བསླབ་པ་གསུམ། (ཚན་པ་དང་པོ)__རྩིས་ཆེ་ལེགས་མཐོང་།

94



གཏམ་བཤད་མཁན། རྩིས་ཆེ་ལེགས་མཐོང་།
ས་གནས། ཨ་དཀོན་རིན་པོ་ཆེའི་ཆོས་ཚོགས་ཁག
ཨ་ཧྥི་རི་ཀར་ཡོད་པ་རྣམས།
དུས་ཚོད། སྤྱི་ལོ་༢༠༢༠ ཟླ་ ༣ །

ན་ནིང་ང་རང་ཡུ་རོབ་ཀྱི་བསམ་ཡས་གླིང་ལ་འགྲོ་སྐབས་གཙོ་བོ་ཐེག་པ་གསུམ་གྱི་སྐོར་ལ་བཤད་པ་ཡིན། དེ་ནི་སྐབས་དེ་དུས་ང་རང་ཐེག་པ་གསུམ་ལ་ཉམས་ཞིབ་བྱེད་བཞིན་པའི་སྐབས་ཡིན་པས་དེས་དམིགས་བསལ་སྤྲོ་བ་བྱུང་བས་ཡིན། ལོ་འདིར་ང་རང་ཨ་ཧྥི་རི་ཀ་ལ་ཡོང་སྐབས་གང་གི་སྐོར་ལ་བཤད་འདོད་ཅེས་དྲིས་སོང་བར་ངས་བསླབ་པ་གསུམ་གྱི་སྐོར་ལ་བཤད་འདོད་ཡོད་ཅེས་ལབ་རྒྱུ་བྱུང་། དེ་ནི་ཕྱིས་སུ་ང་རང་བསླབ་པ་གསུམ་ཟེར་བ་དེ་གལ་ཆེན་པོ་རེད་འདུག་སྙམ་པ་བྱུང་བས་ཡིན། བསླབ་པ་གསུམ་ནི་ཚུལ་ཁྲིམས་ཀྱི་བསླབ་པ། སེམས་ཀྱི་བསླབ་པ། ཤེས་རབ་ཀྱི་བསླབ་པ་གསུམ་ཡིན་པ་ལ། ཤེས་རབ་ཀྱི་བསླབ་པ་ནི་གལ་ཆེན་ཡིན་པ་ངས་སྔ་མོ་ནས་ཤེས་ཀྱི་ཡོད་ལ། དགའ་མོས་ཀྱང་ཡོད། འོན་ཀྱང་དྲང་པོ་བཤད་ན་ངས་སེམས་ཀྱི་བསླབ་པ་ཟེར་བ་དེ་ནི་དམིགས་བསལ་གང་འདྲ་ཞིག་ཡིན་སྔ་མོ་ཤེས་ཀྱི་མེད་ལ། ཚུལ་ཁྲིམས་ཀྱི་བསླབ་པ་ཟེར་བ་དེ་གང་འདྲ་ཡིན་རོབ་ཙམ་ཤེས་ཀྱི་ཡོད་ན་ཡང་དེ་ཙམ་དགའ་བོ་མེད། རྒྱུ་མཚན་ནི་ཚུལ་ཁྲིམས་ཟེར་དུས་སྡོམ་པའི་རིགས་ལ་གོ་བ་ལ། སྡོམ་པ་མང་ཆེ་བ་འདི་བྱེད་མི་ཆོག འདི་བྱ་མི་རུང་ཟེར་བ་རྐྱང་རེད། ནང་པའི་དགེ་སློང་ལ་མཚོན་ན་འདུལ་ཁྲིམས་ ༢༥༣ ཡོད་པ་ལ། དེ་ཚོ་རེ་རེ་བཞིན་བསྲུང་བ་ལྟ་ཞོག བློ་ལ་ཡོད་པ་ཡང་ཁག་པོ་ཡིན་འགྲོ།

