ངེས་པར་དུ་དགོས། མུ་སི་ལིམ་གྱི་མཁས་པ་ཁོང་ནི་སྙན་གྲགས་ཧ་ཅང་ཆེ་བས་གསུང་བཤད་རེ་རེ་ལ་ཉན་མཁན་མི་ཁྲི་ཕྲག་དང་འབུམ་ཕྲག་ཡོད། ཁོང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི་མི་དམངས་ཀྱི་དཀྱིལ་ནས་མུ་སི་ལིམ་གྱི་ཆོས་ལུགས་ལ་སྐྱོན་བརྗོད་མཁན་དང་། དོགས་པ་འདྲི་མཁན་ཡོད་ན་ཁོང་གིས་དེ་ལ་དགའ་བསུ་གནང་སྟེ་སྐྱོན་བརྗོད་སོགས་བྱེད་པའི་ཚབ་ལ་རིགས་པའི་ལམ་ནས་དེའི་གསལ་བཤད་བྱེད་པ་འདི་རེད། ཁོང་གིས་དེ་འདྲ་གནང་དགོས་པའི་རྒྱུ་མཚན་ནི་མུ་སི་ལིམ་ཆོས་ལུགས་ལ་རྨོངས་ཞེན་ཡིན་པའི་སྐྱོན་བརྗོད་མང་བ་དང་། ཆོས་ལུགས་ནང་ཁུལ་དུ་ཞི་བདེ་ཡོང་བ་སོགས་ཀྱི་ཆེད་དུ་ཡིན་པར་གསུངས་ན་ཡང་། སྐབས་དང་སྐབས་སུ་ཁོང་གིས་ཀྱང་ཆོས་ལུགས་ཕལ་མོ་ཆེར་དགག་པ་བརྒྱབ་ཅིང་། དེ་ལ་བརྟེན་ནས་ཆོས་ལུགས་ཀྱི་འགལ་ཟླ་ཇེ་ཆེར་གྱུར་པས་ད་ལྟའི་ཆར་རྒྱ་གར་ལ་སོགས་པའི་ཡུལ་གྲུ་མང་པོར་ཁོང་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ཉེས་ཅན་མི་སྣར་ཚུད་དེ་རྒྱལ་ཁབ་ཀྱི་ར་བ་འདིར་འཛུལ་མི་ཆོག་པའི་མི་སྣར་གྱུར་ཡོད།

ཁོང་གིས་རིགས་པའི་ལམ་ནས་མུ་སི་ལིམ་གྱི་ཆོས་ལུགས་ལ་འགྲེལ་བརྗོད་དང་དོགས་སེལ་གནང་བ་ནི་བསྔགས་བརྗོད་འོས་པ་ཞིག་ལོས་ཡིན་ཅིང་། ངས་ཁོང་གིས་གསུང་བཤད་དང་དྲི་བ་དྲི་ལན་གནང་སའི་བརྙན་ཁ་ཤས་ལྟ་མྱོང་བར་ལོ་ན་གཞོན་པའི་བུ་ཞིག་གིས་ཁོང་ལ་གལ་སྲིད་ཨ་ལཱའམ་དཀོན་མཆོག་གིས་འཇིག་རྟེན་ཐམས་ཅད་ལ་འདི་ལྟར་བྱམས་པ་དང་བརྩེ་བ་ཚད་མེད་པ་ཡོད་པ་བདེན་ན་དམྱལ་བ་ཅིའི་ཕྱིར་བཟོས་པ་རེད་ཅེས་དྲིས་པ་ལ། ཁོང་གིས་དེའི་ལན་དུ་བཟང་ངན་སོ་སོའི་འབྲས་བུ་ལ་དམྱལ་བ་དང་ཞིང་ཁམས་བཟོས་ནས་མི་རྣམས་ལ་དཀོན་མཆོག་གིས་དེ་དག་གང་དུ་འགྲོ་རང་དབང་གཏད་གནང་བ་རེད། ལྷ་རྣམས་ལ་རང་དབང་མེད་པ་རེད་ལ། མི་རྣམས་ལ་རང་དབང་ཡོད་པས་མི་རྣམས་ལ་དཀོན་མཆོག་བཀའ་དྲིན་ཆེན་པོ་མ་རེད་དམ་ཞེས་སོགས་ཀྱིས་འགྲེལ་བརྗོད་མང་ཙམ་གནང་ན་ཡང་བུ་དེས་ངས་དཀོན་མཆོག་གིས་ང་ཚོར་བརྩེ་བ་ཡོད་ན་དམྱལ་བ་བཟོ་བར་ཡིད་ཆེས་མེད་ཅེས་སོགས་བཤད། འདི་ནི་མུ་སི་ལིམ་དང་ཡེ་ཤུ་ཆོས་ལུགས་སོགས་ལ་གཞི་ལམ་འབྲས་གསུམ་གྱི་གཞི་ལྟ་བུ་ཡང་ཡིན་ཅིང་། གསལ་བཤད་བྱ་མི་ཐུབ་པ་ཁག་ཤོས་ཀྱང་ཡིན་པ་ལ། ད་ལྟའི་བར་སུས་ཀྱང་འདིའི་དོགས་སེལ་ནུས་མེད་ན་མཁས་པ་ཁོང་གིས་ཀྱང་ག་ལ་ནུས། བུ་དེའི་དོགས་པ་སེལ་ཐུབ་མེད་པ་དང་། ལྟད་མོ་བ་གཞན་གྱི་དོགས་པ་ཡང་སེལ་ཐུབ་མེད་པ་ནི་བརྙན་དེའི་གཤམ་འོག་གི་མཆན་རྣམས་ལས་མཐོང་ཐུབ།

