བསླབ་པ་གསུམ།(ཚན་གཉིས་པ། __རྩིས་ཆེ་ལེགས་མཐོང་།

21855






བརྗོད་བྱ། བསླབ་པ་གསུམ།
གཏམ་བཤད་མཁན། རྩིས་ཆེ་ལེགས་མཐོང་།
ལེ་ཚན། གཉིས་པ།
ས་གནས། ཨ་དཀོན་རིན་པོ་ཆེའི་ཆོས་ཚོགས་ཁག་ཨ་ཧྥི་རི་ཀར་ཡོད་པ་རྣམས།
དུས་ཚོད། སྤྱི་ལོ་༢༠༢༠ ཟླ་ ༣ །

དང་པོ་འཇིག་རྟེན་ལུགས་ཀྱི་ནང་ཆོས་སམ་ངའི་བཤད་སྟངས་ལྟར་ན་སངས་རྒྱས་ཀྱི་ཆོས་ལུགས་ 1.0 ཟེར་བ་ནི་ནང་ཆོས་ཉམས་ལེན་བྱས་ཏེ། ཚེ་འདི་ལ་མི་བཟང་པོ་ཞིག་དང་། སེམས་ཞི་བདེ་ཡོད་པ། དོན་སྙིང་ལྡན་པའི་འཚོ་བ་སྐྱེལ་བ་ལ་གོ། སྲོལ་རྒྱུན་གྱི་ནང་པ་མང་པོས་ཚེ་འདིའི་ཆེད་དང་། སེམས་ཞི་བདེ་འཐོབ་པ་ཙམ་གྱི་ཆེད་དུ་ནང་ཆོས་བྱས་ན་ནང་ཆོས་དངོས་མ་རེད་དྲན་པ་རེད་དེ། སངས་རྒྱས་ཀྱིས། སྡིག་པ་ཅི་ཡང་མི་བྱ་ཞིང་།། དགེ་བ་ཕུན་སུམ་ཚོགས་པར་བྱ།། རང་གི་སེམས་ནི་ཡོངས་སུ་འདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན།། ཞེས་ལུས་ངག་གིས་མི་དགེ་བ་མ་བྱས་ནས་སེམས་འདུལ་བ་ཡིན་ན་སངས་རྒྱས་ཀྱི་བསྟན་པ་ཡིན་པར་གསུངས་པས་འདི་ཡང་སངས་རྒྱས་ཀྱི་ཆོས་ལུགས་དངོས་ཡིན་པ་ལས་དངོས་མ་ཡིན་པའི་རྒྱུ་མཚན་མེད། གལ་སྲིད་འདི་འདྲ་ཉམས་ལེན་བྱས་ན་མི་འགྲིག་ན་ནང་ཆོས་ཀྱིས་སྐྱེ་བོ་ཐམས་ཅད་ལ་ཕན་འདོགས་དགོས་ཟེར་བ་དེ་ཡོང་ཐབས་མེད།

མི་མང་པོས་ནང་ཆོས་ནི་འཁོར་བ་ལ་སྙིང་པོ་ཅུང་ཙམ་ཡང་མེད་པའི་མི་ཡིས་ཉམས་ལེན་བྱ་དགོས་པ་ཞིག་ཡིན་པར་དྲན་ན་ཡང་། ཡོད་ཚད་ལ་སྙིང་པོ་མི་མཐོང་བ་དེ་ནི་མི་སེམས་སྡུག་ཅན་དང་། ལོ་ན་རྒས་པའི་རིགས་ལ་ཡོད་པའི་བསམ་བློ་སྤྱིར་བཏང་བ་ཞིག་ཡིན་པ་ལ། ནང་ཆོས་ཉམས་ལེན་བྱེད་མཁན་ཡིན་ནས་བཟུང་སྟེ་དེ་འདྲ་ཡོད་དགོས་པ་མེད། ངེས་འབྱུང་ཟེར་བ་དེ་ཡང་ཡོད་ཚད་ལ་ཞེན་པ་ལོག་པ་ཞིག་མ་ཡིན་པར་རྒྱུ་ནོར་དང་གོ་ས་ལ་སོགས་པ་འདི་དག་ལ་སེམས་གཏིང་གི་ཡིད་ཆེས་ཤིག་མེད་ན་འགྲིག་བསྡད་ཡོད། དེ་ཡང་འཇིག་རྟེན་པ་ཕལ་མོ་ཆེས་བདེ་སྐྱིད་ཀྱི་འབྱུང་ཁུངས་ནི་ཕྱི་ཡི་དངོས་པོ་རྒྱུ་ནོར་དང་དབང་ཤུགས་ལ་སོགས་པ་འདི་དག་རེད་དྲན་པ་རེད་ལ། ང་ཚོ་ནང་ཆོས་ཉམས་ལེན་བྱེད་མཁན་གྱིས་འཚོ་གནས་དང་བདེ་སྐྱིད་ཀྱི་ཆེད་དུ་ཕྱི་ཡི་དངོས་པོ་དགོས་ཀྱང་ཕྱི་ཡི་དངོས་པོ་ནི་གཙོ་བོ་མ་ཡིན་པའི་ལྟ་བ་ཞིག་ངེས་པར་དུ་ཡོད་དགོས། དེ་ལ་ངེས་འབྱུང་ཟེར། མདོར་ན་འཇིག་རྟེན་འདིའི་འདོད་ཡོན་ཐམས་ཅད་ལ་ཟློས་གར་ལྟར་གནས་སྐབས་ཙམ་ལས་མཐར་ཐུག་མ་ཡིན་པ་དང་། མཐོང་སྣང་ཙམ་ལས་གནས་ལུགས་མ་ཡིན་པའི་ལྟ་བ་ཞིག་ཡོད་ན་དེ་ལ་ངེས་འབྱུང་ཟེར་ཆོག དེ་འདྲའི་ངེས་འབྱུང་སྐྱེ་བར་སེམས་སྡུག་ཡོད་པས་མི་འགྲིག་པར་ཤེས་རབ་དགོས།

