བསླབ་པ་གསུམ།(ཚན་པ་གསུམ་པ། __རྩིས་ཆེ་ལེགས་མཐོང་།

46269བརྗོད་བྱ། བསླབ་པ་གསུམ།
གཏམ་བཤད་མཁན། རྩིས་ཆེ་ལེགས་མཐོང་།
ལེ་ཚན། གསུམ་པ།
ས་གནས། ཨ་དཀོན་རིན་པོ་ཆེའི་ཆོས་ཚོགས་ཁག་ཨ་ཧྥི་རི་ཀར་ཡོད་པ་རྣམས།
དུས་ཚོད། སྤྱི་ལོ་༢༠༢༠ ཟླ་ ༣ །

འཇིག་རྟེན་ལུགས་ཀྱི་ནང་ཆོས་སམ་སངས་རྒྱས་ཀྱི་ཆོས་ལུགས་ 1.0 ཞེས་པའི་སེམས་ཀྱི་བསླབ་པ་གང་རེད་དམ་ཟེར་ན། དྲན་པ་ཉེར་གཞག་རེད་བསམ། སྤྱིར་བཏང་ནང་ཆོས་ཀྱི་ལྟ་གྲུབ་དང་ཉམས་ལེན་ཐམས་ཅད་རྩལ་དུ་འདོན་ཆེ་ཆུང་ཙམ་ལས་གཅིག་གི་ནང་དུ་གཞན་ཐམས་ཅད་འདུས་པ་ཡིན་དུས་ནང་ཆོས་ཉམས་ལེན་གྱི་མགོ་ཡང་སྐྱབས་འགྲོ་ནས་འཛུགས་པ་རེད་ལ། བར་གྱི་ལམ་བགྲོད་པ་ཡང་སྐྱབས་འགྲོ་རེད། ཐ་མ་འབྲས་བུ་ཐོབ་པ་ཡང་སྐྱབས་འགྲོའི་འབྲས་བུ་ཡིན་པས་དེ་ཐམས་ཅད་སྐྱབས་འགྲོ་ཡིན་པ་ལྟར། འདི་ནི་གཞི་རིམ་གྱི་ཉམས་ལེན་ཡིན་པས་མཐོ་རིམ་ལ་མི་དགོས་ཟེར་བ་ཞིག་ཡོད་པ་མ་རེད། དེ་ཡིན་དུས་ཕྱོགས་གཅིག་ནས་བཤད་ན་དྲན་པ་ཉེར་གཞག་གི་ནང་དུ་ནང་ཆོས་ཀྱི་ཉམས་ལེན་ཐམས་ཅད་འདུས་པ་ཡིན་དུས་དེ་ནི་འཇིག་རྟེན་པའི་ལུགས་ཀྱི་ནང་ཆོས་ཀྱི་ཉམས་ལེན་ཞིག་རེད་བསམ་ན་མི་འགྲིག་པ་རེད། ཡིན་ན་ཡང་ད་ལྟའི་དུས་སུ་དྲན་པ་ཉེར་གཞག་གི་ཉམས་ལེན་འཇིག་རྟེན་ལུགས་ཀྱི་ནང་ཆོས་ཉམས་ལེན་བྱེད་མཁན་གྱི་ཁྲོད་དུ་ཁྱབ་ནས་ཡོད་པ་ཡིན་དུས་ངས་ཀྱང་དྲན་པ་ཉེར་གཞག་འདི་ཉིད་སངས་རྒྱས་ཀྱི་ཆོས་ལུགས་ 1.0 ཞེས་པའི་སེམས་ཀྱི་བསླབ་པའི་ཚུལ་དུ་བཤད་ཀྱི་ཡིན།

འོན་ཀྱང་ངས་ནི་སྤྱིར་བཏང་སློབ་སྦྱོང་བྱས་ནས་ཡུན་རིང་ཙམ་ཕྱིན་ན་ཡང་དམིགས་བསལ་མིག་བཙུམས་ནས་སྒོམ་རྒྱག་རྒྱུ་བྱུང་ནས་ཡུན་རིང་པོ་མིན་པས་སྒོམ་རྒྱག་དགོས་ན་ང་ལས་ཀྱང་ཁྱེད་རྣམ་པ་མཁས་ངེས། མ་ཟད་ང་ཚོ་བོད་བརྒྱུད་ནང་བསྟན་གྱི་ནང་དུ་ཉམས་ལེན་ཟེར་དུས་ལྷ་ཞིག་སྒོམ། འདོན་པ་ཞིག་བཏོན། སྔགས་ཤིག་བགྲང་བ་ལས་ནང་ཆོས་ཀྱི་ཉམས་ལེན་ཆེས་སྤྱིར་བཏང་བ་སྟེ་དྲན་པ་ཉེར་གཞག་དང་། བདེན་པ་བཞི་ལ་སོགས་པ་ནི་དེ་ཙམ་གོ་རྒྱུ་ཡོད་མ་རེད། དེའི་རྒྱུ་མཚན་གྱིས་ངས་ཀྱང་དྲན་པ་ཉེར་གཞག་ཉམས་ལེན་གྱི་ཚུལ་དུ་གོ་བ་ལེན་རྒྱུ་བྱུང་ནས་ལོ་ཁ་ཤས་ལས་མིན། སྐབས་དེ་དུས་ང་རང་རྒྱལ་ཚབ་རིན་པོ་ཆེའི་སྐད་སྒྱུར་བྱེད་བཞིན་པའི་སྐབས་ཤིག་ཡིན་པས་ན་ངས་ང་ཚོ་ནང་པ་ལ་འདི་འདྲ་སེམས་ལ་ཐད་ཀར་ཕན་ཐུབ་པ། གོ་བདེ་བ། ལག་ལེན་བདེ་བ་འདི་འདྲའི་ཉམས་ལེན་བཟང་པོ་ཡོད་ན་ཡང་ང་ཚོའི་སྤྱི་ཚོགས་ལ་འདི་ཚོ་ཕལ་ཆེར་གོ་རྒྱུ་མེད་པ་ནི་ཅི་འདྲ་སྐྱོ་དགོས་པ་ཞིག་རེད་སྙམ་ནས་སེམས་སྐྱོ་མྱོང་ཡོད། དེ་ཡིན་དུས་ང་ལ་ཕྱོགས་གང་ཅིའི་ཐད་ནས་དྲན་པ་ཉེར་གཞག་གི་སྐོར་ལ་བཤད་པའི་ཡོན་ཏན་མེད་ན་ཡང་འདི་ལ་ང་རང་ཡང་སྤྲོ་བ་ཇེ་ཆེར་འགྱུར་བཞིན་ཡོད་པ་དེས་ད་རེས་ང་རང་གིས་གང་དྲན་ཞིག་བཤད་ཐབས་བྱེད་ཀྱི་ཡིན།