འོན་ཀྱང་ཕྱིས་སུ་བསམ་བློ་གཏོང་དུས་ང་ཚོས་ནང་ཆོས་ཀྱི་ནང་དུ་རང་ཉིད་ཙམ་མིན་པར་སྤྱི་ཚོགས་ཀྱང་གོང་འཕེལ་གཏོང་བའི་སྐད་ཆ་ཞིག་བཤད་བཞིན་ཡོད་པ་རེད། དེ་ལ་གལ་སྲིད་ཚུལ་ཁྲིམས་ཟེར་བ་ཞིག་མེད་ན་རང་ཉིད་ཀྱང་གོང་འཕེལ་གཏོང་མི་ཐུབ་ན་སྤྱི་ཚོགས་གོང་འཕེལ་གཏོང་ཟེར་བ་ནི་དེ་བས་ཀྱང་མི་སྲིད་པ་ཡིན་པའི་ངེས་ཤེས་སྐྱེས་བྱུང་། དེ་བཞིན་དུ་ང་ཚོ་བོད་བརྒྱུད་ནང་བསྟན་ལྟ་བུར་མཚོན་ན་ལུས་ངག་གི་དགེ་བ་དཔེར་ན་ཕྱག་འཚལ་བ་དང་། སྐོར་བ་སྐོར་བ། བསྙེན་པ་བགྲང་བ་སོགས་མང་པོ་ཞིག་ཡོད་པ་རེད་དེ་མི་མང་པོ་ཞིག་གིས་དེ་ཚོ་ཕྱིའི་འགུལ་བསྐྱོད་ཙམ་ལས་ཚུར་ནང་སེམས་ལ་སྦྱར་མི་ཐུབ་པའི་གནས་ཚུལ་འདི་མཐོང་དུས་སེམས་ཀྱི་བསླབ་པ་ཡང་དམིགས་བསལ་གལ་ཆེན་དུ་མཐོང་། སངས་རྒྱས་ཀྱི་སྐབས་སུ་རྒྱ་གར་ལ་དགེ་སྡིག་ནི་སེམས་ཙམ་མིན་པར་ལུས་ངག་དང་འབྲེལ་བ་ཟབ་མོ་ཡོད་པར་འདོད་པའི་ཆོས་ལུགས་གཞན་ཡོད་པ་རེད་དེ། ནང་པ་སངས་རྒྱས་པའི་ལུགས་ལ་དགེ་སྡིག་ནི་གཙོ་བོ་སེམས་ཀྱི་སྒོ་ནས་འཇོག་པ་རེད། བྱས་ཙང་ཕྱག་འཚལ་བ་ལྟ་བུར་མཚོན་ན་དེས་མཆོག་གསུམ་ལ་གུས་པ་སྐྱེད་ཅིང་། རང་གིས་རང་ལ་ང་རྒྱལ་ཞི་བར་བྱེད་པས་དེ་ནི་སེམས་དགེ་བ་ལ་འགྲོ་ཐབས་ཡིན་པའི་ཆ་ནས་དགེ་བར་འཇོག་པ་ལས་མགོ་བོ་གུག་ནས་ལུས་པོ་ས་ལ་ཐུག་པ་ཙམ་གྱིས་དགེ་བ་ཚད་ལྡན་ལ་འཇོག་པ་དེ་ནང་ཆོས་ཀྱི་ངོས་ནས་ཁག་པོ་ཡིན་འགྲོ།

དེའི་ཐོག་ཏུ་སངས་རྒྱས་ཀྱི་ཆོས་ལུགས་ནི་ཤེས་རབ་གལ་ཆེན་དུ་འཛིན་པའི་ཆོས་ལུགས་ཤིག་ཡིན་པས་ན་ཚེ་འདིར་ནང་སེམས་ཀྱི་ཞི་བདེ་འཚོལ་བ་ལ་ཡང་མི་ཚེའི་གནས་ལུགས་རྟོགས་དགོས་ཤིང་། ཚེ་ཕྱི་མར་ཐར་པ་ཐོབ་དགོས་ན་ཡང་བདག་མེད་པའི་གནས་ལུགས་རྟོགས་དགོས། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ལ་ཡང་ཆོས་ཐམས་ཅད་ཀྱི་གནས་ལུགས་རྟོགས་དགོས་པ་ལ། དེ་ཐམས་ཅད་ལ་མེད་དུ་མི་རུང་བ་ནི་ཤེས་རབ་ཡིན་པས་ཤེས་རབ་མེད་ན་ནང་ཆོས་ནས་བཤད་པའི་འབྲས་བུ་མཐར་ཐུག་པ་གང་ཡང་མེད་ཅེས་བཤད་ཆོག་པ་རེད། དེའི་རྒྱུ་མཚན་གྱིས་སངས་རྒྱས་ཀྱིས་རྡོ་རྗེ་གཅོད་པ་སོགས་མདོ་མང་པོའི་ནང་དུ་འཇིག་རྟེན་གྱི་ཁམས་ཧྲིལ་པོ་གསེར་དང་དངུལ་སོགས་རིན་པོ་ཆེས་བཀང་ནས་ཕུལ་བ་བས་ཀྱང་མདོ་འདི་ཉིད་ཀྱི་ཚིག་གཅིག་ཙམ་གྱི་དོན་ཤེས་ཤིང་ཡིད་ལ་འཛིན་པ་ཉིད་ཕན་ཡོན་ཆེ་བར་གསུངས་པ་ཡང་། གསེར་དངུལ་ལ་སོགས་པ་ཅི་ཙམ་ཕུལ་ན་ཡང་སླར་ཡང་འཁོར་བའི་བདེ་བ་ཐོབ་བྱེད་ཙམ་དུ་འགྱུར་བ་རེད་ལ། ཤེས་རབ་ནི་འཁོར་བ་ལས་ཐར་བར་བྱེད་པའི་ལྡེ་མིག་ལྟ་བུ་ཡིན་པའི་རྒྱུ་མཚན་གྱིས་རེད། འོན་ཀྱང་ཕངས་པ་ཞིག་ལ་ད་ལྟའི་དུས་སུ་ནང་པའི་ཁྲོད་དུ་འབུལ་བ་ཕུལ་བ་ལ་དགའ་བོ་བྱེད་མཁན་མང་ཙམ་ཡོད་ན་གནས་ལུགས་རྟོགས་པ་ལ་འབད་བརྩོན་བྱེད་འདོད་ཡོད་པ་ཧ་ཅང་ཉུང་ཉུང་རེད།