ངས་འདི་ལ་འཇིག་རྟེན་ལུགས་ཀྱི་ནང་ཆོས་ཟེར་བ་ཡང་དེང་སང་མང་པོ་ཞིག་གིས་དེང་རབས་ནང་ཆོས་ཟེར་བ་ལ། འདིའི་ལྟ་གྲུབ་ཆ་ཚང་བ་ནང་པའི་གཞུང་དུ་གནའ་སྔ་མོ་ནས་ཡོད་པ་ལས་གསར་དུ་བྱུང་བ་ཞིག་མ་ཡིན་པས་དེང་རབས་ཀྱི་ནང་ཆོས་ཟེར་བ་དེ་གང་འདྲ་ཡིན་ངས་མི་ཤེས། གཙོ་བོ་ནི་འདི་ཉིད་ཉམས་སུ་ལེན་མཁན་ཡིན་ན་ཡིན་གཅིག་མིན་གཉིས་ཚེ་སྔ་ཕྱི་དང་། ལས་རྒྱུ་འབྲས། ཐར་པ་དང་ཐམས་ཅད་མཁྱེན་པ་སོགས་ལ་ཡིད་ཆེས་དང་ཁས་ལེན་སོགས་ངེས་པར་དགོས་པ་མེད་པར་འདི་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་ལས་གཙོ་བོ་སྔ་མའི་གནས་ལུགས་དང་མཐུན་པ་ཡིན་པས་ན་འཇིག་རྟེན་ལུགས་ཀྱི་ནང་ཆོས་ཞེས་བཤད་ན་ལན་པོ་མཐོང་། འོན་ཀྱང་འདི་ཉམས་སུ་ལེན་མཁན་ཀྱང་ང་ནང་པ་དངོས་མིན་པས་ནང་ཆོས་ཀྱི་ནང་ནས་ང་རང་གང་དགའ་ན་ཡང་ཉམས་ལེན་བྱེད། གང་མ་དགའ་ན་ཡང་ཉམས་ལེན་མི་བྱེད་དྲན་ན་མི་འགྲིག་པར་བསླབ་པ་གསུམ་གྱི་ཉམས་ལེན་རྣམས་ངེས་པར་དུ་ཚང་དགོས།

དེ་ལྟར་ཚང་བ་ལ་འདི་ནི་གཙོ་བོ་སངས་རྒྱས་ཀྱི་མཛད་རྣམ་ལ་མིག་དཔེ་བལྟས་ནས་ཉམས་ལེན་བྱེད་པ་ཞིག་ཡིན་པས། འདིའི་ལུགས་སུ་ཚུལ་ཁྲིམས་ཀྱི་བསླབ་པ་ནི་མཐའ་གཉིས་སུ་མ་ལྷུང་བ་ཞིག་དགོས། མཐའ་གཉིས་པོ་ལ་ནང་ཆོས་ཀྱི་ནང་དུ་འདོད་པ་བསོད་ཉམས་ཀྱི་མཐའ་དང་དཀའ་ཚེགས་ངལ་དུབ་ཀྱི་མཐའ་གཉིས་ཞེས་གསུངས་པ་ལ། དང་པོ་ནི་མི་དགོས་ན་ཡང་དེའི་ཆེད་དུ་དཀའ་ལས་བརྒྱབ་ནས་དོན་མེད་རང་གིས་རང་སྡུག་པོ་མྱོང་དུ་བཅུག་པའི་མཐའ་ཞིག་རེད་ལ། དེ་ནི་གཙོ་བོ་འཇིག་རྟེན་པ་རྣམས་ལྷུང་བའི་མཐའ་ཞིག་རེད། གཉིས་པ་ནི་དགོས་ན་ཡང་གཡུག་ཐབས་བྱེད། ཆོས་ཡིན་དྲན་ནས་མི་དགོས་བཞིན་དུ་རང་གིས་རང་ལ་སྡུག་པོ་གཏོང་བའི་ཐབས་ལམ་ཞིག་ཡིན་པ་ལ། དེ་ནི་གཙོ་བོ་ཆོས་པ་རྣམས་ལྷུང་བའི་མཐའ་ཞིག་རེད། སངས་རྒྱས་ཀྱིས་ཁོང་གི་རྗེས་འཇུག་རྣམས་ལ་མཐའ་དེ་གཉིས་ཀ་སྤངས་ནས་དབུ་མའི་ལམ་དུ་གནས་དགོས་ཞེས་གསུངས་པ་རེད།