ཐོག་མར་ང་ཚོས་ཤེས་དགོས་པ་ལ་དྲན་པ་ཉེར་གཞག་གི་དྲན་པ་ཟེར་དུས་དེའི་ལྡོག་ཕྱོགས་ནི་ཡེངས་འགྲོ་བ་དེ་རེད། དཔེར་ན་དབྱིན་ལན་ཌི་ལ་ཡོད་པའི་སེམས་ཁམས་རིག་པ་བ་ཞིག་གིས་ཉམས་ཞིབ་བྱས་པས་ང་ཚོ་ལ་དུས་རྒྱུན་ཁ་པར་སོགས་སླེབས་ཏེ་བར་ཆད་གཏོང་སྐབས་ང་ཚོའི་རྣམ་དཔྱོད་ཀྱི་ཚད་ཨང་བཅུ་ཙམ་མར་ཟག་འགྲོ་བར་གསུངས་འདུག ཡང་ཉམས་ཞིབ་པ་ཁ་ཤས་ཀྱིས་ཨ་རི་ལ་མི་སྟོང་ཕྲག་ཁ་ཤས་ཤིག་གི་ཁ་པར་ཨང་གྲངས་བླང་ནས་དེ་ཚོ་ལ་དུས་ཚོད་ངེས་པ་མེད་པར་གློ་བུར་དུ་ཁྱོད་རང་ད་ལྟ་གང་བྱེད་བཞིན་ཡོད་ཟེར་བའི་འཕྲིན་ཐུང་རེ་སླེབ་པ་ལ་མི་ཚོས་དེ་ལ་ལན་རྒྱག་དགོས་ཤིང་། དེ་རྗེས་ཁྱོད་རང་གིས་ད་ལྟ་གང་བྱེད་བཞིན་པ་དེ་ལ་རིག་པ་གཏད་ཡོད་དམ་ཡང་ན་གཞན་དག་ཅིག་བསམ་ནས་ཡོད་ཅེས་འདྲི་དུས་མི་མང་པོ་ཞིག་གིས་ངས་གཞན་དག་ཅིག་གི་སྐོར་ལ་བསམས་ནས་ཡོད་ཅེས་ལན་བརྒྱབ། དེ་ནས་ཉམས་ཞིབ་པ་ཚོས་དེ་འདྲ་ཡིན་ན་ཁྱོད་རང་ད་ལྟ་སྐྱིད་པོ་ཡོད་དམ་ཟེར་ནས་འདྲི་དུས་ཡེངས་ནས་ཡོད་པའི་མི་ཕལ་མོ་ཆེས་སྐྱིད་པོ་མེད་ཅེས་ལན་བཏབ་ཡོད། དེ་ལ་ལྟ་དུས་ཨ་རི་ལྟ་བུར་མཚོན་ན་མི་མང་པོ་ཞིག་གིས་དུས་ཚོད་བརྒྱ་ཆ་ ༤༧ ལྷག་རང་གིས་གང་བྱེད་པ་ལ་དོ་སྣང་མ་སྤྲད་ནས་ཡོད་པ་དང་དེས་རྐྱེན་པས་དེ་དག་གི་སེམས་སྐྱིད་པོ་མེད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་འདུག