ནང་ཆོས་ཀྱི་ཉམས་ལེན་ཡོད་དོ་ཅོག་བསླབ་པ་གསུམ་པོའི་ནང་དུ་འདུས་ལ། སྤྱི་ཡོངས་ཀྱི་བཤད་སྟངས་ལྟར་བྱས་ན་བསླབ་པ་གསུམ་པོ་ནི་ཉམས་ལེན་གྱི་རིགས་ཐ་དད་པ་གསུམ་ཡིན་ཀྱང་། རྩལ་དུ་འདོན་ཆེ་ཆུང་ཙམ་ལས་ཉམས་ལེན་གང་ལ་ཡིན་ཀྱང་བསླབ་པ་གསུམ་པོ་ནི་ངེས་པར་དུ་ཚང་དགོས། དཔེར་ན་ཉམས་ལེན་གང་བྱས་ཀྱང་དེ་ལ་ཡང་དག་པའི་ལྟ་བ་དགོས་པ་ནི་ཤེས་རབ་ཀྱི་བསླབ་པ་རེད་ལ། ཤེས་རབ་དེ་ཡོད་པ་ཙམ་གྱིས་མི་འགྲིག་པར་དེ་རང་གི་སེམས་རྒྱུད་དུ་སྦྱོར་དགོས་པ་ནི་སེམས་ཀྱི་བསླབ་པ་རེད། དེ་སེམས་ལ་སྦྱར་བ་ལ་བརྟེན་ནས་དེ་དང་མཐུན་པའི་ལག་ལེན་དགོས་པ་ནི་བསླབ་པ་ཚུལ་ཁྲིམས་ཀྱི་བསླབ་པ་རེད། དཔེར་ན་ཕྱག་འཚལ་བ་ལྟ་བུར་མཚོན་ན་ཅིའི་ཕྱིར་ཕྱག་འཚལ་བ་ཡིན་ཤེས་པ་ནི་ཤེས་རབ་ཀྱི་བསླབ་པ་རེད་ལ། ཕྱག་འཚལ་བས་མཆོག་གསུམ་ལ་གུས་པ་སྐྱེད་ཅིང་། རང་ཉིད་ཀྱི་ང་རྒྱལ་སོགས་ཉོན་མོངས་པ་གཞོམ་པར་བྱེད་པ་ནི་སེམས་ཀྱི་བསླབ་པ་རེད། དེ་གཉིས་ལ་བརྟེན་ནས་མ་བྱས་རང་བྱས་སམ་ཚུལ་འཆོས་ཙམ་མིན་པར་རང་བཞིན་གྱིས་ཡན་ལག་ལྔ་པོ་ས་ལ་གཏུགས་པ་ནི་ཚུལ་ཁྲིམས་ཀྱི་བསླབ་པ་རེད། དེ་གསུམ་ག་མ་ཚང་ན་ཉམས་ལེན་དེ་ཉིད་མཚན་ཉིད་མ་ཚང་བའི་ཉམས་ལེན་དུ་གྱུར་པ་རེད། དཔེར་ན་མང་པོ་ཞིག་གིས་ཉམས་ལེན་བྱེད་ཀྱང་ནང་དོན་མི་ཤེས་པས་ཤེས་རབ་ཀྱི་བསླབ་པ་མ་ཚང་བ་རེད་ལ། ཚོང་པས་གཞན་དོན་བྱེད་ཀྱང་གཞན་ཕན་གྱི་སེམས་མེད་པས་སེམས་ཀྱི་བསླབ་པ་མེད་པ་རེད་ལ། ཡང་ང་ཚོ་མང་པོ་ཞིག་གི་ཉམས་ལེན་དང་ལག་ལེན་གཉིས་འབྲེལ་བ་མེད་པར་གྱུར་པ་ནི་ཚུལ་ཁྲིམས་ཀྱི་བསླབ་པ་མེད་པས་རེད།

ཡང་འཇིག་རྟེན་གྱི་ཕྱོགས་ནས་བཤད་ན་ཡང་བསླབ་པ་གསུམ་པོ་ཚང་དགོས་པ་ནི། ང་ཚོ་ཚང་མ་ལ་མི་བཟང་པོ་ཞིག་དང་། མི་སེམས་སྐྱིད་པོ་ཅན་ཞིག་དང་། མི་ཤེས་རབ་ཅན་ཞིག་བྱ་འདོད་ཡོད་པ་རེད། ང་ཚོ་སེམས་སྐྱིད་པོ་ཡོད་ཅིང་། སྤྱང་པོ་ཡང་ཡོད་ན་ཡང་མ་རབས་ཤིག་ཡིན་ན་མི་འགྲིག་པ་རེད་ལ། སྤྱང་པོ་ཡང་ཡོད། མི་བཟང་པོ་ཡང་ཡིན་ན་ཡང་། སེམས་མ་སྐྱིད་པ་ཞིག་ཡོད་ན་ཡང་མི་འགྲིག་པ་རེད། དེ་བཞིན་དུ་ཡང་སེམས་ཀྱང་སྐྱིད་པོ་ཡོད། མི་ཡང་བཟང་པོ་ཞིག་ཡིན་ན་ཡང་། ལྐུགས་ཐོམ་ཐོམ་ཞིག་ཡིན་ན་དེ་ཡང་མ་འགྲིག་པ་རེད། དེ་ཡིན་དུས་ང་ཚོ་ལ་མི་ཤེས་རབ་ཅན་ཞིག་དང་། ཤེས་རབ་ཅན་ཙམ་མིན་པར་སེམས་ཞི་བདེ་ཅན། དེ་ཙམ་མིན་པར་ཀུན་སྤྱོད་ཀྱི་ཆ་ནས་ཀྱང་མི་བཟང་པོ་ཞིག་ཡིན་ན་འཇིག་རྟེན་གྱི་ལུགས་ལ་ཡང་མི་ཚད་ལྡན་ནི་དེ་འདྲ་ལ་གོ་བ་རེད་ལ། ཆོས་ཀྱི་ལུགས་སུ་ཡང་མི་བཟང་པོའམ་དམ་པའི་སྐྱེས་བུ་ཟེར་བ་ཡང་དེ་འདྲ་ལ་གོ་བ་རེད། དེ་འདྲ་ཡོང་བར་ནང་ཆོས་ཀྱི་ནང་དུ་བསླབ་པ་གསུམ་ཞེས་འབྱུང་བ་རེད། མི་ཤེས་རབ་ཅན་ཞིག་ཏུ་འགྱུར་བར་ཤེས་རབ་ཀྱི་བསླབ་པ་དང་། སེམས་ཞི་བདེ་ཅན་ཞིག་ཏུ་འགྱུར་བར་སེམས་ཀྱི་བསླབ་པ། ཀུན་སྤྱོད་བཟང་པོ་ཅན་ཞིག་ཏུ་འགྱུར་བར་ཚུལ་ཁྲིམས་ཀྱི་བསླབ་པ་རྣམས་གསུངས་པ་རེད།