དེ་ཡང་སེམས་ཁམས་རིག་པ་བ་ Erik Erikson ཨེ་རིཀ་་ཨེ་རིཀ་སོན་གྱིས་ Martin Luther མར་ཊིན་ལུ་ཐེར་གྱི་མི་ཚེ་ལ་དཔྱད་བརྗོད་གནང་བ་བཞིན་སངས་རྒྱས་ཀྱང་དེ་དང་འདྲ་བོ་ཡོད། མར་ཊིན་ལུ་ཐེར་ནི་ཐོག་མར་ཚོང་པའི་ཁྱིམ་དུ་འཁྲུངས་པས་ཡབ་ཀྱིས་ཆང་ས་རྒྱག་ཏུ་བཅུག་ནས་ཚོང་པ་ཞིག་ཏུ་བཟོ་འདོད་དྲག་པོ་ཡོད་ཀྱང་། མར་ཊིན་ལུ་ཐེར་གྱིས་མ་ཉན་ནས་གྲྭ་པ་བྱས། གྲྭ་པ་བྱས་རྗེས་འདོད་ཆགས་སོགས་སྐྱེས་ནས་གྲྭ་པ་ཡང་བྱེད་འདོད་མེད་པ་བྱུང་བས་རང་གིས་རང་ལ་འགལ་ཟླ་དྲག་པོ་ཞིག་མཐོང་ཡོད། དེ་བཞིན་དུ་སངས་རྒྱས་ཀྱིས་ཀྱང་ཐོག་མར་སངས་རྒྱས་ལ་སྟོབས་ཤུགས་དང་། རྒྱུ་ནོར། བརྩི་མཐོང་། བརྩེ་དུང་ལ་སོགས་པ་དགོས་ཚད་ཡོད་པས་སྐབས་དེར་སངས་རྒྱས་ལ་ཡོད་པའི་དཀའ་ངལ་ནི་ཡོད་དྲག་པའི་དཀའ་ངལ་དེ་རེད། དེ་ནས་སངས་རྒྱས་ཀྱིས་དེ་ཚོས་འདོད་པ་མ་ཚིམས་ནས་དེ་ཚོ་ཆ་ཚང་གཡུགས་གནང་བ་རེད། མི་ཁ་ཤས་ཀྱིས་ཟེར་ན་རྒྱུ་ནོར་ལོངས་སྤྱོད་སོགས་ལ་སྙིང་པོ་མེད་པས་ན་སངས་རྒྱས་ཀྱིས་ཀྱང་གཡུགས་གནང་བ་རེད་ཟེར་བ་རེད་དེ། དེ་བདེན་པ་མ་རེད། སངས་རྒྱས་ལ་རྒྱུ་ནོར་ལོངས་སྤྱོད་ལ་སོགས་ཐམས་ཅད་ཡོད་པས་དེ་ཚོ་ལ་ཁོང་གིས་སྙིང་པོ་མ་གཟིགས་པ་རེད། དེའི་རྒྱུ་མཚན་གྱིས་དེ་ཚོ་ཡོད་པའི་སྙིང་པོ་ནི་དེ་དག་ལ་སྙིང་པོ་མེད་པར་མཐོང་རྒྱུ་དེ་རེད། གལ་སྲིད་སངས་རྒྱས་ལ་དེ་ཚོ་མེད་ན་སངས་རྒྱས་ཀྱིས་ཀྱང་དེ་ཚོའི་ཆེད་དུ་དཀའ་ལས་བརྒྱབ་ནས་མི་ཚེ་རྫོགས་ཡོད་ངེས།

དེ་འདྲ་བྱས་ནས་སངས་རྒྱས་ཀྱིས་ཡོད་ཚད་སྤངས། ཆོས་མ་གཏོགས་གཞན་གང་ཡང་མི་དགོས་གསུངས། ཉིན་མཚན་མེད་པར་བླ་མ་བསྟེན། ཆོས་ཞུས། སྒོམ་བརྒྱབ། ལོ་དྲུག་གི་རིང་དུ་ཉིན་རེ་འབྲས་ཉག་མ་རེ་དང་ཆུ་ཐིགས་པ་གང་རེ་ཙམ་བཞེས་ནས་སྒོམ་བརྒྱབ་གནང་བ་ན་མི་ཚང་མ་སེམས་འགུལ་ཐེབས། འོན་ཀྱང་དེ་འདྲའི་དཀའ་ཐུབ་ཀྱིས་དོན་མེད་ལུས་སེམས་གཉིས་ཀར་མནར་གཅོད་གཏོང་བ་ཙམ་ལས་ཤེས་རབ་གོང་འཕེལ་དུ་མི་གཏོང་བས་སེམས་འདུལ་བ་དང་གནས་ལུགས་རྟོགས་པ་ལ་གང་ཡང་ཕན་ཐོགས་མེད་པ་རེད། དེ་ནས་སངས་རྒྱས་ཀྱིས་དོན་མེད་དཀའ་བ་སྤྱོད་པའི་ཐབས་ལམ་དེ་ལ་ཡང་སྙིང་པོ་མེད་པར་གཟིགས་ནས་དེ་གཡུགས་པས་མི་མང་པོས་སངས་རྒྱས་ཀྱི་བྱེད་སྟངས་དེ་ནི་སྔར་འཇིག་རྟེན་གཡུགས། ད་ཆོས་གཡུགས་ནས་སྨྱོན་པ་ལྟ་བུ་རང་སྣང་གང་ཤར་བྱེད་མཁན་ལས་སྙིང་པོ་དེ་ཙམ་མ་མཐོང་བ་རེད དེ་མ་མཐོང་བས་སངས་རྒྱས་ཀྱི་ཞབས་ཕྱི་ལ་ཡབ་རྒྱལ་པོ་ཟས་གཙང་གིས་བཏང་བའི་མི་ལྔ་ཡོད་པ་ལ་དེ་ཚོས་ཀྱང་སངས་རྒྱས་ཀྱི་བྱེད་སྟངས་བློ་ལ་མ་བབ་ནས་སངས་རྒྱས་གཡུགས་ནས་ཕྱིན་པ་རེད།