ང་ཚོའི་ནང་ཆོས་ཀྱི་ནང་དུ་དྲན་པ་ཉེར་གཞག་གི་ཉམས་ལེན་ཡོད་ཀྱང་ང་ཚོས་དེ་ཙམ་བྱེད་སྲོལ་མེད་པས་དཔེར་ན་ང་ཚོ་གྲྭ་པ་དེ་ཚོ་འཚམས་རེ་སྐད་ཆ་བཤད་བཞིན་མཉམ་དུ་འགྲོ་དུས་གྲྭ་པ་གཅིག་གི་གཟན་མར་ཟག་པ་ཡར་ཕྲག་པར་འཕེན་སྐབས་ཉེ་འགྲམ་གྱི་གྲྭ་པ་གཞན་དེའི་གདོང་པ་དང་མིག་ལ་ཞུས་པའི་གནས་ཚུལ་རྟག་པར་འབྱུང་གི་ཡོད་པ་དེ་ནི་ང་རང་ཉི་ཧོང་ལ་འགྲོ་དུས་དྲན་པ་ཉེར་གཞག་མེད་པའི་སྐྱོན་ཆ་ཡིན་པ་ཤེས་རྟོགས་བྱུང་། ཉི་ཧོང་གི་མི་རྣམས་ཀྱིས་དྲན་པ་ཉེར་གཞག་ནི་ཧ་ཅང་གལ་ཆེན་དུ་འཛིན་པས་ཁོ་ཚོས་མི་མང་པོ་ཡོད་སར་སྐད་མི་རྒྱག་ཅིང་། མེ་འཁོར་སོགས་ཀྱི་ནང་དུ་སུས་ཀྱང་ཁ་པར་ནང་དུ་སྐད་ཆ་མི་བཤད། དེ་ནི་ཉེ་འགྲམ་དུ་ཡོད་པ་ལ་བར་ཆད་གཏོང་བའི་སེམས་ཁྲལ་གྱིས་རེད། ང་ཚོ་ཁ་ཤས་ནི་ངས་སྐད་ཆ་འདི་ཤུགས་ཆེ་ཙམ་ལབ་ན་ཕ་གི་མི་འདི་ཚོས་ཐོས་ན་ཡང་གད་མོ་ཤོར་སྲིད་དྲན་ནས་སྐད་གང་ཆེ་བྱས་ནས་སྐད་ཆ་འདྲ་མིན་བཤད་སྲོལ་ཡོད། ཉི་ཧོང་གི་མི་ཚོས་དེ་འདྲ་བྱེད་པ་ནི་ཧ་ཅང་དཀོན། ང་རང་ཉི་ཧོང་གི་མེ་འཁོར་ནང་དུ་ཡོད་སྐབས་ཤིག་ཏུ་ངའི་མཁྲིས་ལ་བུད་མེད་ཅིག་བསྡད་སོང་། བུད་མེད་དེ་སྡོད་སྐབས་ངའི་ཁུག་མ་ལ་གཟུགས་པོས་ཞུས་ཙམ་བྱས་ནས་བསྡད་སོང་བས་ངས་ལམ་སེང་ངའི་གྲོགས་པོ་ཞིག་ཡོད་པ་དེ་ལ་ཁྱོད་ཀྱིས་ལྟོས་ཨ། ངའི་འགྲམ་གྱི་བུད་མེད་དེ་ནི་ཉི་ཧོང་ནས་མ་རེད་ཅེས་བཤད་པ་ཡིན། རྗེས་མ་ང་ཚོས་བུད་མེད་དེས་སྐད་ཆ་བཤད་པ་ཐོས་དུས་མོ་ནི་ཏག་ཏག་ཉི་ཧོང་བ་རེད་མི་འདུག

འདི་ལས་ཀྱང་ང་ཚོས་ཉི་ཧོང་གི་མི་ཚོའི་ཉིན་རེའི་འཚོ་བའི་ནང་དུ་དྲན་པ་ཉེར་གཞག་གི་ཉམས་ལེན་ཅི་ཙམ་ཡོད་པ་ཤེས་ཐུབ། ངས་ཉི་ཧོང་གི་ཡོད་ཚད་ཡག་པོ་རེད་བཤད་ཀྱི་མེད་དེ་ཕྱོགས་ཁ་ཤས་ནས་ང་ཚོས་དངོས་གནས་ཁོ་ཚོའི་ས་ནས་སློབ་སྦྱོང་བྱ་དགོས་པ་མང་པོ་མཐོང་སོང་། ང་ཚོ་རང་ལ་ཡང་ཉིན་རེའི་འཚོ་བའི་ནང་དུ་དེ་འདྲའི་དྲན་པ་ཉེར་གཞག་གི་ཉམས་ལེན་ཡོད་ན་ཡེངས་བ་དང་སྣང་མེད་འགྲོ་བ་སོགས་ལ་བརྟེན་པའི་དཀའ་ངལ་མང་པོ་ཞིག་སེལ་ཐུབ། དཔེར་ན་ང་ལྟ་བུར་མཚོན་ན་སྐབས་རེ་སྨྱུ་གུ་ལག་ཏུ་བཟུང་ནས་སྨྱུ་གུ་འཚོལ་བའི་གནས་སྟངས་མང་པོ་བྱུང་མྱོང་ཡོད། མདོར་ན་ང་ཚོས་དྲན་པ་ཉེར་གཞག་ཟེར་དུས་ཐམས་ཅད་དྲན་དགོས་པའི་དོན་མ་ཡིན་པར་གལ་ཆེ་ཤོས་དེ་མ་བརྗེད་པ་བྱ་དགོས་ཟེར་བའི་དོན་རེད། ང་ཚོའི་མི་ཚེའི་ནང་དུ་ནམ་རྒྱུན་སྐྱོ་དགོས་པའི་རྒྱུ་མཚན་རེ་ཙམ་ཡོད་ན་ཡང་དགའ་དགོས་པའི་རྒྱུ་མཚན་ཉུང་མཐར་བཅུ་ཕྲག་ཁ་ཤས་ཡོད་པ་རེད། ཡིན་ན་ཡང་ང་ཚོའི་བསམ་བློ་འདི་སྡུག་དགོས་པའི་རྒྱུ་མཚན་རྐྱང་ལ་འགྲོ་བས་ང་ཚོ་སྡུག་དགོས་པའི་རྒྱུ་མཚན་གཅིག་གིས་ཀྱང་སྡུག་ཏུ་བཅུག་ཐུབ་ཅིང་། དགའ་དགོས་པའི་རྒྱུ་མཚན་བཅུ་ཡིས་ཀྱང་དགའ་རུ་བཅུག་མ་ཐུབ་པར་ཡོད་པ་རེད། དེ་ནི་ང་ཚོས་ང་རང་ཚོའི་སེམས་འདི་ལ་བདག་མ་ཕོག་པ་ཡིན་དུས་ད་ནི་དྲན་པ་ཉེར་གཞག་ཉམས་ལེན་བྱས་ཏེ་ང་ཚོས་རང་གི་སེམས་ལ་རང་ཉིད་ཀྱི་བདག་རྒྱག་རྒྱུ་མགོ་འཛུགས་དགོས།