མི་རྣམས་ནི་བླང་དོར་གྱི་གནས་ལ་ཤིན་ཏུ་རྨོངས་པས་ཐ་ན་དཀོན་མཆོག་གིས་གང་གསུངས་པ་ལྟ་ཞོག དཀོན་མཆོག་ཡོད་མེད་ཙམ་ཡང་མི་ཤེས་པས་དཀོན་མཆོག་ལ་མཚོན་ན་མི་རྣམས་ནི་ནར་མ་སོན་པའི་ཕྲུ་གུ་དང་འདྲ་ཞིང་། དམྱལ་བ་དང་ཞིང་ཁམས་སོགས་ནི་དཀོན་མཆོག་གིས་མིག་གིས་དངོས་སུ་མཐོང་སར་བཟོས་མེད་པ་དེས། དེ་དག་ནི་གསང་བའི་གཡང་ས་ལྟ་བུར་གྱུར་ཡོད་པ་ལ། བྱམས་པ་དང་སྙིང་རྗེ་ཚད་མེད་པའི་དཀོན་མཆོག་གིས་རང་གི་བུ་ཕྲུག་ལྟ་བུའི་འགྲོ་བ་མི་རྣམས་ལ་དོན་མེད་དང་དགོས་མེད་ཀྱི་གདམ་ག་དེ་འདྲ་ཞིག་གནང་བ་ནི་ཅིའི་ཕྱིར་རེད། རྩེད་མོ་རེད་དམ། རེད་ན་སྙིང་རྗེ་ནི་གང་ཞིག་རེད། མུ་སི་ལིམ་གྱི་མཁས་པ་ཁོང་གིས་རང་ཉིད་ཀྱི་ཁྱིམ་གྱི་ཁུག་སོ་དག་ཏུ་མི་མངོན་པའི་ཚུལ་དུ་དུག་སྦྲུལ་དང་འབར་རྫས་ལྟ་བུ་སྲོག་ལ་ཉེན་ཁ་ཡོད་པའི་དངོས་པོ་འདྲ་མིན་བཞག་ནས་རང་གི་སྙིང་ལྟར་གཅེས་པའི་བུ་ཕྲུག་རྣམས་ལ་འདི་དང་འདི་ལ་མ་འགྲོ་མ་གཏོགས་སྲོག་ལ་ཉེན་ཁ་ཡོད་ཅེས་གདམས་ག་བྱེད་དུ་བཅུག་གམ། ཡང་ན་ཕྲུ་གུ་བསམ་མེད་ཀྱིས་གང་ཡང་བྱེད་སྲིད་ཅིང་། དེ་དག་ལ་གནོད་པ་ཕྲན་བུ་ཙམ་བྱུང་ན་ཡང་བཟོད་མི་ཐུབ་པས་སྦྲུལ་དང་འབར་རྫས་གསར་པ་འཇོག་པ་ལྟ་ཞོག་ཡོད་ཀྱང་རྒྱང་དུ་དོར་བ་གང་བྱེད་ཅེས་དྲིས་ན་སེམས་རྣལ་དུ་གནས་པ་ཞིག་ཡིན་ན་ལན་གང་ཡིན་ནི་ང་ཚོ་སུས་ཀྱང་ཚོད་དཔག་ནུས།

དེས་ན་ཡེ་ཤུ་དང་མུ་སི་ལིམ་བཅས་ཀྱི་ཆོས་ལུགས་ཀྱི་གཞི་རྩའི་ལྟ་གྲུབ་དང་། སྙིང་པོ་ལྟ་བུ་ནི་ལྷ་ཆེན་པོའམ་དཀོན་མཆོག་ཡིན་པ་ལ། དཀོན་མཆོག་ནི་ཐོག་མར་ཡོད་པའི་སྒྲུབ་བྱེད་སྣ་གཅིག་མེད་དེ། གཟའ་མིག་དམར་གྱི་ངོས་སུ་རྡོ་སེར་པོ་འོད་ལྔ་འཕྲོ་བ་ཞིག་ཡོད་མེད་ང་ཚོའི་རྗེས་དཔག་གི་རིགས་པས་སྒྲུབ་མི་ཐུབ་པ་བཞིན་མི་མངོན་པའི་འཇིག་རྟེན་དུ་གང་ཞིག་ཡོད་པ་དང་གང་ཞིག་མེད་པ་སུ་ཞིག་གིས་སྒྲུབ་ཐུབ། དེ་ནས་དཀོན་མཆོག་གིས་འཇིག་རྟེན་བཟོས་པ་ལ་ཡང་སྒྲུབ་བྱེད་སྣ་གཅིག་མེད། རང་བྱུང་ཁམས་ལ་བློ་ཡུལ་ལས་འདས་པའི་ངོ་མཚར་མང་བས་དེ་དག་ལ་བཟོ་བ་པོ་ཞིག་ཡོད་སྲིད་དྲན་ན་ཡང་རང་བྱུང་ཁམས་འདིར་གནོད་པ་ཅན་སོགས་མི་དགོས་པའི་དངོས་པོས་ཀྱང་གང་ནས་ཡོད་ན་ངོ་མཚར་དེ་ལྟ་བུ་བཟོ་སྐྲུན་ཐུབ་པའི་རྣམ་དཔྱོད་ཅན་གྱིས་དགོས་མེད་དེ་ལྟ་བུ་དག་བཟོས་ནས་གང་བྱེད། འཇིག་རྟེན་ནི་གང་ནས་བྱུང་། ཅི་ཞིག་ལས་གྲུབ། ད་ལྟའི་བར་གསང་བ་ཡིན་པས་དཀོན་མཆོག་གིས་བཟོས་པ་ཡིན་སྲིད་ན་ཡང་། དཀོན་མཆོག་གིས་འཇིག་རྟེན་བཟོས་ཚུལ་དང་། དེའི་དུས་ཚོད་བཤད་པ་སོགས་ནི་ཚན་རིག་དང་འགལ་ཡོད་ལ། ལྷག་པར་དཀོན་མཆོག་གིས་སེམས་ཅན་བཟོས་ཚུལ་བཤད་པ་ནི་ཚན་རིག་དང་རྩ་བ་ནས་འགལ་ཡོད་ཅིང་། དཀོན་མཆོག་གིས་འཇིག་རྟེན་བཟོས་པའི་ལྟ་གྲུབ་ལ་གནོད་པའི་དཔངས་རྟགས་ནི་ལོ་རེ་ལས་ཀྱང་ལོ་རེ་ཇེ་མང་དུ་འགྲོ་བཞིན་ཡོད།