དེ་ཡང་སངས་རྒྱས་ཀྱིས་ཐོག་མར་ཚོར་བ་ཤུགས་ཆེ་དྲགས་ནས་འཇིག་རྟེན་གྱི་དངོས་པོ་ཡོད་ཚད་སྤངས། རྨོངས་ཞེན་ཆེ་དྲགས་པས་སྐབས་དེའི་ཆོས་ལུགས་ཀྱིས་བཤད་ཚད་ལ་ཡིད་ཆེས་གནང་བ་རེད་དེ། དེ་གཉིས་ཀ་མཐའ་ལ་ལྷུང་བ་ལས་ཡང་དག་པའི་བདེ་སྐྱིད་སྒྲུབ་སྟངས་ཤིག་མིན་པས་ན་སངས་རྒྱས་ཀྱིས་ཚོར་བ་དང་རྨོངས་ཞེན་གྱི་དབང་དུ་མ་སོང་བར་རང་ཉིད་ཀྱི་ཤེས་རབ་བེད་སྤྱད་ནས་མཐའ་གཉིས་སྤངས་པའི་དབུ་མའི་ལམ་རྙེད་པ་རེད། དེ་ནི་སངས་རྒྱས་ཀྱིས་རང་ཉིད་ཀྱི་ལམ་ཁ་རང་ཉིད་ཀྱིས་བཙལ་བའི་དབུ་ལྟ་བུ་རེད། ཁོང་གིས་ལམ་ཁ་དེ་ཉིད་མུ་མཐུད་རྒྱུན་བསྐྱངས་གནང་སྟེ། རྗེས་འཇུག་རྣམས་ལ་ཡང་ལམ་ཁ་དེ་རང་བསྟན་གནང་བས། ངས་བསམས་ན་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱང་སྐབས་དེ་ནས་དབུ་ཚུགས་པ་ཞིག་རེད་དྲན། སངས་རྒྱས་ཀྱི་རྣམ་ཐར་ནང་དུ་སངས་རྒྱས་རང་གིས་མ་གསུངས་ན་གཞན་སུས་ཀྱང་ཤེས་མི་སྲིད་པ་ལྟ་བུའི་མི་གསུམ་ཡོད། གསུམ་པོ་ལས་གཅིག་ནི་ལེགས་སྐྱེས་མ་ཟེར་བའི་བུ་མོ་དེ་རེད་ལ། གཅིག་ནི་རྩྭ་འཚོང་བཀྲ་ཤིས་ཟེར་བ་དེ་རེད། དང་པོ་དེས་སངས་རྒྱས་ལ་འོ་མ་ཕུལ་བ་དང་། གཉིས་པ་དེས་སངས་རྒྱས་ལ་རྩྭ་ཡི་སྟན་ཕུལ་བ་དེས། སྐབས་དེར་སངས་རྒྱས་ཀྱིས་དབུ་མའི་ལམ་བཙལ་ནས་རང་གིས་རང་ལ་སེམས་ཁུར་དང་བདག་སྐྱོང་བྱེད་པའི་འཚོ་བ་གསར་པ་ཞིག་སྐྱེལ་བར་མཚོན་པས་འཚོ་བ་གསར་པ་དེ་དབུ་འཛུགས་སྐབས་ཀྱི་མི་དེ་གཉིས་སངས་རྒྱས་ཀྱིས་ནམ་ཡང་བརྗེད་མེད་ལ་རྗེས་འཇུག་ང་ཚོས་ཀྱང་བརྗེད་མི་རུང་།