ནང་ཆོས་ཀྱི་དྲན་པ་ཉེར་གཞག་ལ་ལུས་དྲན་པ་ཉེར་གཞག ཚོར་བ་དྲན་པ་ཉེར་གཞག སེམས་དྲན་པ་ཉེར་གཞག ཆོས་དྲན་པ་ཉེར་གཞག་བཅས་བཞི་ཡོད་པ་ལས། བཞི་པོ་འདི་དག་ནི་ང་ཚོའི་འཚོ་གནས་དང་བདེ་སྡུག་འདོར་ལེན་གྱི་ཆེད་དུ་ནམ་ཡང་བརྗེད་མི་རུང་བ་གལ་ཆེ་ཤོས་བཞི་ཡིན་པས་ན་བཞག་པ་རེད། སྤྱིར་ང་ཚོས་དྲན་པ་ཉེར་གཞག་གི་སྒོམ་རྒྱག་ཟེར་དུས་ཁ་ཤས་ཀྱིས་ང་རང་གི་ལུས་ལ་བསམ་བློ་བཏང་། ཚོར་བ་ལ་བསམ་བློ་བཏང་། སེམས་ལ་བསམ་བློ་བཏང་། དེ་ཚོ་ཡོད་པ་ཚོར་བ་ཙམ་དང་མྱོང་བ་ཙམ་གྱིས་དྲན་པ་ཉེར་གཞག་ཡིན་དྲན་ན་ཡང་། ངས་བསམས་ན་དེ་ཙམ་གྱིས་ནང་ཆོས་ཀྱི་དྲན་པ་ཉེར་གཞག་གི་གོ་མི་ཆོད་པར་ནང་ཆོས་ཀྱི་དྲན་པ་ཉེར་གཞག་ཉམས་ལེན་བྱས་ན་དེ་ལ་ཡང་ངེས་པར་དུ་བསླབ་པ་གསུམ་ག་ཚང་དགོས། དྲན་པ་ཉེར་གཞག་ནི་གཙོ་བོ་སྒོམ་བརྒྱབ་ནས་སེམས་འདུལ་བ་ཞིག་ཡིན་ན་ཡང་དེ་ནང་གི་སེམས་དང་གཅིག་པུར་འབྲེལ་བ་ཞིག་མིན་པར་ཤེས་རབ་གཞི་ལ་བཞག་སྟེ། སེམས་འདུལ་བ་དང་། དེ་ལ་བརྟེན་ནས་དེ་དང་འཚམས་པའི་ཀུན་སྤྱོད་ཀྱི་འབྲས་བུ་ཡོད་པ་ཞིག་བྱུང་ན་ད་གཟོད་ཉམས་ལེན་དེ་མགོ་མཇུག་ཚང་བ་ཞིག་ཏུ་གྱུར་པ་རེད།

དྲན་པ་ཉེར་གཞག་བཞི་གི་གོ་རིམ་དེ་འདྲ་ཡིན་པ་ནི་ལུས་འདི་རགས་པ་ཡིན་པས་སྒོམ་སླ་བ་དང་། དེ་ལ་ལྟོས་ན་ཚོར་བ་ཕྲ། དེ་ལ་ལྟོས་ན་སེམས་ཕྲ། དེ་ལ་ལྟོས་ན་ཆོས་རྒྱ་ཆེ་བས་བློར་ཤོང་དཀའ་བས་དེ་བཞི་གའི་མཇུག་ལ་བཞག་པ་རེད། ལུས་དྲན་པ་ཉེར་གཞག་སྒོམ་སྟངས་ནི་ཐོག་མར་སེམས་ཞི་བར་བྱས་ཏེ་རང་གི་ལུས་ལ་དམིགས་པ་གཏད། ལུས་འདི་ཉིད་གང་འདྲ་ཡིན་པ་ཧ་གོ་བ་དང་། དེ་ལ་གཅེས་སྤྲས་བྱ་རྒྱུ་ནི་ལུས་དྲན་པ་ཉེར་གཞག་གི་ཤེས་རབ་ཀྱི་བསླབ་པ་རེད། ནང་ཆོས་གཞིར་བཞག་བྱས་ན་ང་ཚོ་སེམས་ཅན་ཚང་མའི་སེམས་རང་ལ་ཁྱད་པར་མེད་ན་ཡང་། ཁྱད་པར་ཐུག་བྱེད་གཙོ་བོ་ནི་ལུས་འདི་ལ་བརྟེན་ནས་བྱུང་བ་རེད། ལུས་ཀྱི་དབང་པོ་ལ་མཆོག་དམན་ཅི་རིགས་པ་ཡོད་པས་སེམས་ཀྱི་ནུས་པ་ལ་ཡང་ཁྱད་པར་ཐུག་སོང་བ་རེད། བྱས་ཙང་ང་ཚོ་འགྲོ་བ་མི་ཡིན་པ་བཟོ་བྱེད་དེ་ཀླད་པ་གཅིག་པུ་མ་ཡིན་པར་ང་ཚོའི་ལུས་ཧྲིལ་པོ་ཡིན་པས་ཀླད་པ་ལ་གཅེས་སྤྲས་བྱས་ན་ལུས་ཧྲིལ་པོ་ལ་ཡང་དེ་བས་གཅེས་སྤྲས་བྱ་དགོས། ང་ཚོའི་ལུས་ཀྱི་བྱ་བ་བྱེད་སྟངས་ནི་ངོ་མཚར་བ། བསམ་ཡུལ་འདས་པ་ཞིག་ཡིན་པས་ན་རྒྱ་གར་གྱི་མཁས་པ་ཨོ་ཤོ་ཟེར་བ་དེས་མི་རྣམས་ཀྱིས་གཟའ་དང་སྐར་མ། མེ་ཏོག་དང་རྩི་ཤིང་ལ་སོགས་པར་ངོ་མཚར་བ་རེད་དེ། དོན་དུ་ལུས་ཀྱི་གསང་བ་ལས་ངོ་མཚར་བ་ཞིག་མེད་ཅེས་གསུངས་པ་རེད།

བསམ་མནོ་ཡག་པོ་བཏང་ན་དེ་འདྲ་ཞིག་སྟེ། ང་ཚོས་བསམ་པར་ང་ཚོའི་ལུས་འདི་ནི་དོན་ལྔ་སྣོད་དྲུག་ལ་སོགས་པས་བྱ་བ་བྱེད་པས་སྟབས་བདེ་བོ་ཞིག་རེད་དྲན་ན་ཡང་། དོན་དུ་ང་ཚོ་འགྲོ་བ་མི་ཡིས་ལུས་ཀྱི་བྱ་བ་བྱེད་ཚུལ་ཐད་གནའ་བོའི་ཨེ་རྗེབ་ཊི་དང་། རྒི་རི་སི་སོགས་ཀྱི་སྐབས་ནས་ཉམས་ཞིབ་བྱས་པ་རེད་དེ། ང་ཚོའི་ལུས་ཀྱི་ནང་དུ་བྱ་བ་ཞིབ་ཕྲ་བྱེད་མཁན་དཔེར་ན་ DNA ཌི་ཨེན་ཨེ་དང་ genes རིགས་རྫས་ལ་སོགས་པའི་བྱ་བ་བྱེད་སྟངས་ལྟ་ཞོག དེ་ཚོ་ང་ཚོའི་གཟུགས་པོ་ལ་ཡོད་པ་ཙམ་ཤེས་ནས་ཀྱང་ལོ་བརྒྱ་ཕྲག་ཙམ་མ་གཏོགས་འགྲོ་ཡི་ཡོད་པ་མ་རེད། དེ་ཚོ་ནི་དོན་དུ་ང་ཚོའི་གཟུགས་པོའི་ནང་གི་ལས་ཁུངས་ཨ་མའི་ནང་གི་ཨ་མ་ལྟར་གྱུར་ཡོད་པ་རེད་དེ་ད་ཆ་ཚན་རིག་པ་ཚོས་དཔར་དང་བཅས་ཏེ་འགྲེལ་བརྗོད་བྱས་པ་ལས་གཞན་ང་ཚོས་ཡོད་པ་ཙམ་ཡང་མི་ཤེས་པ་རེད། ང་ཚོས་ཡོད་པ་ཙམ་ཡང་མ་ཤེས་ན་ཡང་དེ་ཚོས་སོ་སོའི་ལས་ཀ་ཏག་ཏག་བྱེད་འགྲོ་བ་ནི་ང་རང་ཚོའི་བསོད་ནམས་ཞིག་རེད་དྲན། གཞན་མ་གཏོགས་དེ་ཚོ་ཆ་ཚང་ང་ཚོ་རང་གིས་སྟངས་འཛིན་བྱེད་དགོས་པ་ཡིན་ན་ང་ཚོ་སྐར་མ་ཁ་ཤས་ཀྱི་ནང་དུ་ཤི་དགོས་ཐུག་སྲིད།

ང་ཚོས་ལུས་ཀྱི་གསང་བ་ཤེས་པས་ང་ཚོས་ལུས་ལ་གཅེས་སྤྲས་ཀྱང་བྱ་ཤེས། དཔེར་ན་ཚན་རིག་པ་རྣམས་ཀྱིས་བཤད་ན་ཐོག་མའི་ཆར་ང་ཚོ་སེམས་ཅན་ཆ་ཚང་གཅིག་མཚུངས་ཡིན་ན་ཡང་། རིམ་པས་མི་རྣམས་རྐང་པ་གཉིས་ཀྱི་ཐོག་ཏུ་ལང་ནས་འགྲོ་མགོ་ཚུགས་པ་དེས་ང་ཚོ་གཞན་དང་མི་འདྲ་བར་འགྱུར་མགོ་ཚུགས་པ་རེད་ལ། དེ་རྗེས་ང་ཚོས་མི་རྒོད་ལ་སོགས་པའི་སེམས་ཅན་གཞན་དང་མི་འདྲ་བར་ལག་པའི་མཐེ་བོང་གཙོ་བོར་གྱུར་པའི་མཛུབ་མོ་རྣམས་གང་འདོད་འདོད་ཕར་འགུག་ཚུར་འགུག་བྱེད་ཐུབ་པ་བྱུང་བ་དེས་ང་ཚོས་ལག་ཆ་འདྲ་མིན་བཟོ་ཐུབ་པ་བྱུང་། དེ་ཐུབ་པས་ང་ཚོས་མེ་བཏང་ནས་ཤ་དང་སྔོ་ཚལ་སོགས་མེ་ལ་བསྲེགས་ཏེ་ཟ་བ་སོགས་ཀྱིས་ང་ཚོའི་མདུན་ཕྱོགས་ཀྱི་ཀླད་པ་ཡང་ཇེ་ཆེར་གྱུར་ནས་རིམ་པས་ང་ཚོ་འཛམ་གླིང་འདིར་སེམས་ཅན་གཞན་སུས་ཀྱང་གླགས་མི་ཁེལ་བར་གྱུར་པ་ཡིན་འདུག ད་དུང་མིའི་རིགས་འཕེལ་འགྱུར་སྨྲ་བའི་ཡབ་ཆེན་ Darwin ཌར་ཝིན་གྱིས་གསུངས་ན་ང་ཚོ་མི་རྣམས་ངོ་ཚ་བ་སོགས་ཀྱི་སྐབས་སུ་གདོང་འགྱུར་བ་དེ་ཡང་ང་ཚོ་འགྲོ་བ་མི་མ་གཏོགས་གཞན་སུ་ལ་ཡང་མེད་པའི་དམིགས་བསལ་ཁྱད་ཆོས་ཤིག་ཡིན་འདུག