བསླབ་པ་གསུམ་ཟེར་བ་ནི་དེ་འདྲ་ཡིན་པ་ཤེས་ནས་ད་ནི་བསླབ་པ་གསུམ་པོ་ནང་ཆོས་དང་སྦྱར་ནས་ཉམས་ལེན་བྱེད་སྟངས་གང་འདྲ་རེད་དམ་ཟེར་ན། ནང་ཆོས་ལ་ཉམས་ལེན་གྱི་རིམ་པ་མི་འདྲ་བ་ཁ་ཤས་ཡོད་ཀྱང་། གལ་ཆེ་ཤོས་དེ་ཚོ་གང་ཡིན་ཀྱང་བསླབ་པ་གསུམ་པོ་ངེས་པར་དུ་ཚང་དགོས། དེ་མ་ཚང་ན་དཔེར་ན་ཉན་ཐོས་ཀྱི་ཐེག་པའི་ནང་དུ་གང་ཟག་གི་བདག་མེད་བཤད་ཡོད་ཀྱང་། ལས་རྒྱུ་འབྲས་ཀྱང་བཤད་ཡོད་པས་བདག་མེད་པར་བཤད་པ་ཙམ་གྱིས་ལས་རྒྱུ་འབྲས་དང་འགལ་བ་བྱ་མི་རུང་ལ། བྱང་ཆུབ་སེམས་དཔའི་ཐེག་པའི་ནང་དུ་སྟོང་པ་ཉིད་བཤད་ཡོད་ཀྱང་། སྟོང་པ་ཉིད་ཅི་ཙམ་རྟོགས་པ་དེ་ཙམ་གྱིས་སྙིང་རྗེ་ཆེ་རུ་འགྲོ་བར་བཤད་ཡོད་པས་ངས་ནང་ཆོས་ནས་བཤད་པའི་སྟོང་ཉིད་སྦྱངས་པ་ཡིན་ཟེར་ནས་ཆོས་དང་འཇིག་རྟེན་གཉིས་ཀ་དང་འགལ་བའི་བྱ་བ་འདྲ་མིན་བྱེད་པ་ནི་མི་འགྲིག་པ་རེད། དེའི་རྒྱུ་མཚན་ནང་ཆོས་ཀྱི་ནང་དུ་ཉམས་ལེན་གང་ལ་ཡིན་ཀྱང་བསླབ་པ་གསུམ་ག་ཚང་དགོས་པས་ནང་ཆོས་ཀྱི་ལྟ་གྲུབ་དང་ཉམས་ལེན་བྱེ་བྲག་པ་གང་ཡང་རུང་བ་གཅིག་ཙམ་བླང་པས་ནང་པ་སངས་རྒྱས་པ་མཚོན་མི་ཐུབ་ཅིང་དེས་རང་ཉིད་ལ་ཕན་ཀྱང་མི་ཐོགས་སྲིད། དེའི་རྒྱུ་མཚན་གྱིས་ང་ཚོས་གང་ཉམས་ལེན་བྱས་ཀྱང་ཉམས་ལེན་དེའི་ཤེས་རབ་ནི་གང་། ཉམས་ལེན་དེས་སེམས་ཀྱི་འདུལ་སྦྱོང་ནི་གང་འདྲ་བྱེད་པ། ཉམས་ལེན་དེ་བྱས་པས་ཀུན་སྤྱོད་ནི་གང་འདྲ་དགོས་འདུག་གོ་བ་ཡག་པོ་ལེན་དགོས།