དབུ་མའི་ལམ་དེའི་དོན་གང་རེད་ཟེར་ན་ང་ཚོས་གང་བྱས་ན་ཡང་བདེ་སྐྱིད་ཀྱི་ཆེད་དུ་ཡིན་ན་ཡང་། བདེ་སྐྱིད་སྒྲུབ་ཐབས་མ་ཤེས་ནས་འཇིག་རྟེན་པ་མང་པོས་རང་ཉིད་ལ་གང་དགོས་པ་དང་ཅི་ཙམ་དགོས་མིན་མ་བསམས་པར་འདོད་རྔམས་དང་འགྲན་བསྡུར་གྱི་དབང་དུ་སོང་ནས་དོན་མེད་རང་ཉིད་ཀྱིས་རང་ཉིད་ལ་སྡུག་པོ་མང་པོ་ཞིག་མྱོང་དུ་འཇུག་གི་ཡོད་པ་རེད། དཔེར་ན་ང་ཚོས་རླངས་འཁོར་ཞིག་ཉོ་འདོད་ཡོད་ན་ང་ཚོ་ལ་དགོས་མཁོའི་ཆ་ནས་རླངས་འཁོར་ཏོག་ཙམ་གོང་ཆུང་བ་དེས་འགྲིག་ཡོད་ན་ཡང་། རླངས་འཁོར་འཚོང་མཁན་དེས་རླངས་འཁོར་ཅུང་གོང་ཚད་ཆེ་བ་ཞིག་བསྟན་ནས་འདི་ཐོན་གསར་པ་རེད། དེང་སང་རྒྱུགས་ཆེ་ཤོས་རེད་སོགས་མང་པོ་བཤད་ན་ང་ཚོར་དངུལ་གྱི་དཀའ་ངལ་ཡོད་བཞིན་དུ་དེ་མ་ཐག་ཏུ་ཁྱད་ཆོས་དམིགས་བསལ་མེད་ན་ཡང་རླངས་འཁོར་གོང་ཚད་ཆེ་བ་དེ་ཉོ་འདོད་བྱེད་པ་འདི་ལྟ་བུ་ནི་དོན་དུ་དགོས་པ་མེད་ན་ཡང་དགོས་སྣང་ལྟ་བུར་ཤར་ནས་དངུལ་ཐོལ་བ་སྤྲད། ཞེན་ཆགས་ཐོལ་བ་སྐྱེ་རུ་བཅུག་ནས་ང་ཚོར་རང་གིས་རང་དཀའ་སྡུག་སྤྲོད་པས་སངས་རྒྱས་ཀྱིས་གསུངས་ན་འདི་ཡང་བདེ་སྐྱིད་སྒྲུབ་ཚུལ་མཐའ་ལ་ལྷུང་བ་ཞིག་ཡིན་པ་རེད།

ཡང་མི་མང་པོས་འཇིག་རྟེན་པ་ཟེར་དུས་སྐྱིད་པོ་གཏོང་མཁན་ཞིག་དང་། ཆོས་པ་ཟེར་དུས་སྡུག་པོ་མྱོང་མཁན་དང་། དཀའ་ལས་རྒྱག་མཁན་ཞིག་ལ་བསམ། ཆོས་པ་ཞིག་གིས་ངས་སྐྱིད་པོ་གཏོང་གི་ཡོད་ཟེར་ན་མི་ཚང་མས་འཕྱ་ལད་བྱེད་པ་རེད་ལ། ཡང་ཆོས་པ་ཁོ་རང་གིས་ཀྱང་དེ་རིང་ངས་ཉིན་གང་པོར་ཟ་མ་མ་ཟོས། སྐད་ཆ་མ་བཤད། གྲོད་པ་ལྟོགས་ལྟོགས། རྐུབ་ན་ནའི་བར་དུ་འདོན་པ་བཏོན། སྒོམ་བརྒྱབ་ཡོད་པས་ངས་ཆོས་ཡག་པོ་བྱས་ཡོད་དྲན་ན་ཡང་། ཆོས་ལུགས་སྤྱིར་བཏང་བ་ཚོའི་ཆེད་དུ་དེ་ནི་འགྲིག་པ་ཡིན་འགྲོ། འོན་ཀྱང་ནང་ཆོས་ཀྱི་ལུགས་སུ་དོན་མེད་རང་གིས་རང་ལ་སྡུག་པོ་གཏོང་བ་ལ་ཆོས་མི་ཟེར། ནང་ཆོས་ཉམས་ལེན་བྱེད་པའི་དགོས་ཆེད་གཙོ་བོ་ནི་སེམས་འདུལ་སྦྱོང་བྱེད་པ་དང་གནས་ལུགས་རྟོགས་པ་གཉིས་ཡིན་པས་དེ་གཉིས་ལ་མ་ཕན་ན་ཁྱོད་རང་ཅི་ཙམ་ལྟོགས། ཅི་ཙམ་འཁྱགས་ན་ཡང་སྡུག་གྱོང་རེད། སྡུག་པོ་མྱང་བ་ཙམ་གྱིས་ཆོས་ཡིན་ན་ཆོས་སྒྲུབ་མཁན་ལ་དམྱལ་བའི་སེམས་ཅན་ལས་ལྷག་པ་ཞིག་ཡོད་བགྱི་མ་རེད། དེ་ཡིན་དུས་ཁྱོད་ཀྱིས་སེམས་ལ་འཇོག་དགོས་པ་ཞིག་ལ་ཁྱོད་ཀྱིས་སྡུག་པོ་མྱང་བ་ཙམ་གྱིས་ཁྱོད་ཀྱི་ཉམས་ལེན་ཡག་པོ་འགྲོ་བཞིན་ཡོད་མ་དྲན་ཞིག དེ་ནི་ནང་ཆོས་མ་རེད།

མདོར་ན་དབུ་མའི་ལམ་ཟེར་བ་ཡང་དོན་མེད་རང་གིས་རང་ལ་སྡུག་པོ་མྱོང་མི་བཅུག་པའི་འཚོ་བ་སྐྱེལ་སྟངས་ཤིག་ལ་གོ། འདི་ནི་ཐད་ཀར་བལྟས་ན་ཧ་ཅང་སྟབས་བདེ་ཡིན་པས་དེ་ཙམ་བཤད་དགོས་པ་ཡང་མེད་ན་ཡང་། ལག་ལེན་དངོས་ཀྱི་ཐོག་ནས་འདི་ཉིད་དཀའ་ཤོས་རེད། འཚོ་བ་སྐྱེལ་སྟངས་ཡག་ཤོས་ནི་འབྲིང་རིམ་མི་སྣའི་འཚོ་བ་བསྐྱལ་རྒྱུ་དེ་ཡིན་ན་ཡང་། འབྲིང་རིམ་མི་སྣ་ལ་འཕྲད་པའི་དཀའ་ངལ་ཆེ་ཤོས་ནི་རང་གིས་རང་ལ་ཚོད་གཟུང་རྒྱུ་དེ་རེད། འོན་ཀྱང་ཚོད་གཟུང་ཟེར་བ་དང་ཆོག་ཤེས་ཟེར་བ་གཉིས་ལ་གོ་ནོར་ཐེབས་མི་ཉེན། མི་མང་པོས་ཆོག་ཤེས་ཟེར་བ་ནི་ཧ་ཅང་གལ་ཆེ་བས་གང་ཡང་མེད་པའི་སྤྲང་པོ་ཞིག་ཡིན་ན་ཡང་ཆོག་ཤེས་ཡོད་ན་སྐྱིད་པོ་ཡོད་པས་ཆོག་ཤེས་དགོས་ཟེར་ན་ཡང་ང་སྐད་ཆ་དེ་ལ་དགའ་བོ་མེད། ཆོག་ཤེས་ཟེར་དུས་ཆོག་པ་ཞིག་ཡོད་པ་ལ་ངོ་ཤེས་ན་ད་གཟོད་ཆོག་ཤེས་རེད། ཆོག་པ་ཞིག་མེད་ན་ཡང་ཡོད་སྣང་ཤར་ན་དེ་ལ་འཁྲུལ་པ་ཟེར། ཁྱོད་ལ་ཟས་དང་གོས། ཁང་པ་དང་དངུལ་སོགས་ཆོག་ཐག་ཆོད་ཅིག་དགོས། ཆོག་ཐག་ཆོད་ཅིག་ཡོད་རྗེས་ཆོག་ཤེས་བྱས་ཏེ་དབུ་མའི་ལམ་གྱི་འཚོ་བ་སྐྱེལ་དགོས། ད་གཟོད་འཚོ་བ་ལ་མེད་དྲགས་པའི་དཀའ་ངལ་དང་ཡོད་དྲགས་པའི་དཀའ་ངལ་གཉིས་ཀ་མེད་པར་བདེ་སྐྱིད་ལྡན་པ་ཞིག་ཡོང་། དེ་མིན་གང་ཡང་མེད་པར་ཆོག་ཤེས་བསྒོམས་ནས་བསྡད་ན་ལྟོགས་ཤི་ཐེབས་དུས་གཞི་ནས་ཆོག་ཤེས་གང་རེད་འདུག་ཧ་གོ་ཡོང་།

དེ་ཡིན་དུས་སངས་རྒྱས་ཀྱིས་དབུ་མའི་ལམ་གསུང་དུས་སངས་རྒྱས་ཀྱིས་ནང་པའི་ཆོས་ཉམས་ལེན་བྱེད་མཁན་ནི་སྤྲང་པོ་ཞིག་ཡིན་དགོས་གསུངས་པ་མ་རེད་ལ། སྡུག་པོ་མྱོང་མཁན་ཞིག་ཡིན་དགོས་ཀྱང་གསུངས་པ་མ་རེད། དགོས་པ་རྣམས་ཡོད་པ་དང་། མི་དགོས་པ་རྣམས་མེད་པ་སྟེ། འཚོ་བའི་གནས་བབ་ཧ་ཅང་ཚོད་རན་པོ་དང་། འོས་ཤིང་འཚམས་པོ་ཞིག་དགོས་ཞེས་གསུངས་པ་རེད། བསམ་མནོ་ཡག་པོ་ཐོངས་དང་། ཆོས་དང་འཇིག་རྟེན་གང་ནས་བསམས་ཀྱང་འདི་ལས་ལྷག་པའི་འཚོ་བ་སྐྱེལ་སྟངས་ཤིག་ག་ལ་ཡོད། ང་ཚོའི་འཛམ་གླིང་འདིར་དཔལ་འབྱོར་དང་ཟས་ལ་སོགས་པའི་དཀའ་ངལ་མང་པོ་འཕྲད་བཞིན་པ་ཡང་ཁ་ཤས་ཕྱུག་དྲགས། ཁ་ཤས་སྤྲངས་དྲགས་ནས་དཀའ་ལས་འདི་དག་འཕྲད་པ་རེད། མང་པོ་ཞིག་གིས་ངས་ང་རང་གིས་ག་ཚོད་ལེན་ཐུབ་ན་ཡང་ལེན་པ་ལ་སྐྱོན་མེད་དྲན་ན་ཡང་། འཛམ་གླིང་འདིའི་ཟས་གོས་དང་དངུལ་ལ་སོགས་པ་ཐམས་ཅད་ཚད་ཡོད་ངེས་ཅན་གྱི་ཐོན་ཁུངས་ཤ་སྟག་ཡིན་པས་ན་ཁ་ཤས་ཞིག་གིས་མང་པོ་བླང་ན་གཞན་དག་ལ་ཉུང་ཉུང་ལས་མི་ཐོབ་པས་ཁྱོད་ཀྱིས་ཐོབ་པ་ནི་ཐོབ་པ་ཙམ་མིན་པར་གཞན་ནས་བླང་བ་ཞིག་ཀྱང་རེད།