འོན་ཀྱང་ང་ཚོས་དེ་དག་གི་སྐོར་ལ་མི་ཤེས་པས་ནམ་ཡང་གཅེས་སྤྲས་མི་བྱེད་པ་རེད། གཅེས་སྤྲས་ཤེས་ན་ང་ཚོའི་ལུས་འདི་ནི་ཤ་རུས་ཁྲག་སོགས་ཀྱི་ཕུང་པོ་ཙམ་མིན་པར་གསང་བའི་འཇིག་རྟེན་ཆུང་ཆུང་ཞིག་ཡིན་འདུག ང་ཚོ་ཚང་མར་དེ་འདྲའི་གསང་བའི་འཇིག་རྟེན་རེ་ཡོད་པ་ནི་ངོ་མཚར་དགོས་པ་ལོས་ཡིན། ང་ཚོས་ནམ་རྒྱུན་ང་རང་ཚོའི་ལུས་ཀྱི་ཆ་ཤས་གང་ཡང་རུང་བ་ཞིག་ལ་གཅེས་སྤྲས་བྱ་ཤེས་པ་དེ་ནི་ལུས་ཀྱི་ཆ་ཤས་དེ་འཕྲོ་བརླགས་འགྲོ་སྐབས་རེད། དཔེར་ན་གཅིན་སྙིའི་ན་ཚ་ཕོག་ན་མ་གཏོགས་ང་ཚོས་ཕལ་ཆེར་ང་རང་ཚོའི་གཟུགས་པོ་ལ་ pancreaseཟེར་བའི་གཤེར་རྨེན་དེ་ཡོད་པ་མི་ཤེེས་སྲིད་ཅིང་། དེ་འཕྲོ་བརླགས་འགྲོ་དུས་གཞི་ནས་ང་ཚོ་ལ་དེ་འདྲ་ཡོད་པ་ཤེས་ན་ཡང་དེ་དུས་ཕལ་ཆེར་འཕྱིས་ཚར་བ་རེད། ང་རང་ཚོ་རྒས་ནས་རྣ་བ་སྐྱོ་རུ་འགྲོ་བ་ཡང་རྣ་བའི་ཨི་ཁུང་གི་སྦུག་ཏུ་སྐྲ་ཉག་མ་ལྟ་བུ་ཆུང་ཆུང་མང་པོ་ཡོད་པ་ལ། ང་ཚོས་གཞས་ལྟ་བུ་སྐད་ཤུགས་ཆེན་པོ་མང་པོ་ཉན་ན་དེ་ཚོ་ལ་དོ་ཕོག་ཤུགས་ཆེན་པོ་བྱུང་སྟེ་དེ་ཚོ་འགྱེལ་འགྲོ་བ་དང་། དེ་ཚོ་ཅི་ཙམ་འགྱེལ་བ་དེ་ཙམ་གྱིས་ང་ཚོའི་རྣ་བ་སྐྱོ་རུ་སྐྱོ་རུ་འགྲོ་ཡི་ཡོད་པ་ཡིན་འདུག ང་ཚོས་དེ་ཚོ་མ་ཤེས་པས་དེ་ཚོ་གཅེས་སྤྲས་དང་བདག་སྐྱོང་གང་ཡང་བྱེད་མི་ཐུབ་པ་ཡིན་འདུག

དེ་ཚོ་ཤེས་པས་ང་ཚོས་ང་རང་ཚོའི་ལུས་ལ་གཅེས་སྤྲས་དང་བདག་སྐྱོང་ཐུབ་ཅིང་། དེ་དང་མཉམ་དུ་ནང་ཆོས་ཀྱི་ངོས་ནས་ལུས་ལ་གཅེས་སྤྲས་དང་བདག་སྐྱོང་སོགས་ཧ་ཅང་གལ་ཆེ་ན་ཡང་ཞེན་ཆགས་ཆེན་པོ་མེད་པ་ཡང་དེ་བས་ཀྱང་གལ་ཆེ། དེ་ནི་ལུས་དྲན་པ་ཉེར་གཞག་གི་སེམས་ཀྱི་བསླབ་པ་རེད། ལུས་འདི་ངོ་མཚར་པོ་དེ་འདྲ་ཡིན་ན་ཡང་ལུས་འདི་ང་ཚོ་ལ་རྦད་དེ་དབང་བ་ཞིག་མ་རེད། ནང་ཆོས་གཞིར་བཞག་གིས་བཤད་ན་ང་ཚོ་འཇིག་རྟེན་གྱི་ཁམས་འདིར་ལྷ་ཡུལ་ནས་དམྱལ་བའི་བར་དུ་འཁོར་བ་ཐོག་མ་མེད་ནས་ཡར་མར་འཁྱམས་ནས་ཡུལ་སྐོར་སྤྲོ་འཁྱམས་པ་ནང་བཞིན་འགྲོ་བཞིན་ཡོད་པ་རེད་ལ། དེའི་བར་དུ་ང་ཚོས་ལུས་གྲངས་མེད་པ་བརྗེས་ཟིན་པ་རེད། ད་ལྟའི་ལུས་འདི་ཡང་ལོ་བཅུ་ཕྲག་ཁ་ཤས་དང་། ཡང་ན་བརྒྱ་ཕྲག་ཁ་ཤས་ཀྱི་ནང་དུ་བརྗེ་དགོས་པ་ཞིག་ལས་ང་ཚོ་དང་ང་ཚོའི་ལུས་གཉིས་རྟག་པར་མཉམ་དུ་འགྲོ་ཐུབ་པ་ཞིག་མ་རེད། མ་གཞི་ནས་ང་རང་ཚོའི་ལུས་འདི་ཐོག་མར་བཟོ་མཁན་ཀྱང་ང་ཚོ་མ་ཡིན་པར་ཕ་མ་གཉིས་པོ་རེད་ལ། ཐ་མ་འཇིག་དུས་ཀྱང་ང་ཚོ་དང་བྲལ་ནས་འགྲོ་དགོས་པས་ང་ཡི་ལུས། ང་ཡི་ལུས་ཟེར་བ་ཡང་། མགྲོན་ཁང་ནང་གི་ཁང་པ་ལ་ང་ཚོས་ང་ཡི་ཁང་པ། ང་ཡི་ཁང་པ་ཟེར་བ་དང་གཅིག་པ་ཆགས་བསྡད་ཡོད་རེད།