གལ་ཏེ་དཀོན་མཆོག་གིས་འཇིག་རྟེན་ཆ་ཚང་བ་བཟོས་པ་བདེན་ན་ཡང་། འཇིག་རྟེན་འདིར་དྲང་བདེན་མིན་པའི་གནས་ཚུལ་ཧ་ཅང་མང་བས་བཟང་ངན་ཆ་ཚང་དཀོན་མཆོག་གིས་བཟོས་ན་དཀོན་མཆོག་ནི་ཡག་པོ་ཡིན་པར་སྒྲུབ་མི་ཐུབ་ལ། དཀོན་མཆོག་གིས་བཟང་པོ་གཅིག་པུ་བཟོས་ན་བཟང་པོ་ལས་ཀྱང་ངན་པ་ནུས་པ་ཆེ་བ་དེས་དཀོན་མཆོག་ནི་ནུས་མཐུ་འགྲན་ཟླ་བྲལ་བར་སྒྲུབ་མི་ནུས། མ་ཟད་དངོས་པོ་གཅིག་ལ་ཡང་གློག་ལྟ་བུ་མཚོན་ན་བེད་སྤྱོད་གཏོང་ཤེས་ན་ཕན་པ་ཅན་དང་། གཏོང་མ་ཤེས་ན་གནོད་པ་ཅན། ཆང་ལྟ་བུ་མཚོན་ན་འཐུང་ཚོད་རན་ན་གཟུགས་པོ་ལ་ཕན་ཞིང་། འཐུང་ཚོད་མ་རན་ན་གཟུགས་པོ་ལ་གནོད་པ། དཔའ་བོ་ལྟ་བུ་ཁ་ཅིག་ལ་མཚོན་ན་གྲོགས་དང་། ཁ་ཅིག་ལ་ལྟོས་ན་དགྲ། འདོད་ཆགས་ལྟ་བུ་སྐབས་རེ་ཡོན་ཏན་ལ་འདོད་ཆགས་སྐྱེ་བས་ཕན་པ་དང་། སྐབས་རེ་སྐྱོན་ལ་འདོད་ཆགས་སྐྱེ་བས་གནོད་པ་ལྟ་བུ་མདོར་ན་འཇིག་རྟེན་གྱི་ཁམས་དང་། མི་ཡི་མི་ཚེའི་ནང་དུ་དངོས་པོ་རེ་རེ་ལ་ཡང་བཟང་ངན་གྱི་ཆ་མི་འདྲ་བ་ཧ་ཅང་མང་བས་དེ་དག་བཟང་ངན་གང་ཡིན་ཀྱང་གནས་སྐབས་དང་གང་ཟག་སོ་སོ་ལ་རག་ལས་པ་ལས་དངོས་པོ་རང་ངོས་ནས་འདི་ནི་བཟང་པོའོ།། འདི་ནི་ངན་པའོ།། ཞེས་ཐག་གཅོད་ཐུབ་པ་ཞིག་མེད་པ་དེས་ཡེ་ཤུ་དང་ཁ་ཆེ་སོགས་ཆོས་ལུགས་མང་པོས་འགའ་ཤས་ཤིག་མཐའ་གཅིག་ཏུ་བཟང་པོར་བརྩིས། འགའ་ཤས་ཤིག་མཐའ་གཅིག་ཏུ་ངན་པར་བརྩིས་ནས་བཟང་པོ་ནི་དཀོན་མཆོག་གི་ཐུགས་རྗེའོ།། ངན་པ་ནི་བདུད་ཀྱི་ཆོ་འཕྲུལ་ལོ་ཞེས་བརྗོད་པ་ཡང་དངོས་པོའི་དེ་ཉིད་ལ་རྒྱུས་མངའ་གཏིང་ཟབ་པོ་མེད་པའི་རྟགས་མཚན་གསལ་པོའོ།།

མདོར་ན་དཀོན་མཆོག་ནི་དྲང་བདེན་དང་བཟང་པོ་ཡིན་པར་སྒྲུབ་མི་ཐུབ་པ་དེས་ལམ་འདི་ལ་ཞུགས་པའི་འབྲས་བུ་ཡང་བཟང་ངན་གང་འབྱུང་མིན་དོགས་པ་འོས་པ་ལས་མཐའ་གཅིག་ཏུ་ཡིད་ཆེས་འོས་པ་ཞིག་མིན་པ་ནི་གསལ་པོ་སྟེ། འཇིག་རྟེན་འདིར་ཡང་དཀོན་མཆོག་ལ་དད་མཁན་རྣམས་ཀྱི་སྲོག་སོགས་དཀོན་མཆོག་ལ་མི་དད་མཁན་ཚོར་ཤོར་བ་སོགས་དཀོན་མཆོག་གིས་མི་རྣམས་ལ་དྲང་བདེན་མི་བྱེད་པ་ནི་གསལ་པོ་ཡིན་པ་ལ་ཞིང་ཁམས་སུ་སྐྱེས་ཟིན་རྗེས་ཀྱང་དཀོན་མཆོག་གིས་དྲང་བདེན་གནང་མིན་ནི་ཧ་ཅང་བརྗོད་དཀའ་བ་ཞིག་གོ།། དེ་ལྟར་མུ་སི་ལིམ་དང་ཡེ་ཤུ་ལ་སོགས་པའི་ཆོས་ལུགས་ལ་ཡང་ལེགས་བཤད་མང་དུ་ཡོད་པ་དང་། དེ་དག་གིས་སྤྱི་ཚོགས་ལ་ཕན་རླབས་ཆེ་བ་བདེན་ན་ཡང་དེ་དག་གི་གཞི་རྩའི་ལྟ་གྲུབ་ལ་རིགས་པའི་སྒྲུབ་བྱེད་མེད་པ་དང་། ཚན་རིག་དང་མི་མཐུན་པ། དངོས་པོའི་གནས་ཚུལ། ཐ་ན་མི་སྒེར་གྱི་ཉམས་མྱོང་སོགས་དང་འགལ་བ་ཡང་ཧ་ཅང་མང་བས་ད་ལྟའི་ཆར་ནུབ་ཕྱོགས་གཙོ་བོར་གྱུར་པ་ལ་སྤྱིར་ཆོས་ལུགས་ལ་ཡིད་ཆེས་ཡོད་མཁན་ཇེ་ཉུང་དུ་འགྱུར་གྱི་ཡོད་ལ། མ་མཐར་ཡང་ཆོས་ལུགས་ལ་སྲོལ་རྒྱུན་གྱི་བཤད་སྲོལ་དང་མཐུན་པ་ཞིག་ཡིད་ཆེས་ཐབས་མེད་པར་གྱུར་ཡོད། འོན་ཀྱང་འགའ་ཤས་ནི་ད་དུང་ཨུ་ཚུགས་ཀྱིས་འདི་དག་ལ་ཞེན་པས་ཚན་རིག་པའི་བཤད་སྲོལ་ཐམས་ཅད་འདྲེ་དང་གདོན་གྱི་མཐུ་རེད་ཅེས་བཤད་ནས་ད་དུང་ཡང་རྒྱ་རྐུབ་བྲག་ལ་བརྟེན་ནས་འཚོ་བཞིན་ཡོད། ཆོས་ལུགས་དེ་སོ་སོར་ཤེས་རབ་ཅན་དང་མཁས་པ་ཕུལ་དུ་བྱུང་བ་མང་དུ་ཡོད་ཀྱང་། ཆོས་ལུགས་ནི་གཙོ་བོ་ཤེས་རབ་ལས་ཀྱང་རྨོངས་ཞེན་དང་ཞེད་སྣང་། རེ་དོགས་བཅས་ལ་བརྟེན་ནས་དར་གྱི་ཡོད་པ་བཞིན་འདི་དག་ཀྱང་དེ་ལས་མ་འདས་སོ།།

དེར་བརྟེན་མཁས་པ་ཆེན་པོ་རྫ་ཀིར་ནེཀ་གིས་མུ་སི་ལིམ་གྱི་ནང་འགལ་གཡག་ཙམ་མ་མཐོང་བར་ནང་ཆོས་ཀྱི་ནང་འགལ་ཤིག་ཙམ་ཡང་མངོན་སུམ་དུ་མཐོང་ནས་གསུངས་པའི་ནང་དོན་ནི་མདོར་བསྡུས་ནས་བཀོད་ན། ཁོང་གིས་ནང་ཆོས་ཀྱི་བདེན་པ་བཞི་ལས་སྡུག་བསྔལ་བདེན་པ་དང་ཀུན་འབྱུང་བདེན་པ་གཉིས་ལ་དགག་པ་མེད་ན་ཡང་། ལམ་བདེན་དང་འགོག་བདེན་ལ་དགག་པ་ཡོད། དེའི་རྒྱུ་མཚན་ནང་པ་རྣམས་ཀྱིས་འདོད་པ་ནི་སྡུག་བསྔལ་རེད་ཅེས་བཤད་ནས་ཡང་འགོག་བདེན་འདོད་དགོས་པར་བཤད་པ་དེ་ནང་འགལ་རེད་ཅེས་གསུངས། ཐོག་མར་ཁོང་རང་གི་གསུང་ལ་ནང་འགལ་འདི་འདྲ་ཞིག་ཡོད་དེ། ཁྱེད་ཀྱིས་སྡུག་བསྔལ་ནི་འདོད་པ་ལས་འབྱུང་བ་དང་། འདོད་པ་ནི་ཀུན་འབྱུང་ཡིན་པར་དགག་པ་མེད་ན། སྡུག་བསྔལ་མི་དགོས་ན་ཀུན་འབྱུང་སྤོང་དགོས་སམ་མི་དགོས། སྤོང་དགོས་ན་ཁྱེད་ཀྱིས་དགག་པ་དེ་ཉིད་ཁྱེད་རང་ལ་ཡང་འཇུག་ཅིང་། གལ་ཏེ་ཀུན་འབྱུང་སྤོང་མི་དགོས་ན་སྡུག་བསྔལ་གྱི་རྒྱུ་ནི་ཀུན་འབྱུང་ཡིན་པར་ཁྱོད་ཀྱིས་འདོད་བཞིན་དུ་དེ་སྤོང་མི་དགོས་ན་ཤུགས་ལ་སྡུག་བསྔལ་སྤོང་མི་དགོས་པར་འདོད་དགོས་ཤིང་། དེ་ལྟར་འདོད་ན་ཁྱེད་ཀྱིས་ཀྱང་བླང་དོར་གསུངས་ནས་ཅི་བྱེད།

ད་ནི་ནང་ཆོས་གཞིར་བཟུང་གིས་གསལ་བཤད་བྱས་ན། ཐོག་མར་འདི་ཉིད་ནང་འགལ་ལྟ་བུར་སྣང་ཡང་ནང་འགལ་མ་ཡིན་པའི་རྒྱུ་མཚན་ནི། བདེ་སྐྱིད་ཀྱི་ཆེད་དུ་དཀའ་ལས་རྒྱག་དགོས་པ་ནི་རྩོད་མེད་ཡོངས་གྲགས་ལ། དཀའ་ལས་རྒྱག་པ་ནི་བདེ་བ་རེད་དམ་སྡུག་བསྔལ་རེད། དཀའ་ལས་རྒྱག་པ་ནི་བདེ་བ་ལས་ཀྱང་སྡུག་བསྔལ་ཤུགས་ཆེ་ན་ཡང་དེ་ལ་བརྟེན་ནས་བདེ་སྐྱིད་འཐོབ་རྒྱུ་ཡོད་པ་ནི་མངོན་སུམ་ཡིན་པས་བདེ་བའི་ཆེད་དུ་སྡུག་བསྔལ་མྱོང་བ་ཐད་ཀར་བལྟས་ན་ནང་འགལ་ཡིན་ཀྱང་དོན་དུ་ནང་འགལ་མིན་པར་ཏག་ཏག་རང་བྱུང་གི་འགྲོ་སྟངས་དང་མཐུན་ཡོད། དེ་ནི་འཇིག་རྟེན་གྱི་ཁ་དཔེར། བཟང་དྲུག་སྨན་ལ་ཞིམ་པོ་མེད་ཅེས་གྲགས་པ་ལྟར། སྨན་ཟ་བ་ནི་བདེ་བའི་ཆེད་དུ་ཡིན་པ་ལ། སྨན་ཟ་བ་ནི་སྡུག་བསྔལ་ཡིན་ཀྱང་། བདེ་བའི་ཆེད་དུ་སྡུག་བསྔལ་མྱོང་བ་ལྟ་བུའོ།། མི་མང་པོས་བདེ་སྡུག་གཉིས་ནི་འགལ་བ་ཡིན་པས་བདེ་བའི་ཆེད་དུ་སྡུག་བསྔལ་གྱི་བྱ་བ་གང་ཡང་སྒྲུབ་མི་རུང་དྲན་པ་ལ་བརྟེན་ནས་ལེ་ལོ་དང་གོམས་གཤིས་ངན་པ་སོགས་བྱུང་སྟེ། བདེ་བའི་འབྲས་བུར་སྡུག་བསྔལ་མྱོང་གི་ཡོད་ལ། ཤེས་རབ་དང་ལྡན་པ་རྣམས་ཀྱིས་བདེ་བ་དགོས་ན་སྡུག་སྔལ་སྤྱོད་དགོས་པ་དང་། དེ་ཡང་སྤྱོད་ཚུལ་ཤེས་དགོས་པ་དེ་རྟོགས་ཀྱི་ཡོད་པ་ལ་བརྟེན་ནས་དེ་དག་ལ་ཆོས་དང་འཇིག་རྟེན་གང་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཀྱི་ཡོད།

དེ་ནི་རགས་པའི་དབང་དུ་སྟེ། ཞིབ་ཕྲའི་དབང་དུ་བྱས་ན་ཡང་། ཁ་ཤས་ཀྱིས་བུད་མེད་ཧ་ཅང་མཛེས་མ་དང་། སྐྱེས་པ་ཧ་ཅང་བག་ཆགས་པ་ལ་མི་དགའ་བར་སྤྱིར་མཛེས་མ་དང་རྫིག་པོ་ཡིན་ཀྱང་སྐྱོན་གྱི་ཆ་ཕྲན་བུ་ལ་ཡོད་པ་ལ་དགའ་བ་དང་། ཡང་ཁ་ཤས་ཀྱིས་སངས་རྒྱས་སོགས་ཆོས་ལུགས་ཀྱི་སྟོན་པ་དང་། ལྷ་སྒྲུང་དང་གཏམ་རྒྱུད་ནང་གི་མི་སྣ་རྣམས་ཧ་ཅང་སྐྱོན་མེད་རྣམ་དག་ཡིན་པར་མི་དགའ་བར་སྐྱོན་དང་ནོར་འཁྲུལ་ཕྲན་བུ་ཡོད་པ་ལ་དགའ་བ་བྱེད་པ་ཡང་། མི་ཡི་སེམས་ཁམས་ཀྱི་འགྲོ་སྟངས་གཅིག་གི་དབང་དུ་བྱས་ན་སྐྱོན་མེད་པ་ནི་སྐྱོན་རེད་ལ། སྐྱོན་ཅུང་ཟད་ཡོད་པ་ཡང་ཡོན་ཏན་ཡིན་པའི་རྒྱུ་མཚན་གྱིས་སོ།། དེ་བཞིན་དུ་སྤྱིར་དགའ་བ་དང་སྡང་བ་ནི་འགལ་བ་ཡིན་ཀྱང་བརྩེ་དུང་གི་འཇིག་རྟེན་ནང་དུ་ཁ་ཤས་ཀྱིས་རང་ཉིད་ཀྱིས་དགའ་བ་ལ་སྡང་བ་སྐྱེ་ཞིང་། ཀུན་སྤྱོད་ཀྱི་ངོས་ནས་སྐྱེ་བོ་ཁ་ཤས་ཀྱིས་སྤང་བྱ་ལ་སྡང་བ་ལ་དགའ་བ་སྐྱེ་བ་ཡང་ཡོད། དེས་ན་སེམས་ནི་ངོ་མཚར་གྱི་ཆོ་འཕྲུལ་ཡིན་པས་མི་དྲན་པ་ཉིད་དྲན་དུ་ཡོད་ཅིང་། བརྗེད་པ་ཡང་བརྗེད་དུ་འགྲོ་བ་སོགས་ཡོད་པས་ན། བཀའ་བརྒྱུད་པས་རྣམ་རྟོག་མི་འགོག་པ་ནི་རྣམ་རྟོག་འགོག་པའི་ཐབས་ལམ་ཡག་ཤོས་ཡིན་པར་གསུངས། དེ་ནི་དཔེར་ན་དོན་རྐྱེན་ཡིད་དུ་མི་འོང་བ་ཞིག་བརྗེད་ཐབས་ཀྱི་ཐབས་ལམ་བཟང་ཤོས་ནི་བརྗེད་ཐབས་ཀྱང་མི་བྱེད་པ་ཡིན་པ་ལྟ་བུའོ།།