གལ་སྲིད་འཛམ་གླིང་གི་མི་རྣམས་ཀྱིས་སངས་རྒྱས་ཀྱིས་གསུངས་པ་ལྟར་དབུ་མའི་ལམ་གྱི་འཚོ་བ་ཚད་དང་ལྡན་པ་ཞིག་སྐྱེལ་ཐུབ་ན་མ་མཐར་ཡང་འཛམ་གླིང་འདིར་དཔལ་འབྱོར་གྱི་དཀའ་ངལ་ནི་དེ་ཙམ་མེད་སྲིད། དེ་ཡིན་དུས་ནང་པ་རྣམས་ཀྱིས་ཀྱང་ཆོས་པ་ཡིན་མདོག་མདོག་གིས་ཧ་ཅང་སྤྲང་པོ་ཡང་མ་བྱས། འཇིག་རྟེན་པ་ཡིན་པའི་ཟོལ་གྱིས་ཧ་ཅང་ཕྱུག་པོ་ཡང་མ་བྱས་པར་སངས་རྒྱས་ཀྱིས་གསུངས་པ་ལྟར་ཚོད་རན་པོ་བྱས་ནས་རང་གི་འཚོ་བ་འགྲིག་ཐག་ཆོད་བྱས་ནས་རང་མགོ་ཡག་པོ་ཐོན་པའི་ཐོག་ལ་དུས་ཚོད་དང་ནུས་ཤུགས་ལྷག་མ་རྣམས་སྤྱི་ཚོགས་ཞབས་ཞུ་ལ་གཏོང་ཐུབ་ན་ད་གཟོད་དཀའ་ངལ་ཆུང་། སེམས་པ་སྐྱིད། དོན་སྙིང་ལྡན་པའི་མི་ཚེ་ཞིག་སྐྱེལ་ཐུབ། མང་པོ་ཞིག་གིས་ནང་པ་ཡིན་ན་བརྩེ་དུང་དང་། ཆབ་སྲིད། ལས་ཀ་ལ་སོགས་པ་འཇིག་རྟེན་གྱི་བྱ་བ་ཡོད་ཚད་སྤོང་དགོས་རེད་དྲན་པ་རེད་དེ་ངས་དེ་ལ་མོས་མཐུན་མེད། ནང་ཆོས་ཀྱི་དམིགས་ཡུལ་ནི་སྤྱི་ཚོགས་ལ་ཕན་འདོགས་པའི་ཆེད་དུ་ཡིན་ན་ནང་པ་ཚང་མས་སྤྱི་ཚོགས་གཡུགས་ནས་འགན་མ་ཁུར་ན་སྤྱི་ཚོགས་ལ་ཕན་གང་འདྲ་བྱས་ནས་འདོགས། དེ་ཡིན་པས་ནང་པ་ཡིན་ན་སྤྱི་ཚོགས་གཡུག་དགོས་པ་མ་ཡིན་པར་སྤྱི་ཚོགས་ལ་དེ་བས་ཀྱང་འགན་ཁུར་དགོས།