ནང་ཆོས་ལ་སྤྱིར་ཐེག་པ་གསུམ་ཟེར་བའི་བཤད་སྲོལ་ཞིག་ཡོད་ན་ཡང་དེ་ལ་བརྩི་སྟངས་མི་འདྲ་བ་གཉིས་ཙམ་ཡོད། གཅིག་ནི་གསང་སྔགས་རྡོ་རྗེ་ཐེག་པ་བྱེ་བྲག་ཏུ་འདྲེན་པ་རེད་ལ། གཅིག་ནི་རང་རྒྱལ་གྱི་ཐེག་པ་ལོགས་སུ་འདྲེན་པ་རེད། འོན་ཀྱང་རང་རྒྱལ་གྱི་ཐེག་པ་ཟེར་བ་ནི་གཏམ་རྒྱུད་ལྟ་བུ་ལས་ལོ་རྒྱུས་རང་བཞིན་མ་རེད་ལ་དེའི་སྐོར་ལ་སངས་རྒྱས་ཀྱིས་ཀྱང་མང་པོ་གསུངས་མེད་པ་རེད། གཙོ་བོ་ནི་ཉན་ཐོས་དང་། བྱང་སེམས། གསང་སྔགས་བཅས་གསུམ་རེད། འོན་ཀྱང་གསང་སྔགས་ནི་བཤད་མཁན་ལ་ཡང་ཆ་རྐྱེན་དགོས་པ་རེད་ལ། ཉན་མཁན་ལ་ཡང་དགོས་པ་ཡིན་དུས་ཆ་རྐྱེན་དེ་ཚོ་ཉན་མཁན་ཁྱེད་རྣམ་པ་ལ་ག་ཚོད་ལ་ཡོད་མི་ཤེས་ཏེ། བཤད་མཁན་ང་རང་ལ་ནི་མེད། མ་ཟད་གསང་སྔགས་ནི་དངོས་གནས་སངས་རྒྱས་གོ་འཕང་འཐོབ་འདོད་ཡོད། དེ་ཡང་མགྱོགས་པོ་འཐོབ་འདོད་ཡོད། དེའི་ཆེད་དུ་གང་ཡིན་ན་ཡང་བྱེད་ཐུབ་མཁན་ཞིག་གི་ཆེད་དུ་ཡིན་པ་ལས་དད་པ་དང་ཡིད་ཆེས་མེད་ཀྱང་ཚོད་ལྟ་ཙམ་བྱས་ན་འགྲིག་པ་ཞིག་མིན་དུས་ངས་ད་རེས་བཤད་ཀྱི་མིན། ཤེས་དགོས་པ་ཞིག་ལ་མི་མང་པོས་བོད་བརྒྱུད་ནང་བསྟན་ནི་རྡོ་རྗེ་ཐེག་པ་རེད་དྲན་ན་ཡང་། བོད་བརྒྱུད་ནང་བསྟན་ལ་གསུམ་ག་ཚང་ཡོད་པ་རེད། དཔེར་ན་ང་ཚོའི་རབ་བྱུང་གི་ལུགས་འདི་ནི་ཉན་ཐོས་ཀྱི་ལུགས་ཡིན་པ་ལས་ཐེག་པ་ཆེན་པོ་དང་གསང་སྔགས་གཉིས་ལ་རང་རང་ལུགས་ཀྱི་རབ་བྱུང་གི་ལུགས་ཤིག་ཡོད་པ་མ་རེད།

འོན་ཀྱང་ངས་ད་རེས་གསང་སྔགས་བཤད་པའི་ཚབ་ལ་འཇིག་རྟེན་ལུགས་ཀྱི་ནང་ཆོས་ཞེས་པ་བཤད་ཀྱི་ཡིན། དེ་ནི་ངས་བསམས་ན་ནང་ཆོས་ཉམས་ལེན་གྱི་རྨང་གཞི་ཡིན་ཀྱང་ནང་པ་ཐམས་ཅད་ཀྱིས་ཉམས་ལེན་བྱ་དགོས་པ་ཞིག་རེད་དྲན། དེའི་ཐོག་ཏུ་ཉན་ཐོས་དང་བྱང་སེམས་གཉིས་བཤད་ཀྱི་ཡིན་ལ། དེ་གསུམ་པོར་ངས་སངས་རྒྱས་ཀྱི་ཆོས་ལུགས་ 1.0 དང་། སངས་རྒྱས་ཀྱི་ཆོས་ལུགས་ 2.0། སངས་རྒྱས་ཀྱི་ཆོས་ལུགས་ 3.0 ཞེས་འདོགས་ཀྱི་ཡིན། དང་པོ་ནི་འཇིག་རྟེན་ལུགས་ཀྱི་ནང་ཆོས་ལ་གོ་ཞིང་། གཉིས་པ་ནི་ཉན་ཐོས་ཀྱི་ཆོས་ལུགས་ལ་གོ། གསུམ་པ་ནི་བྱང་སེམས་སམ་ཐེག་པ་ཆེན་པོའི་ཆོས་ལུགས་ལ་གོ། མིང་འདི་ལྟར་འདོགས་པ་ནི་ངས་སྔ་མོ་རོལ་དབྱངས་ལ་ཧ་ཅང་དགའ་ཡང་དངུལ་དེ་ཙམ་མེད་པའི་སྐབས་ཤིག་ཏུ་རྒྱ་གར་སྒོར་མོ་གཅིག་སྟོང་སྤྲད་ནས་སྐད་སྒམ་དཀར་པོ་ཆེན་པོ་ཞིག་ཉོས་པ་ལ་དེ་ནི་ 1.0 ཡིན་པ་ད་དུང་དྲན་གྱི་འདུག དེ་བཞིན་དུ་ལོ་ཤས་སྔོན་ TED ལ་མི་ཞིག་གིས་ལྷ་མེད་རིང་ལུགས་པ་ 1.0 ཟེར་བའི་གཏམ་བཤད་ཅིག་བྱེད་བཞིན་འདུག་པས་སྣང་བར་འགྲོ་བོ་མཐོང་བས་ཡིན། དེ་ཡང་གཙོ་བོ་ནི་ཐ་སྙད་འདི་འདྲ་བེད་སྤྱད་པས་ང་ཚོས་ནང་ཆོས་ཀྱི་ཐེག་པ་གསུམ་སོགས་ཟེར་དུས་ལུགས་མི་འདྲ་བ་ཐ་དད་པ་གསུམ་ལ་གོ་བ་མ་ཡིན་པར་རིམ་པ་མི་འདྲ་བ་གསུམ་སྟེ། སྔ་མ་ཉམས་ལེན་བྱས་ན་ངེས་པར་དུ་ཕྱི་མ་ཉམས་ལེན་བྱ་དགོས་མེད་ཀྱང་། ཕྱི་མ་ཕྱི་མ་ཉམས་ལེན་མ་བྱས་གོང་དུ་ངེས་པར་དུ་སྔ་མ་སྔོན་དུ་འགྲོ་དགོས་པའི་གནད་འགག་དྲན་གསོ་གཏོང་བའི་ཆེད་དུ་ཡང་ཡིན།