ཡང་ནང་པ་མང་པོས་ཀྱང་ཞིབ་ཕྲ་ངེས་མི་ཐུབ་པའི་དཀའ་གནད་གཅིག་ནི་སྤྱིར་ཉོན་མོངས་བཤད་པ་ན་འདོད་པ་ནི་འདོད་ཆགས་དང་། མི་འདོད་པ་ནི་ཞེ་སྡང་། བར་མ་བཏང་སྙོམས་ནི་གཏི་མུག་ཅེས་བཤད་པ་སོགས་ཡོད་ན་ཡང་། འདོད་པ་ཐམས་ཅད་འདོད་ཆགས་དང་དེ་ཡང་ཉོན་མོངས་ཡིན་པར་གསུངས་པ་ག་ལ་ཡིན། བྱང་ཕྱོགས་སོ་བདུན་གྱི་སྐབས་སུ་རྫུ་འཕྲུལ་གྱི་རྐང་པ་བཞིའི་ནང་གི་འདུན་པ་ཡང་ཚིག་མི་འདྲ་བ་ཙམ་ལས་དོན་དུ་འདོད་པ་ཡིན་པ་ལས་འདོད་པ་ཙམ་ཡང་མེད་ན་འདུན་པ་ཞིག་ག་ལ་ཡོང་ཐུབ། མདོར་ན་བྱ་བ་གང་དང་གང་བསྒྲུབ་དགོས་ན་ཡང་དེ་དང་དེ་བསྒྲུབ་འདོད་ཀྱི་བློ་མེད་པར་སྒྲུབ་ཐབས་མེད་ཅིང་། སྒྲུབ་འདོད་ཀྱི་བློ་ནི་འདོད་པ་མ་རེད་ཅེས་བཤད་མཁན་གྱི་སེམས་ལྡན་སུ་ཞིག་ཡོད། ཐེག་པ་ཆེན་པོའི་ནང་དུ་ཡང་།  ཐེག་པ་ཆེན་པོའི་ཆོས་ཀྱི་སྙིང་པོར་གྲགས་པ་སེམས་བསྐྱེད་ངོས་འཛིན་པ་ན། རྒྱལ་ཚབ་བྱམས་པས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།། ཡང་དག་རྫོགས་པའི་བྱང་ཆུབ་འདོད།། ཅེས་བྱང་ཆུབ་ཀྱི་སེམས་ཀྱང་འདོད་པ་ཞིག་ཡིན་པར་གསུངས་པ་ལ། སེམས་བསྐྱེད་ནི་ཉོན་མོངས་རེད་ཅེས་གསུངས་པ་ཞིག་ཕལ་ཆེར་ཡོད་མི་སྲིད།

ནང་ཆོས་ཀྱི་དཔེ་ཆ་མང་པོའི་ནང་དུ་ཉོན་མོངས་ཀྱི་མཚན་ཉིད་ལ་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པ་ཞེས་གསུངས་པས་འདོད་པ་ཡོད་དོ་ཅོག་གིས་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པ་ག་ལ་ཡིན། ཡིན་ན་སེམས་ཅན་རྣམས་ལ་སེམས་ཞི་བའི་གནས་སྐབས་ནམ་ཡང་མེད་པའི་ཐལ་བ་ཡོད། རྒྱུ་མཚན་དེས་ཁོ་བོས་བསམས་ན་ནང་ཆོས་སློབ་གཉེར་བ་རྣམས་ཀྱིས་འདོད་པ་ཙམ་དང་ཉོན་མོངས་ཀྱི་ནང་ཚན་དུ་གྱུར་པའི་འདོད་པའི་ས་མཚམས་འབྱེད་ཐུབ་དགོས། འདོད་པ་ཞེས་པ་ནི་བཟང་ངན་གང་ཡིན་ན་ཡང་དེ་དོན་དུ་གཉེར་འདོད་དམ་ཐོབ་འདོད་ཀྱི་བསམ་བློ་ཙམ་ཡིན་ན་ཡང་། འདོད་ཆགས་ནི་དེ་ལས་བརྒལ་ནས་འདོད་པ་སྤྱིར་བཏང་བ་དེ་ཉིད་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་གནས་སྐབས་ལ་འཕོས་པར་གོ་བ་ཡིན། འདོད་ཆགས་དྲག་པོ་ནི་ལྷ་ལ་འདོད་ཆགས་དྲག་པོ་སྐྱེས་ཀྱང་སྤང་བྱ་དང་། མི་ལ་འདོད་ཆགས་དྲག་པོ་སྐྱེས་ཀྱང་སྤང་བྱ་ཡིན་པ་ལྟར་འདོད་ཆགས་དེ་སྐྱེ་བའི་དམིགས་ཡུལ་བཟང་ངན་གྱིས་འདོད་ཆགས་དེ་ཉིད་སྤོང་དགོས་མིན་གྱི་ས་མཚམས་འབྱེད་པ་མ་ཡིན་པར་དམིགས་རྐྱེན་བཟང་ངན་གང་ལ་བརྟེན་ནས་འདོད་ཆགས་དེ་སྐྱེས་ཀྱང་འདྲ། དེ་སྐྱེས་པ་ལ་བརྟེན་ནས་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱས་ན་དེ་ནི་སྡུག་བསྔལ་གྱི་རྒྱུར་གྱུར་པས་སངས་རྒྱས་ཀྱིས་སྤང་བྱར་གསུངས་པ་ཡིན་ཞིང་། བདེན་པ་བཞིའི་ནང་གི་ཀུན་འབྱུང་བདེན་པ་གསུང་སྐབས་ཀྱི་འདོད་ཆགས་ཀྱང་འདི་འདྲ་ཞིག་ཡིན་པ་ལས་འདོད་པ་ཐམས་ཅད་ཀུན་འབྱུང་བདེན་པར་གསུངས་པ་ག་ལ་ཡིན།

