དྭངས་བསིལ་རི་བོ་རྩེ་ལྔའི་གཞོན་ནུ་ཟུར་ཕུད་ལྔ་པར་མཇལ་བ།__འོད་འཛིན།

529



དང་པོ། གླེང་གཞི།


   ཤེས་རབ་ཀྱི་ལྷ་ཆེན་པོ་འཕགས་པ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །

   དེ་ཡང་ཇི་སྐད་དུ། “མཁྱེན་རབ་བདག་ཉིད་འཕགས་པ་འཇམ་དཔལ་གྱིས། ། ཡོངས་སུ་བརྟེན་པའི་གནས་མཆོག་ཕུལ་བྱུང་བ། ། དམ་པ་རྣམས་ཀྱིས་བསྟོད་པའི་གནས་གྱུར་ཅིང་། ། གང་དུ་བགྲོད་པ་དེ་ཡང་ཤེས་རབ་ལྡན”ཞེས་ཀུན་མཁྱེན་རོང་སྟོན་ཆེན་པོས(༡༣༦༧~༡༤༤༩)བསྔགས་པ་ཇི་བཞིན། བྱིན་རླབས་ཀྱི་ཚན་ཁ་འབར་བའི་གནས་ཀྱི་ཕུད། རི་བོ་དྭངས་བསིལ་ལམ་རྒྱ་ནག་རི་བོ་རྩེ་ལྔ་ནི། ཤར་རི་བོ་རྩེ་ལྔ། ལྷོ་རི་བོ་གྲུ་འཛིན། ནུབ་ཨོ་ཊི་ཡ་ན། བྱང་ཤམྦྷ་ལ། དབུས་རྡོ་རྗེ་གདན་ཞེས་ལྷོ་རྒྱལ་འཛམ་བུ་གླིང་གི་མི་འཇིག་པའི་གནས་ཆེན་ལྔའི་ཡ་གྱལ། རྒྱ་ནག་རྒྱལ་ཁམས་ཆེན་མོའི་གྲགས་པ་གནམ་སར་མཆེད་པའི་བྱིན་རླབས་ཅན་གྱི་གནས་རི་བཞི་སྟེ། འཇམ་པའི་དབྱངས་ཀྱི་གནས་རི་ལྷུན་པོ་རྩེ་ལྔ། ཀུན་ཏུ་བཟང་པོའི་གནས་རི་གླང་ཆེན་འགྱིང་རི། སྤྱན་རས་གཟིགས་ཀྱི་གནས་རི་ལྷོ་པོ་ཏ་ལ། ས་ཡི་སྙིང་པོའི་གནས་རི་དཔལ་རི་རྩེ་དགུ་རྣམས་ཀྱི་ནང་ཚན། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པའི་གནས་མཆོག མདོ་རྒྱུད་དུ་མ་རུ་རྒྱལ་བས་ལུང་གིས་བསྟན་པའི་ཞིང་ཁམས། སློབ་དཔོན་སངས་རྒྱས་བསྐྱངས་དང་། བྱང་སེམས་གཞོན་ནུ་ནོར་བཟང་སོགས་གྲུབ་གཉིས་ཀྱི་རིག་འཛིན་དུ་མས་འཇམ་དབྱངས་སངས་རྒྱས་སྐུ་མངོན་སུམ་དུ་མཇལ་བའི་དག་ཞིང་། འགྲོ་མགོན་ཆོས་རྒྱལ་འཕགས་པ(༡༢༣༥~༡༢༧༩)དང་། མན་ལུང་གུ་རུ(༡༢༣༩~?)