བོད་ལ་བཀའ་གདམས་ཀྱི་བླ་མ་པོ་ཏོ་བ་ཟེར་བ་ཞིག་ཡོད་པ་དེས་རོ་ཟེར་ནས་མི་ཚང་མ་ཞེད་སྣང་བྱེད་ན་ཡང་། དོན་དུ་ད་ལྟ་ང་རང་ཚོ་ལ་ཡོད་པའི་ལུས་འདི་ཉིད་ང་ཚོ་ཤི་དུས་ཁོ་རང་ང་ཚོའི་རྗེས་ཤུལ་དུ་ལྷག་པ་ཙམ་ལས་གཞན་པའི་རོ་ཟེར་བ་ཞིག་ཡོད་པ་མ་རེད་ཅེས་གསུངས་པ་ནི་དངོས་གནས་བདེན་པ་རེད་སྙམ། ཡག་ས་ནས་བཤད་ན་མི་ལུས་རིན་པོ་ཆེ་ཟེར་བ་ཡང་ང་ཚོའི་ལུས་འདི་ག་རང་རེད་ལ། སྡུག་ས་ནས་བཤད་ན་མི་རོ་ཟེར་བའི་ཞེད་སྣང་ཚ་བོ་དང་སྐྱུགས་བྲོ་པོ་ཡང་འདི་རང་རེད། དེ་ཡིན་དུས་ང་ཚོས་འདི་ལ་ཕྱོགས་གཅིག་ནས་གཅེས་སྤྲས་དང་བདག་སྐྱོང་ཡག་པོ་བྱ་དགོས་ལ། ཕྱོགས་གཅིག་ནས་ཞེན་ཆགས་དང་བདག་འཛིན་ཤུགས་ཆེན་མེད་ཐབས་ལ་འབད་དགོས། དེ་ནི་དཔེར་ན་ང་ཚོ་མགྲོན་ཁང་ཡག་པོ་ཞིག་གི་ནང་དུ་བསྡད་ན་མགྲོན་ཁང་ནང་གི་ཁང་པ་ལ་ང་ཚོས་ང་རང་ཚོའི་རེད་དྲན་ནས་ཞེན་ཆགས་བྱས་ན་སྙིང་པོ་མེད་པ་ནི་ང་ཚོ་སང་ཉིན་ཞོགས་པ་ཙམ་ལ་ཐོན་དགོས་པ་རེད་ལ། ང་རང་ཚོའི་མིན་པ་ཙམ་གྱིས་གང་དྲན་དྲན་དང་གང་བྱུང་བྱུང་བྱས་ན་ཡང་མི་འགྲིག་པར་རྟག་ཏུ་ང་ཚོའི་མིན་ཀྱང་གནས་སྐབས་ང་ཚོའི་ཡིན་པས་བེད་སྤྱོད་ཚད་ལྡན་ཚུལ་འཐུས་བཏང་བ་ཡིན་ན་རང་བདེ་རོགས་སྐྱིད་གཉིས་ཀ་འབྱུང་བ་བཞིན་ང་ཚོས་ང་རང་ཚོའི་ལུས་ལ་ཡང་དེ་ལྟར་བྱ་དགོས།

དེ་ལྟར་བྱས་པས་ལུས་དྲན་པ་ཉེར་གཞག་ལ་བརྟེན་པའི་ཚུལ་ཁྲིམས་ཀྱི་བསླབ་པ་འབྱུང་། དེ་ནི་ང་ཚོས་ལུས་འདི་དོན་གོ་ཡོད་པ་ཞིག་ཏུ་བཟོ་རྒྱུ་དེ་རེད། འཚོ་གནས་གཞི་ལ་བཞག་སྟེ་འཛམ་གླིང་འགུལ་བསྐྱོད་གཏོང་བ་སོགས་རླབས་ཆེ་ཆུང་གི་ལས་དོན་གང་ཡིན་ཀྱང་ལུས་འདི་མེད་ན་འགྲུབ་ཐབས་མེད་པས་ལུས་འདི་བེད་སྤྱོད་གཏོང་ཤེས་པ་ནི་ཧ་ཅང་གལ་ཆེ། ནང་ཆོས་ཀྱི་བཤད་སྲོལ་ལྟར་ན་སེམས་ཅན་ཤི་བའི་རྣམ་ཤེས་ལ་མངོན་ཤེས་དང་རྫུ་འཕྲུལ་ལ་སོགས་པ་ཐོགས་པ་མེད་ན་ཡང་དེ་དག་གིས་བྱ་བ་གང་ཡང་བྱེད་མི་ཐུབ་ཅེས་བཤད་འདུག དཔེར་ན་བོད་བརྒྱུད་ནང་བསྟན་གྱི་གསུང་རབས་གྲགས་ཅན་བར་དོའི་ཐོས་གྲོལ་གྱི་ནང་དུ་སེམས་ཅན་ཤི་བའི་རྣམ་ཤེས་དེ་ཚོས་སྐབས་རེ་ཅ་ལག་ཅིག་མར་ནས་ཁྱེར་ནས་ཡར་གོང་དུ་བཞག་པ་ཡིན་ན་གོང་དུ་བཞག་ཟིན་རྗེས་མར་བལྟས་པ་ན་ཅ་ལག་ནི་སྔ་མའི་ས་ཆ་ལ་རང་འཇགས་ཡོད་པ་མཐོང་ནས་དེ་ཚོ་ལ་བྱེད་ཐབས་ཟད་པའི་ཚོར་སྣང་དེ་འདྲ་འབྱུང་བར་བཤད་འདུག དེ་ཡིན་དུས་ལུས་ནི་ང་ཚོའི་འཚོ་གནས་ཀྱི་གཞི་རྟེན་དང་། ལས་དོན་གང་སྒྲུབ་དགོས་ཀྱང་མེད་དུ་མི་རུང་བའི་ལག་ཆ་གལ་ཆེ་ཤོས་དེ་རེད།