ནང་ཆོས་ཀྱི་ཉམས་ལེན་རིམ་པ་གསུམ་པོ་ལས་དང་པོ་འཇིག་རྟེན་ལུགས་ཀྱི་ནང་ཆོས་སམ་སངས་རྒྱས་ཀྱི་ཆོས་ལུགས་ 1.0 གི་དམིགས་ཡུལ་གཙོ་བོ་ནི་ཚེ་འདིར་མི་བཟང་པོ་ཞིག་བྱས་ཏེ་འཚོ་བའི་ཁྲོད་དུ་སེམས་ཀྱི་ཞི་བདེ་རྙེད་པ་དང་། དེ་ལ་བརྟེན་ནས་དོན་སྙིང་ལྡན་པའི་མི་ཚེ་བསྐྱལ་རྒྱུ་དེ་རེད། གཉིས་པ་སངས་རྒྱས་ཀྱི་ཆོས་ལུགས་ 2.0 ནི་ཚེ་འདི་རུ་ཉོན་མོངས་པའི་སྡུག་བསྔལ་ལས་གཏན་དུ་ཐར་རྒྱུ་དང་ཚེ་ཕྱི་མར་སྐྱེ་འཆིའི་འཁོར་བ་ལས་ཐར་རྒྱུ་དེ་རེད། དེ་ལ་ཡོངས་གྲགས་སུ་ཉན་ཐོས་ཀྱི་ཆོས་ལུགས་ཞེས་ཀྱང་བརྗོད། གསུམ་པ་སངས་རྒྱས་ཀྱི་ཆོས་ལུགས་ 3.0 ནི་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་དུ་རེད་ལ། དེ་ལ་ཡོངས་གྲགས་སུ་ཐེག་པ་ཆེན་པོའི་ཆོས་ལུགས་ཞེས་བརྗོད། དེ་གསུམ་ག་སངས་རྒྱས་ཀྱི་མཛད་རྣམ་ལ་སློབ་སྦྱོང་བྱེད་པ་ཞིག་ཡིན་པ་འདྲ་ན་ཡང་། འཇིག་རྟེན་ལུགས་ཀྱི་ནང་ཆོས་ལ་མཚོན་ན་སངས་རྒྱས་ཀྱིས་རྒྱལ་སྲས་ཤིག་གི་འཚོ་བ་སྤངས་པ་ནས་བཟུང་རྡོ་རྗེ་གདན་དུ་སངས་རྒྱས་པའི་བར་གྱི་མཛད་པ་དེ་འདིའི་ལུགས་ཀྱི་བསླབ་བྱ་གཙོ་བོ་ཡིན་ཅིང་། ཉན་ཐོས་ལུགས་ཀྱི་ནང་ཆོས་ནི་སངས་རྒྱས་ཀྱི་སྐུ་ཚེ་དེ་ཧྲིལ་པོའི་མཛད་རྣམ་རྣམས་བསླབ་བྱའི་གཙོ་བོར་བྱས་པ་ཞིག་དང་། ཐེག་པ་ཆེན་པོའམ་བྱང་སེམས་ཀྱི་ཆོས་ལུགས་ནི་སངས་རྒྱས་ཀྱིས་ཐོག་མར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བཟུང་མཐར་སྐུ་མྱ་ངན་ལས་འདས་པ་སོགས་མདོར་ན་སངས་རྒྱས་པའི་དབུ་ནས་མཇུག་བར་གྱི་བརྒྱུད་རིམ་ཆ་ཚང་བ་བསླབ་བྱར་བླང་བའི་ཆོས་ལུགས་ཤིག་ལ་ངོས་བཟུང་ན་འགྲིག་པ་འདྲ།

དེ་གསུམ་པོ་གང་ཞིག་ཉམས་ལེན་བྱེད་མིན་ནི་བཤད་མ་དགོས་པར་རང་རང་གི་འདོད་པ་རེད། གསུམ་ག་ནང་པ་སངས་རྒྱས་པའི་ཆོས་ལུགས་དངོས་ཡིན་པ་ལས་གང་ཡང་རུང་བ་དངོས་གནས་དང་གཞན་དག་རྫུན་མ་རེད་ཅེས་བཤད་ན་མི་འགྲིག འོན་ཀྱང་ཤེས་དགོས་པར་སྔ་མ་སྔ་མའི་ཉམས་ལེན་ཡོད་པའི་ཐོག་ཏུ་ཕྱི་མ་ཕྱི་མའི་ཉམས་ལེན་ཡོད་ན་བཟང་དུ་སོང་བ་རེད། དེ་མིན་རྨང་གཞི་མེད་པའི་ཁང་བཟོ་དང་། རྩ་བ་བོར་བའི་ཡལ་གར་འགྲོ་བའི་ཉེན་ཁ་ཧ་ཅང་ཆེ། བོད་ལ་ཐེག་པ་གསུམ་གའི་ཉམས་ལེན་ཡོད་པ་ནི་ཧ་ཅང་བཟང་པོ་ཡིན་ཀྱང་། ཞན་ཆ་ཞིག་ནི་ཕལ་མོ་ཆེས་ཐེག་པ་གསུམ་པོའི་ཉམས་ལེན་བསྲེ་དྲགས། ཁྱད་པར་འབྱེད་མ་ཐུབ་ནས་ལས་དང་པོ་པ་ལ་ཆོས་བཤད་སྐབས་ཀྱང་ཐོག་མ་ཉིད་ནས་རྩ་བའི་བླ་མ་ཞིག་འཚོལ་མ་ཐུབ་ན་ཆོས་ཉམས་ལེན་གང་བྱས་ཀྱང་ཕན་ཐོགས་མེད་པ་ལྟ་བུ་ཞིག་བཤད། རྩ་བའི་བླ་མ་དེ་ཡང་སྐྱེ་བ་དང་ཚེ་རབས་མང་པོར་འབྲེལ་བ་ཡོད་པ་ཡིན་ཚུལ་ཞིག་བཤད་ནས་དགོས་མེད་ཀྱི་དཀའ་ངལ་མང་པོ་ཞིག་བཟོ་བཞིན་ཡོད། དོན་དངོས་སུ་དེ་ནི་རྡོ་རྗེ་ཐེག་པ་བྱེ་བྲག་པའི་བཤད་ཚུལ་ཞིག་ལས་ནང་པ་སངས་རྒྱས་པ་སྤྱིའི་བཤད་ཚུལ་ཞིག་མ་རེད་ལ། གསང་སྔགས་ཉམས་ལེན་མ་བྱས་པ་ཙམ་གྱིས་ནང་ཆོས་ཉམས་ལེན་མ་རེད་ཅེས་ཟེར་ན་ཧ་ཅང་ཐལ་བ་རེད་སྙམ།