སྤྱི་ཚོགས་ལ་འགན་ཁུར་བར་ཐོག་མར་རང་མགོ་ཐོན་དགོས་པས་སངས་རྒྱས་ཀྱིས་ཀྱང་ཡོད་ཚད་བློས་བཏང་མ་གསུངས་པར་དབུ་མའི་ལམ་དུ་གནས་དགོས་ཞེས་གསུངས་པ་རེད། དབུ་མའི་ལམ་ནི་ནང་པ་ཁྱིམ་པ་དང་། ལས་དང་པོ་པ་རྣམས་ལ་གཅིག་པུ་གསུངས་པ་ཞིག་མིན་པར་སངས་རྒྱས་ཀྱིས་གྲྭ་པ་རྣམས་ལ་ཡང་གསུངས་པས་སངས་རྒྱས་ཀྱིས་གྲྭ་པ་ཚོའི་ཁང་པ་བཟོ་དུས་ཀྱང་ཧ་ཅང་ཆེ་མ་དྲགས་པ། ཧ་ཅང་ཆུང་མ་དྲགས་པ་ཞིག་བཟོ་དགོས་ཞེས་གསུངས་པ་རེད། མདོར་ན་ཚོད་རན་པོ་ཞིག་དགོས་ཞེས་གསུངས་པ་རེད། ཚོད་རན་པོ་ནི་ག་དུས་ཡིན་ཀྱང་གལ་ཆེ་བས་སྒོམ་རྒྱག་པ་སོགས་ཆོས་བྱེད་དུས་ཀྱང་ཚོད་རན་པོ་དགོས་ལ། གཞན་ཕན་སྒྲུབ་དུས་ཀྱང་ཚོད་རན་པོ་སྟེ། རང་ལ་མ་གནོད་པ་གང་ཞིག་ལ་གཞན་ལ་ཕན་པ་ཞིག་སྒྲུབ་ཐབས་གཙོ་བོ་བྱེད་པ་ལས་གཞན་ཕན་རང་གནོད་བྱ་རྒྱུ་དེ་ནང་ཆོས་ཀྱི་ལུགས་སྲོལ་མ་རེད། གཅེར་བུ་པ་སོགས་ཀྱི་ལུགས་ལ་གཞན་ལ་ཕན་པའི་ཆེད་དུ་རང་ལ་གནོད་ན་ཡང་ཆོག་པ་ལ་སངས་རྒྱས་ཀྱིས་དེ་བཀག་ནས་དབུ་མའི་ལམ་སྟེ། གཞན་ལ་མ་གནོད་པའི་ཐོག་ཏུ་རང་ལ་ཕན་པ་གལ་ཆེ་ཤོས་དང་། དེའི་ཐོག་ཏུ་བྱུང་ན་གཞན་ཕན་བྱ་དགོས་གསུངས་པ་ལ་འདི་ལས་ཐེག་པ་གསུམ་གྱི་ཉམས་ལེན་གྱི་རིམ་པ་མི་འདྲ་བ་རྣམས་བྱུང་བ་རེད།

མདོར་ན་ནང་ཆོས་ཀྱི་ལྟ་སྒོམ་སྤྱོད་གསུམ་ཐམས་ཅད་དབུ་མའི་ལམ་གཞིར་བཟུང་གིས་བྱུང་བ་ཡིན་པས་ནང་པ་ལ་གྲུབ་མཐའ་བཞི་ཡོད་པ་ལ་གྲུབ་མཐའ་བཞི་པོ་ཡང་དབུ་མའི་ལམ་གྱི་ཐོག་ནས་ལྟ་བ་མཐར་ཐུག་པ་གཏན་ལ་འབེབས་སྟངས་མི་འདྲ་བས་བྱུང་བ་རེད། དེ་ཡིན་དུས་འདི་ནི་ནང་པ་སངས་རྒྱས་པ་ཡིན་ནས་བཟུང་སྟེ་དགོས་པ་ལ། དེ་ཡང་ནང་ཆོས་ལ་ཞུགས་པ་ནས་དགོས་པས་འཇིག་རྟེན་ལུགས་ཀྱི་ནང་ཆོས་ཀྱི་སྤྱོད་པ་ནི་འདི་འདྲ་ལ་ངོས་བཟུང་ན་ཆོག་པ་འདྲ། ང་ཚོས་རང་ཉིད་ནང་པ་ཡིན་པ་ཡང་མཐའ་ལ་མ་ལྷུང་བའི་མི་ཚེ་འདི་འདྲ་བསྐྱལ་ནས་མིའི་མདུན་དུ་བསྟན་ན་རབ་ཡིན་པ་ལས། གཞན་ཁང་པའི་ནང་དུ་སངས་རྒྱས་ཀྱི་སྐུ་དང་བླ་མའི་སྐུ་དཔར་གྱིས་གང་། ལག་པ་ལ་ཕྲེང་བ་དང་། སྐེ་ལ་གའུ་ལ་སོགས་པ་མང་པོ་བཏགས་ན་ཡང་། འཚོ་བ་སྐྱེལ་སྟངས་མཐའ་ལ་ལྷུང་ནས་ཡང་ན་རང་མགོ་མ་ཐོན། ཡང་ན་ཁོར་ཡུག་དང་སྤྱི་ཚོགས་གཉིས་ཀར་གནོད་པའི་འཛད་སྤྱོད་པ་ཞིག་བྱས་ན། ནང་པའི་ཁྱིམ་པ་རྣམས་ཕར་བཞག གྲྭ་པ་དང་བླ་མ། ཐ་ན་སྤྲུལ་པའི་སྐུ་ཞིག་རེད་ཅེས་བཤད་ཀྱང་དོན་དུ་དེ་ནི་ནང་པ་སངས་རྒྱས་པ་དངོས་ཡིན་མིན་ཐེ་ཚོམ་རེད། དེ་ལས་གཞན་དབུ་མའི་ལམ་གྱི་འཚོ་བ་སྐྱེལ་ཐུབ་ན་མི་དེས་ནི་ཆོས་ལུགས་ཁས་མི་ལེན་ཀྱང་དོན་དུ་སངས་རྒྱས་ཀྱི་རྗེས་འཇུག་པ་དངོས་སུ་གྱུར་པ་རེད།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།