སོགས་སྐྱེས་ཆེན་མང་པོའི་ཞབས་ཀྱིས་བཅགས་པའི་གདན་ས། བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས(༡༣༥༤~༡༤༣༥)དང་། རིག་འཛིན་ཚངས་དབྱངས་རྒྱ་མཚོ(༡༦༨༣~༡༧༤༦)སོགས་སྔོན་བྱོན་དམ་པ་མང་པོས་ཉམས་རྟོགས་ཀྱི་ཀློང་བརྡོལ་བའི་སྒྲུབ་གནས་ཆེན་པོ་འདིའི་མཚན་གྱི་སྙན་པ་ཡང་ཡང་ཐོས་ཤིང་། ལྕང་སྐྱ་རོལ་བའི་རྡོ་རྗེ(༡༧༡༧~༡༧༨༦)དང་། རྩེ་ལྔ་པ་དཔལ་ལྡན་གྲགས་པ་སོགས་ཀྱིས་མཛད་པའི་གནས་བཤད་སོགས་ལ་མཇལ་རྗེས། གནས་དེར་མཇལ་འདོད་འགོག་མེད་དུ་སྐྱེས།

   གཞན་ཡང《ཐང་ཡིག་གསར་མ》རུ་བཙན་པོ་ཁྲི་སྲོང་ལྡེ་བཙན(༧༤༢~༧༩༧)གྱིས་ཐང་གི་རྒྱལ་པོར་རི་བོ་རྩེ་ལྔའི་ས་ཁྲ་སློང་བའི་ཕོ་ཉ་མངགས་ཞེས་གསལ་བ་དང་། རང་རེའི《སྦ་བཞེད》དུ་བསམ་ཡས་མ་བཞེངས་ཡར་སྔོན་དུ་བཙན་པོས་སྦ་གསལ་སྣང་རི་བོ་རྩེ་ལྔའི་གནས་ཀྱི་བཀོད་པར་ལྟ་རུ་བཏང་བ་སོགས་བྲིས་པར་གཞིགས་ན། གནའ་ནས་ད་བར་དུ་རང་རེས་གནས་ཆེན་རི་བོ་རྩེ་ལྔར་མཐོང་ཆེན་གནང་ཡོད་པར་བརྟེན། མན་ལུང་གུ་རུས་རི་བོ་རྩེ་ལྔའི་དབུས་རིའི་ཐང་ཆེན་ཞིག་ཏུ་དབུས་ན་རི་ཟུར་བརྒྱད་པ་དཔངས་ཤིན་ཏུ་མཐོ་བ་དང་། དེའི་མཐའ་སྐོར་དུ་མཚོ་གྲུ་བཞི་པ་བཞི་བཞིས་བསྐོར་བ། དེ་ལའང་རི་ཆུང་གྲུ་བཞི་པ་ཁ་ཞེང་མདའ་རྒྱང་རེ་ཡོད་པ་དག་གིས་བསྐོར་བ། དེ་ཡང་ཐང་བདེ་མོ་གྲུ་བཞི་པ་དག་གིས་བསྐོར་བ་སོགས་བསམ་གྱིས་མི་ཁྱབ་པའི་གནས་ཀྱི་བཀོད་པ་བཞེངས་ཡོད་པ་དང་། འགྲོ་མགོན་འཕགས་པས“ལྷུན་པོའི་རྒྱལ་པོ་རི་བོ་རྩེ་ལྔ་ནི། ། རྩ་བ་གསེར་གྱི་དབང་ཆེན་ལྟ་བུར་བརྟན། ། རྩེ་མོ་བཀོད་ལེགས་ཡོངས་སུ་བསྐོར་བའི་ཚུལ”སོགས་གསུངས་ཏེ་གནས་དེར་བསྟོད་པ་དང་། ཐུའུ་བཀན་བློ་བཟང་ཆོས་ཀྱི་ཉི་མ(༡༧༣༧~༡༨༠༢)སོགས་བོད་ཀྱི་མཁས་གྲུབ་མང་པོས་གནས་དེར་བསྔགས་བརྗོད་ཀྱི་སྙན་ཚིག་བསྟར་ལ་བརྒྱུས་པ་སོགས་གནང་བ་དྲན་ན་འགྲོ་འདོད་ཀྱི་འདུན་པས་གཟིར་རོ། །

   ལྷག་ཏུ་ས་སྐྱ་པཎྜི་ཏ(༡༡༨༢~༡༢༥༡)ཁྲ་འཕུར་འདྲའི་ཞྭ་མོ་དང་། ཕག་སྣ་ལྟ་བུའི་ལྷམ་གྱོན་པ་དག་གིས་གདན་དྲངས་ཏེ་བྱོན་པའི་སྐབས་སུ་ཁོང་གིས་རི་བོ་རྩེ་ལྔར་ཕེབས་དགོས་པའི་ཐུགས་སྣང་ཟབ་མོ་གནང་ཚུལ་དང་། ལོ་ཙཱ་བ་སེངྒེ་དཔལ་ལམ་གྲུབ་ཆེན་ཨུ་རྒྱན་པ(༡༢༣༠~༡༣༠༩)ཆེན་པོ་ཧོར་གྱིས་གདན་དྲངས་ཏེ་རྒྱ་ནག་ཏུ་ཕེབས་སྐབས།ཧོར་རྣམས་ཀྱིས་རི་བོ་རྩེ་ལྔར་འབྱོན་པར་དོགས་ཀྱིས་རྩེ་ལྔའི་ཉེ་སར་ཐོན་པ་གསང་ཡང་། གྲུབ་ཆེན་ཁོང་གིས་མཁྱེན་ཏེ“འོ་ཕ་གིར་རི་བོ་རྩེ་ལྔ་བྱུང་། ཕྱག་འཚོལ་ཅིག”གསུང་བཞིན་ཆིབས་ལས་གཞོལ་ནས་ཡན་ལག་བདུན་པ་མཛད་ཅིང་། གནས་དེར་སྤྱན་མི་འཛུམ་པར་གཟིགས་ཤིང་ཡུན་རིང་པོར་བཞུགས་པས། གདན་འདྲེན་པ་ཧོར་བ་རྣམས་ཤིན་ཏུ་དད་པར་གྱུར་ནས་པུས་མོའི་ལྷ་ང་ས་ལ་བཙུགས་ནས་ཞབས་སྤྱི་བོར་ལེན་པའི་མཛད་པ་དག་མིག་ལམ་དུ་བསྟར་བ་དང་། བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ལགས། རིགས་དང་རུས་པ་མི་གཅིག སྐད་དང་ཡི་གེ་མི་འདྲ། སྲོལ་དང་གོམས་ལུགས་མི་མཚུངས་པའི་རྒྱ་ནག་སྟོང་ཁུན་གྱི་ཡུལ་དེར། སྐུ་རྐྱང་གསུང་རྐྱང་ངང་ཕྱག་ཕེབས་མཛད་ཅིང་། ཤར་ཕྱོགས་ས་དབང་ཆེན་པོའི་དབུ་བླུར་གྱུར་ཏེ། གནས་ཆེན་རི་བོ་རྩེ་ལྔར་བོད་ཀྱི་ཆོས་སྡེར་གཏོགས་པའི་དགོན་ཆེན་དྲུག་ཕྱག་བཏབ་མཛད་པའི་སྙིང་སྟོབས་དག་ཡིད་ལ་དྲན་པ་དང་། རིག་འཛིན་ཚངས་དབྱངས་རྒྱ་མཚོ་མཆོག་སྲིན་པོ་ལྷ་བཟང་ཀླུ་དཔལ(?