འོན་ཀྱང་བེད་སྤྱོད་གཏོང་མ་ཤེས་ན་ནང་ཆོས་ཀྱི་ནང་དུ་མི་ཕལ་མོ་ཆེར་མཚོན་ན་ལུས་ནི་ང་ཚོའི་དཀའ་སྡུག་གི་ཁུར་པོ་ཞིག་དང་། ང་ཚོ་ནི་ལུས་འདིའི་གཡོག་ཏུ་འགྱུར་བ་རེད་ཅེས་གསུངས་འདུག དཔེར་ན་ང་ཚོ་མང་པོ་ཞིག་གིས་སློབ་གྲྭར་འགྲོ་བ་ནི་ལས་ཀ་རག་པའི་ཆེད་དུ་རེད་ལ། ལས་ཀ་བཙལ་ནས་ལས་ཀ་བྱེད་པ་ནི་དངུལ་གྱི་ཆེད་དུ་རེད། དངུལ་ནི་ཟ་བ་དང་གྱོན་པ། སྡོད་པ་སོགས་ཀྱི་ཆེད་དུ་རེད་ལ། དེ་ཚོ་ནི་མདོར་ན་ལུས་ལ་དགོས་པ་རྐྱང་རེད། དེ་ཡིན་དུས་ང་ཚོ་ཕལ་མོ་ཆེ་ལུས་ཀྱི་གཡོག་ཏུ་གྱུར་པ་རེད། དཔེར་ན་མི་ཁ་ཤས་ནི་ཞོགས་པ་ཡར་ལངས་ཞོགས་ཇ་བཟོས། ཞོགས་ཇ་བཏུང་། དེ་ནས་ཡང་ཉིན་གུང་གི་ཁ་ལག་བཟོས་ནས་ཆུ་ཚོད་ཁ་ཤས་འགོར། ཟོས་ཚར་རྗེས་སྡེར་མ་དང་ཧ་ཡང་དེ་ཚོ་བཀྲུས་ནས་ཏོག་ཙམ་ཉལ། ཡར་ལངས་ནས་ཕྱི་དྲོའི་ཇ་ཞིག་བཏུང་རྗེས་ཡང་བསྐྱར་དགོང་མོའི་ཟ་མ་བཟོ་བའི་གྲ་སྒྲིག་བྱེད། དེ་ཟོས་ཚར་རྗེས་ཉལ་བའི་དུས་ཚོད་ལ་ཐུག་པས་དོན་དུ་དེ་ཚོ་ནི་ལུས་ཀྱི་གཡོག་ཏུ་གྱུར་པ་རེད།

བདག་ཉིད་ཆེན་པོ་མ་ཧཱཏྨ་གན་དྷིས་ཟ་བའི་ཆེད་དུ་འཚོ་མི་རུང་། འཚོ་བའི་ཆེད་དུ་ཟ་དགོས་ཞེས་གསུངས་པར་གྲགས་པ་བཞིན་ང་ཚོས་ཀྱང་ལུས་འདི་ཉིད་རང་ཉིད་ལ་དབང་བས་རང་སྣང་གང་དྲན་བྱེད་ཆོག་སྙམ་ནས་ལུས་ལ་ཐུབ་ཚོད་ཀྱང་མ་བཏང་། ལུས་ཀྱི་གཡོག་ཏུ་ཡང་མ་སོང་བར་ལུས་ལ་གཅེས་སྤྲས་དང་བདག་སྐྱོང་བྱེད་པའི་སྒོ་ནས་རང་གཞན་གཉིས་གང་རུང་དང་། རབ་བྱུང་ན་རང་གཞན་གཉིས་ཀར་ཕན་པའི་བྱ་བའི་རིགས་སྒྲུབ་ཐུབ་ན་དེ་ནི་ང་ཚོའི་འཚོ་བའི་དོན་སྙིང་རེད་ལ། ལུས་དྲན་པ་ཉེར་གཞག་གི་ཚུལ་ཁྲིམས་ཀྱི་བསླབ་པ་ཡང་དེ་རེད། དེ་ལྟར་ལུས་དྲན་པ་ཉེར་གཞག་གི་ཉམས་ལེན་ལ་བརྟེན་ནས་ང་ཚོས་ང་རང་ཚོའི་ལུས་འདི་རྩ་ཆེ་བ་དང་། བཀའ་དྲིན་ཆེ་བ་ཤེས་ནས་ཐ་ན་ལུས་ལ་མི་འཕྲོད་པའི་ཟས་འདྲ་མིན་ཀྱང་མི་ཟ་བའི་ཐབས་ཤེས་བྱས་ནས་ལུས་ལ་གཅེས་སྐྱོང་བྱ་དགོས་ལ། ནང་ཆོས་ནས། རང་གི་ལུས་ལ་དཔེ་ལོངས་ལ།། གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་གསུངས་པ་ལྟར་སེམས་ཅན་གཞན་གྱི་ལུས་ལ་གནོད་པའི་བྱ་བའི་རིགས་ཀྱང་སྤངས་ན་ང་ཚོའི་ལུས་དྲན་པ་ཉེར་གཞག་གི་ཉམས་ལེན་དེ་དོན་སྙིང་དང་ལྡན་པར་གྱུར་པ་རེད།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།