དེ་བཞིན་དུ་ཐོག་མར་ཚེ་འདི་ལ་སེམས་འདུལ་སྦྱོང་ཡག་པོ་ཞིག་བྱས་ཏེ་རང་ཉིད་ནང་སེམས་ཀྱི་དཀའ་སྡུག་ལས་ཐར་ཐུབ་པ་བྱུང་ན་ཡང་འགྲིག་པ་རེད། དེ་ཙམ་ཡང་མ་བྱུང་བར་ཐད་ཀར་སྐྱེ་བ་འདི་རང་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་འཐོབ་དགོས་ཟེར་ནས་བླ་མས་ཀྱང་མང་པོ་ཞིག་བཤད། ཉམས་ལེན་མཁན་གྱིས་ཀྱང་མིག་བཙུམས་ནས་མང་པོ་ཞིག་བྱས་ན་ཡང་གྲུབ་འབྲས་ནི་རྡོ་རྗེ་འཆང་ཕར་ཟད་ཚུར་ཟད། མི་བཟང་པོ་ཞིག་ཀྱང་བྱེད་མ་ཐུབ་པར་སྐབས་རེ་འཇིག་རྟེན་འདིའི་མི་ཡིན་པ་འདྲ་བོ། སྐབས་རེ་གླིང་གཞན་པའི་མི་ཡིན་པ་འདྲ་བོ་མང་པོ་ཞིག་བྱུང་ན་རང་ཉིད་དང་སྤྱི་ཚོགས་གཉིས་ཀར་ཕན་གནོད་གང་ཆེ་བཤད་ཁག་པོ་རེད། དེའི་རྒྱུ་མཚན་གྱིས་མི་མང་པོ་ཞིག་ནི་ནང་ཆོས་ཉམས་ལེན་ལ་སྤྲོ་བ་ཡོད་ཀྱང་། ཉམས་ལེན་གང་ནས་མགོ་འཛུགས་དགོས་མིན་མ་ཤེས་པའི་དཀའ་ངལ་ཡོད། བོད་ཀྱི་བཤད་སྲོལ་ལ་བློ་ལྡོག་རྣམ་བཞིའམ་སྔོན་འགྲོ་རྣམ་བཞི་ནས་མགོ་འཛུགས་དགོས། ངས་དྲན་ན་གོང་དུ་བཤད་པ་ལྟར་ནང་ཆོས་ཀྱི་ཉམས་ལེན་ནི་ཐོག་མར་རང་ཉིད་མི་བཟང་པོ་ཞིག་དང་། སེམས་ཞི་བདེ་ཡོད་པ་ཞིག དེ་ལྟར་ཡོང་བར་མི་ཚེའི་རང་བཞིན་ལ་གོ་རྟོགས་ཡོད་པ་ཞིག་བྱ་དགོས་པས་དེའི་ཆེད་དུ་འཇིག་རྟེན་ལུགས་ཀྱི་ནང་ཆོས་སམ་སངས་རྒྱས་ཀྱི་ཆོས་ལུགས་ 1.0 ཡག་པོ་ཉམས་ལེན་བྱས་ན་བཟང་སྙམ།