རྒྱལ་ཚབ་བྱམས་པས་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་ནང་དུ། རྒྱལ་ལ་སོགས་ལ་ཆགས་པ་ཕྲ།། ཞེས་གསུངས་པ་ལྟར་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་སུ་བྱང་ཆུབ་སེམས་དཔའ་རྣམས་ལ་སངས་རྒྱས་ཀྱི་གོ་འཕང་འཐོབ་འདོད་ཡོད་པས་འདོད་ཆགས་ཕྲ་མོ་ཞིག་ཡོད་པ་དང་། དེ་ཡང་སྤོང་དགོས་པར་གསུངས་ན་ཡང་། འདིའི་འདོད་པའམ་ཆགས་པ་ཕྲ་མོ་ནི་ཉོན་མོངས་མ་ཡིན་ཏེ་བྱང་ཆུབ་སེམས་དཔའ་དེ་ལྟ་བུ་རྣམས་ཀྱིས་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་ཉོན་མོངས་པ་རྣམས་སྔ་མོ་ནས་སྤངས་ཟིན་པར་གསུངས་པའི་ཕྱིར། དེས་ན་འདི་ནི་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་ནུས་པ་ཡོད་པ་ཞིག་མིན་ན་ཡང་། བྱང་ཆུབ་སེམས་དཔའ་དེ་དག་སངས་རྒྱས་ལྟར་རེ་དོགས་གཏན་ནས་བྲལ་བས་སེམས་ལ་རང་དབང་ཡོངས་སུ་རྫོགས་པ་ཐོབ་པ་མ་ཡིན་པར་ད་དུང་ཡང་བྱང་ཆུབ་སེམས་དཔའ་དེ་དག་ལ་རང་དབང་དེ་ལྟ་བུ་འཐོབ་འདོད་ཀྱི་རེ་དོགས་ཕྲ་མོ་ཞིག་ཡོད་པ་དང་། དེ་ཡང་མཐར་གཏུགས་ན་སྤོང་དགོས་པ་ཞིག་ཡིན་པས་ན་དེ་ལྟར་གསུངས། མདོར་ན་རྒྱལ་ལ་སོགས་ལ་ཆགས་པ་ཕྲ།། ཞེས་པའི་སྐབས་ནས་བསྟན་པའི་ཆགས་པ་དེས་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་མི་ཐུབ་ཀྱང་། སེམས་ཀྱི་རང་དབང་འཐོབ་པ་ལ་བར་ཆད་བྱེད་པ་ཡིན། རེ་དོགས་སྤོང་བའི་དོན་དུ་རེ་དོགས་སྤོང་བར་རེ་བ་དང་། དེའི་དོན་དུ་འབད་བརྩོན་བྱེད་པ་ནི་དངོས་པོའི་འགྲོ་སྟངས་ཡིན་པ་ལས་ནང་འགལ་ཅན་གྱི་ཚིག་ག་ལ་ཡིན་ཏེ། བདེ་ཐང་གི་ཆེད་དུ་གཤག་བཅོས་བྱེད་པ་དང་འདྲ་བའོ།།

སངས་རྒྱས་ཀྱི་གོ་འཕང་ནི་རེ་དོགས་གཏན་ནས་བྲལ་བ་ཞིག་ཡིན་པས་ལེགས་པ་བྱུང་ན་དགའ་བ་དང་། མི་ལེགས་པ་བྱུང་ན་མི་དགའ་བ་ཞིག་ཡིན་དགོས་པ་ལས་སངས་རྒྱས་ཀྱི་གོ་འཕང་ནི་རེ་དོགས་ཀྱི་དབང་དུ་གྱུར་ན་གཏན་བདེ་བླ་ན་མེད་པ་ག་ལ་ཡིན་སྲིད། རྒྱུ་མཚན་དེས་བཀའ་གདམས་ཀྱི་བླ་མ་རྣམས་ཀྱི་རྣམ་ཐར་དུ་སེམས་ཅན་ལ་སྙིང་རྗེ་བསྒོམ་པ་ན་ཉིན་མཚན་མེད་པར་མིག་ཆུ་ཤོར་བ་ལྟ་བུ་བསྒོམ་དགོས་གསུངས་ཀྱང་། དེ་ཡང་སྙིང་རྗེ་ཚད་མེད་པ་བསྐྱེད་པའི་ཐབས་ལམ་ལྟ་བུ་ཡིན་པ་ལས་དེ་ཉིད་བསྒྲུབ་བྱ་མཐར་ཐུག་ག་ལ་ཡིན་ཏེ། ཡིན་ན་སངས་རྒྱས་ཀྱང་ཉིན་དང་མཚན་མིག་ཆུ་ཤོར་དགོས་བྱུང་ན་དེ་ལྟ་བུའི་གོ་འཕང་ཞིག་དོན་དུ་གཉེར་བས་ཅི་བྱེད། ནང་ཆོས་ཀྱི་ནང་དུ་སྙིང་རྗེ་བཟོད་མི་ནུས་པ་སྐྱེ་དགོས་གསུངས་པ་ཡང་། སྙིང་རྗེ་ཆེ་བས་གཞན་དོན་ཐུབ་པ་འདུག་ན་གཞན་དོན་བྱེད་པ་ལས་བཏང་སྙོམས་སུ་འཇོག་མི་ཐུབ་པ་ཞིག་དགོས་པར་གསུངས་པའི་དོན་ལས་སྙིང་རྗེ་ཆེ་བས་རང་གིས་རང་ལ་སེམས་ན་རུ་བཅུག་དགོས་པའི་དོན་མིན། མདོར་ན་སེམས་ཚོར་གང་ཞིག་ཡིན་ཀྱང་དེ་ཉིད་ཉོན་མོངས་ཡིན་མིན་ནི་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་སྒོ་ནས་སྡུག་བསྔལ་སྐྱེད་བྱེད་ཡིན་མིན་གྱིས་འབྱེད་དགོས་ཤིང་། སྡུག་བསྔལ་སྐྱེད་བྱེད་ཡིན་ན་ཁ་ཅིག་ནི་གནས་སྐབས་དང་མཐར་ཐུག་གཉིས་ཀར་སྤང་བྱ་ཡིན་ཅིང་། ཁ་ཅིག་ནི་གནས་སྐབས་བསྟེན་བྱ་དང་མཐར་ཐུག་སྤང་བྱ་ཡིན་པ་ཡང་ཡོད་པས་མཐའ་ལ་མ་ལྷུང་བར་ཞིབ་ཕྲ་འབྱེད་ཤེས་དགོས།

མདོར་ན་ནང་ཆོས་ལྟར་ན་བསླབ་པ་གསུམ་ཡོད་པ་ལས། བསླབ་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་བརྟེན་ནས་བདེ་སྡུག་གི་རྒྱུ་སོ་སོར་སྤང་བླང་བྱེད་ཅིང་། བསླབ་པ་ཤེས་རབ་ཀྱི་བསླབ་པས་བདེ་སྡུག་གི་རྒྱུ་དེ་དག་ཀྱང་། གང་ཟག་རང་ཉིད་རྨོངས་པའི་དབང་གིས་བདེ་སྡུག་གི་རྒྱུར་སྣ་ཚོགས་སུ་སྣང་བ་ལས། དེ་དག་རང་བཞིན་གྱིས་བདེ་སྡུག་གི་རྒྱུར་གྲུབ་པ་ཞིག་མིན་པར་རྟོགས་པའི་སྒོ་ནས། བསླབ་པ་སེམས་ཀྱི་བསླབ་པ་ལ་བརྟེན་ནས་གནས་ལུགས་དེ་ལ་ཡང་ནས་ཡང་དུ་གོམས་པས་མཐར་བཟང་དུ་རེ་བ་དང་ངན་དུ་དོགས་པ་གང་ཡང་མེད་པར་ཆོས་རྣམས་ཀྱི་གནས་ལུགས་ཐམས་ཅད་རོ་མཉམ་དུ་རྟོགས་ཤིང་། ཆོས་ཉིད་དང་དབྱེར་མེད་པར་གྱུར་པ་ན་དེ་ལ་སངས་རྒྱས་ཀྱི་གོ་འཕང་འཐོབ་ཅེས་བརྗོད་ཅིང་། མར་མེ་ཐོག་མར་འབར་བ་ནི་མེ་ཡིས་བྱེད་ཅིང་། མཐར་མར་མེ་འབར་དུ་མེད་པར་འགྱུར་བ་ཡང་མེ་ལ་བརྟེན་ནས་ཡིན་པ་བཞིན། གོ་འཕང་དེ་འདྲ་ཐོབ་པ་ནི་དགེ་བའི་འདོད་པ་སྟེ་ལམ་བདེན་གྱིས་བྱེད་ཅིང་། མཐར་དེ་ལ་བརྟེན་ནས་དགེ་བའི་འདོད་པ་དེ་ཡང་མེད་པར་འགྱུར་བས་ན། སངས་རྒྱས་དང་ནང་པའི་མཁས་པ་རྣམས་ཀྱིས་ལམ་བདེན་ཀྱང་མཐར་སྤང་བྱ་ཡིན་པ་ནི་ཆུ་བརྒལ་ཟིན་ན་གྲུ་དང་ཟམ་པ་མི་དགོས་པའི་དཔེ་དང་སྦྱར་ནས་གསུངས་མཛད་ཡོད་ན་ཟབ་ཅིང་བརླིང་བའི་ལྟ་གྲུབ་འདི་འདྲ་ནི་སྐྱེ་བོ་ཕལ་པ་ཚོས་རྟོགས་མི་ཐུབ་པའི་སེམས་ཁྲལ་ལས་དགག་ཐུབ་པའི་སེམས་ཁྲལ་ནི་ཕལ་ཆེར་མི་དགོས་པ་ལྟ་བུ་ཡོད།།

སྤྱི་ལོ། ༢༠༢༠ ཟླ་༧ ཚེས་༢༤།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།