དེ་ཉམས་ལེན་བྱས་ནས་རང་མགོ་ཡང་ཐོན། སེམས་ལ་ཡང་གང་ལ་གང་འཚམས་བདག་ཕོག མི་ཚེའི་རང་བཞིན་ཀྱང་གང་ལ་གང་འཚམས་ཤེས་ན་ད་གཟོད་ཉན་ཐོས་ཀྱི་ཆོས་ཉམས་ལེན་བྱས་ཏེ་ཐར་པ་ཐོབ་པ་ལ་འབད་བརྩོན་བྱ་དགོས། འཇིག་རྟེན་ལུགས་ཀྱི་ནང་ཆོས་ཉམས་ལེན་བྱེད་སྐབས་ཉོན་མོངས་པའི་དཀའ་ངལ་ལས་གནས་སྐབས་གནས་སྐབས་ཐར་བར་བྱེད་པ་ལས་གཏན་དུ་ཐར་ཐབས་ལ་ཤུགས་རྒྱག་གི་ཡོད་པ་མ་རེད། ཉན་ཐོས་ལུགས་ཀྱི་ནང་ཆོས་སྐབས་སུ་གཏན་དུ་ཐར་ཐབས་ལ་ཤུགས་རྒྱག་གི་ཡོད་པ་རེད། ནང་པ་མང་པོས་སངས་རྒྱས་ཀྱི་ཆོས་ལུགས་ནི་ཤེས་རབ་དང་སྙིང་རྗེའི་ཆོས་ལུགས་ཤིག་ཡིན་པར་བཤད་ན་ཡང་། གལ་སྲིད་དེའི་སྐབས་ཀྱི་སྙིང་རྗེ་དེ་སེམས་ཅན་གཞན་ལ་སྙིང་རྗེ་བའི་སྙིང་རྗེ་ལ་གོ་ན་སངས་རྒྱས་ཀྱིས་ཉན་ཐོས་ཀྱི་ཆོས་ཀྱི་ནང་དུ་སྙིང་རྗེ་དེ་འདྲ་རྩལ་འདོན་གནང་ཡོད་པ་མ་རེད། སྙིང་རྗེ་དེ་འདྲ་དགོས་པར་ཡང་གསུངས་ཡོད་པ་མ་རེད་ལ། མི་དགོས་པར་ཡང་མ་གསུངས་པར་གདམ་གའི་ཚུལ་དུ་བཞག་ཡོད་པ་རེད། དེ་ནི་ངས་དྲན་ན་ཧ་ཅང་གལ་ཆེན་པོ་རེད་དྲན། རྒྱུ་མཚན་ནི་ཉན་ཐོས་ཀྱི་ནང་དུ་གཙོ་བོ་རང་གི་སེམས་ལ་རང་གིས་བདག་ཕོག་པ་ཞིག་དང་རང་མགོ་ཐོན་པ་ཞིག་གང་འདྲ་བྱེད་དགོས་མིན་ཐད་རྩལ་དུ་བཏོན་ནས་གསུངས་ཀྱི་ཡོད་པ་རེད། དེ་ཡག་པོ་བྱུང་ན་གཞི་ནས་སེམས་ཅན་གཞན་ལ་ཡང་སྙིང་རྗེ་སྐྱེས་ནས་གཞན་ཕན་གྱི་ལས་ལ་འཇུག་ན་ཧ་ཅང་བཟང་པོ་རེད། དེ་མིན་རང་མགོ་ཙམ་ཡང་མ་ཐོན་པར་གཞན་དོན་ལ་རྒྱུག་རྒྱུ་མང་དྲགས་ནས་མཐར་གཉིས་ཀའི་དོན་མ་འགྲུབ་པར་ལྷག་པའི་ཉེན་ཁ་ཆེ།

ང་ཚོས་དེ་འདྲ་བསམ་དུས་ནང་པ་སངས་རྒྱས་པའི་ཆོས་ལུགས་ལ་ལུགས་མི་འདྲ་བ་ཁ་ཤས་ཡོད་པ་རེད་ཅེས་བཤད་དུས་དེ་ཚོ་ནི་ཡེ་ཤུའི་ཆོས་ལུགས་ལ་ཡོད་པའི་ལུགས་མི་འདྲ་བ་རྣམས་དང་མི་འདྲ་བར་ནང་ཆོས་ཀྱི་ལུགས་མི་འདྲ་བ་རྣམས་ནི་རིམ་པ་མི་འདྲ་བ་ཁ་ཤས་ཡིན་པ་དང་། རིམ་པ་མི་འདྲ་བ་རེད་ཅེས་བཤད་དུས་ཐད་ཀར་གོང་ལ་མཆོངས་ན་འགྲིག་པའམ་མཆོང་ཐུབ་པ་ཞིག་མིན་པར་སུ་ཡིན་ཀྱང་རིམ་པ་སྔ་མ་སྔ་མ་བརྒྱུད་ནས་ཐོས་བསམ་བྱེད། ཉམས་ལེན་བྱེད། གོང་འཕེལ་ཐོན་ཡོང་དུས་རིམ་པ་བཞིན་དུ་བསམ་བློའི་གོ་རྟོགས་དང་། སེམས་ཀྱི་འདུལ་སྦྱོང་། སྤྱོད་ལམ་གྱི་འགན་ཁུར་སོགས་གོང་འཕེལ་འགྲོ་དགོས་པ་ཞིག་ཡིན་པའི་ཐད་ལ་ངེས་ཤེས་དམིགས་བསལ་བ་ཞིག་སྐྱེ་ཡོང་དྲན། དེ་འདྲ་ཡོང་བར་ནང་ཆོས་ཀྱི་ལུགས་གང་ཡིན་ཀྱང་བསླབ་པ་གསུམ་ལ་བརྟེན་ནས་ཡོང་བས་ན། འདིར་ཁོ་བོས་འཇིག་རྟེན་ལུགས་ཀྱི་ནང་ཆོས་དང་། ཉན་ཐོས་ལུགས་ཀྱི་ནང་ཆོས། བྱང་སེམས་ལུགས་ཀྱི་ནང་ཆོས་བཅས་ནང་ཆོས་ཀྱི་ལུགས་སམ་རིམ་པ་གསུམ་པོ་སོ་སོ་ལ་བསླབ་པ་གསུམ་པོ་གང་འདྲ་བྱས་ནས་ཉམས་ལེན་བྱ་དགོས་མིན་ཐད་སྙིང་བསྡུས་ཙམ་བཤད་ཀྱི་ཡིན། 


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།