~༡༧༡༧)གྱི་རལ་གྲིའི་འོག་ནས་ཤོར་ཏེ།སོག་ཡུལ་ཨ་ལག་ཤ་ནས་འཇིགས་པ་མེད་པའི་གནས་ཚང་ཞིག་རྙེད་ཀྱང་བློ་ཡིས་བཏང་ནས།སྐུ་སྲོག་འབེན་ལ་གཏད་དེ་རི་བོ་རྩེ་ལྔར་མཇལ་དུ་སོང་བའི་མཛད་རྣམ་སོགས་མཐོང་ཚེ་ཤིན་ཏུ་ནས་འགྲོ་འདོད་ཀྱི་འདུན་པ་ལྷོག་ལྷོག་ཏུ་འཕྱུར་བས། ན་ལོ་ཞིག་ལ་དྷཱིཿལྷ་ལྡན་དང་འུ་གཉིས་ཀྱིས་མཇལ་སྐོར་ཟིན་བྲིས་རེ་འདེབས་ཞོར་རི་བོ་རྩེ་ལྔར་འགྲོ་བའི་གྲོས་ཁ་མོལ་ཡང་། ཁོང་ལ་ཐོབ་ཐང་དཔང་ཡིག་ཚད་ལྡན་མེད་པ་དང་། ངའང་ཉུང་ཙམ་མ་ཁོམ་པ་སོགས་རྐྱེན་སྣ་ཚོགས་ཀྱི་དབང་གིས་མཇལ་མ་ཐུབ་པར་ལྷག ད་རེབ་དྲིན་ཕ་མ་གཉིས་དང་མཉམ་དུ་མཇལ་སྐོར་ཡིད་ཚིམས་པ་ཞིག་གྲུབ་པས་དགའ་བས་བརྟས་ཤིང་། ཐེངས་འདིའི་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པ་མཐའ་དག་མཉམ་རོལ་གྱི་འདུན་པ་མཆིས་པས། ཡུལ་སྐོར་ཟིན་བྲིས་ཤིག་ཏུ་གྱུར་དང་མ་གྱུར་ཀྱང་རུང་གིཡིག་རིས་སུ་ཕབ་སྟེ་དྲན་ཚོད་ཅིག་གླེང་བར་འདོད་དོ། །

གཉིས་པ། རི་བོ་རྩེ་ལྔ་སྤྱི་བཤད།

   དེ་ཡང་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས《འཇམ་དཔལ་རྩ་རྒྱུད》དང《མདོ་ཕལ་བོ་ཆེ》། 《ཞིང་བཀོད་ཀྱི་མདོ》།《མྱང་འདས་ཀྱི་མདོ》། 《ཏིང་ངེ་འཛིན་གྱི་མདོ》སོགས་སུ་ལུང་གིས་ཡང་ཡང་བསྟན་པའི་རྒྱ་ནག་རི་བོ་རྩེ་ལྔ་བྱ་བའི་གནས་མཆོག་འདི་ཉིད་ནི། རྒྱ་ནག་ཀྲོའུ་ནུབ་མའི(西周)སྟོད་ཀྱི་ཆ།ཀྲོའུ་རྒྱལ་རབས་ལྔ་པ་ཀྲོའུ་མོ་ཝང(周穆王)གི་སྐབས་ཏེ། ལོ་ཚིགས་ལྟར་ན་ཀྲོའུ་མོ་ཝང་གི་སྐྱེས་ལོ་མི་གསལ་ཡང་འདས་ལོ་ནི་ཕྱི་ལོ་སྔོན་གྱི་ལོ༩༤༩ཡིན་པས།དེའི་ཡར་སྔོན་ཞིག་ལ་ཡིན་དགོས། དེ་དུས་ཤིག་ལ་ད་ལྟའི་རི་བོ་རྩེ་ལྔ་ཆགས་སའི་གནས་དེར་འཇའ་གུར་གྱི་ནང་དུ་གོས་དཀར་པོ་གྱོན་ཅིང་། སྐྲ་ཟུར་ཕུད་ལྔ་བཅིངས་པའི་གཞོན་ནུ་ཞིག་གནས་དེའི་སྐྱེ་བོ་མང་པོས་ཡང་ཡང་མཐོང་བས། ཀུན་གྱིས་དྲང་སྲོང་གོས་དཀར་ཅན(白衣仙)ནམ་གཞོན་ནུ་ཟུར་ཕུད་ལྔ་པ(五吉童子)ཞེས་འབོད། དེ་ནི《འཇམ་དཔལ་རྩ་རྒྱུད》ལས། “འཇམ་པའི་དབྱངས་ནི་འོད་ཆེན་པོ།། མངོན་སུམ་དེ་ཡི་ཡུལ་དག་ན།། བྱིས་པའི་གཟུགས་ཀྱིས་བཞུགས་པ་ཡིན”ཞེས་ལུང་བསྟན་པ་ལྟར། འཕགས་པ་འཇམ་དཔལ་དབྱངས་བྱིས་པའི་གཟུགས་ཀྱིས་གནས་དེར་བྱོན་པ་ཡིན་ཞེས་གྲགས། སྐབས་དེར་རྒྱ་ནག་ཡུལ་དུ་ནང་བསྟན་དར་མེད་ཅིང་། གནས་དེ་དག་ཏུ་བོན་ལུགས་རྒྱས་བཞིན་པའི་སྒང་ཡིན་ལ། དེ་གའི་གཉུག་མར་གནས་པའི་བོན་པོ་རྣམས་ཀྱིས། གཞོན་ནུ་དེ་ཉིད་རང་གི་སྟོན་པའི་རྣམ་འཕྲུལ་དུ་ངོས་བཟུང་སྟེ“ཤར་ཕྱོགས་རྒྱ་ནག་གི་བསྟན་པའི་བདག་པོ། ནོར་བུའི་ཕོ་བྲང་གི་དབང་ཕྱུག་གཞོན་ནུ”ཞེས་མཚན་གྱི་ཅོད་པན་གསོལ། དེ་ནས་རྒྱལ་པོ་ཀྲོའུ་མོ་ཝང་གིས་ལྷ་ཁང་བཞེངས་ཏེ་གཞོན་ནུ་ཟུར་ཕུད་ལྔ་པའི་སྐུ་བརྙན་ལ་མཆོད་པ་བྱས་སོ།།

   ལྕང་སྐྱ་ཚང་གིས་སྐབས་དེ་ནི་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་འཇིག་རྟེན་དུ་བྱོན་པའི་དུས་ཡིན་ཞེས་གསུངས། ཁོང་གིས་ཕུག་ལུགས་ལྟར་གྱི་བརྩི་ཚུལ་ལ་གཞིར་བྱས་ནས་གསུངས་པར་སྣང་། སིངྒྷ་ལའི་གནས་བརྟན་པའི་བརྩི་ཚུལ་ལས་ལོ་བརྒྱ་སྐོར་གསུམ་ཙམ་གྱིས་སྔ་བས། ཀྲོའུ་ནུབ་མའི་རྒྱལ་རབས་ལྔ་པ་ཀྲོའུ་མོ་ཝང་གི་སྐབས་ནི་ཕུག་ལུགས་ལྟར་གྱི་སྟོན་པའི་འཁྲུངས་འདས་ཀྱི་ལོ་ཚིགས་སུ་ཁེལ་ཡོད་པ་ཤེས། ལྕང་སྐྱ་ཚང་གི་གསུང་འདི་ཚད་མར་འཛིན་ཐུབ་པ་ཞིག་ཡིན་ཚེ།མཁས་དབང་དགེ་ཆོས(༡༩༠༣~༡༩༥༡)མཆོག་གིས་སྟོན་པའི་འདས་ལོར་གནས་བརྟན་པའི་ལུགས་དེ་ཁུངས་དག་པར་སྒྲུབ་པའི་རིགས་པ་དེ་རིགས་ལ་གནོད་བྱེད་ཅིག་ཐོན་པ་མ་ཡིན་ནམ། སྟོན་པའི་འདས་ལོ་གནས་བརྟན་པའི་ལུགས་ལྟར་བྱས་ན། ཀྲོའུ་མོ་ཝང་གི་སྐབས་དེར་རྒྱ་ནག་ཏུ་ནང་ཆོས་དར་བ་ལྟ་ཅི།རྒྱ་གར་རང་དུའང་དར་མེད་ལ། སྟོན་པ་བཅོམ་ལྡན་འདས་ཀྱང་འཇིག་རྟེན་དུ་བྱོན་མེད་པའི་ཚོད་ཅིག་ཡིན་པར་སྙམ། འོན་ཀྱང་།ལྕང་སྐྱ་ཚང་གི《རི་བོ་དྭངས་བསིལ་གྱི་གནས་བཤད》དེ་ལ་ཕྱིས་སུ་གྲོ་ཚང་བླ་སློབ་དག་གིས་བསྒྱུར་བཅོས་ཐེབས་པས་དེའང་ཡིད་རྟོན་རུང་བའི་ཁུངས་བཙུན་ཞིག་ཏུ་མ་གྱུར།དཔེར་ན་ཀུན་ཁྱབ་གླིང་དང་། ཐུབ་བསྟན་གསལ་བའི་གླིང་གཉིས་ཀྱི་མིང་ཡང་རྒྱ་བོད་ཀྱི་ཡི་གེ་གཉིས་མགོ་རྟིང་བསློགས་འདུག་པ་ལྟ་བུའོ།།འདི་ནི་འཕྲོས་དོན་ཞིག་སྟེ།ཞིབ་འཐག་ཅིག་བྱེད་ན་ད་རུང་བཤད་རྒྱུ་ཡོད་ཡོད་འདྲའང་། སྐབས་དོན་སྒྲིབ་པར་དོགས་ནས་དེ་ཙམ་གྱིས་འཐུས་པར་བྱའོ། །

   ད་ནི་གོང་གི་འཕྲོར་མཐུད་དེ་བཤད་ན། ཀྲོའུ་ནུབ་མའི་རྒྱལ་རབས་ལྔ་པ་ཀྲོའུ་མོ་ཝང་གིས་ལྷ་ཁང་བཞེངས་པ་དེ་ནས་ལོ་ངོ་དགུ་བརྒྱ་ལྷག་འདས་པའི་རྗེས་སུ།ཧན་ཤར་མའི(东汉)རྒྱལ་ཐོག་གཉིས་པ་ཧན་མེང་ཏིས་ལོའུ་ཀྲང(༢༨~༧༥)གི་ཁྲི་ལོ་བདུན་པ(汉明帝刘庄永平七年)། ཆུ་མོ་ཕག་གི་ལོའམ་ཕྱི་ལོ༦༣ཡས་མས་ཤིག་ཏུ།རྒྱལ་པོས་བློན་པོ་ཝང་ཙིན(王遵༢༣~?)ཟེར་བ་ཞིག་འཁོར་བཅོ་བརྒྱད་དང་བཅས་རྒྱ་གར་དུ་ཆོས་འཚོལ་བར་མངགས། བློན་པོ་ཁོང་གིས་འོད་སྲུང་གི་རིགས་ལས་སྐྱེས་པའི་དགྲ་བཅོམ་པ་མ་ཏང་ཀི་པ(迦叶摩腾)དང་། པཎྜི་ཏ་བྷ་ར་ན(竺法兰)རྣམ་གཉིས་རྒྱ་ནག་ཏུ་གདན་དྲངས། པཎྜི་ཏ་ཁོང་གཉིས་ཀྱིས་ཀྱང་རྒྱ་ནག་ཏུ་བསྟན་པ་སྤེལ་ཞིང་། ལྷུན་པོ་རྩེ་ལྔའི་གནས་སྒོ་ཕྱེ་བའི་དུས་ལ་བབས་པར་གཟིགས་ནས་རྟ་དཀར་པོ་ཞིག་ལ་སྟོན་པའི་སྐུ་ཐང་ཞིག་དང་། ཐེག་པ་ཆེ་ཆུང་གི་མདོ་སྡེ་དུ་མ།རིང་བསྲེལ་བྲེ་གང་དང་བཅས་པ་བཀལ་ཏེ་རྒྱ་ནག་ཏུ་ཕེབས། མེ་མོ་ཡོས་ཀྱི་ལོའམ་ཕྱི་ལོ༦༧ལོར་ཐུབ་པའི་བསྟན་པ་རྒྱ་ནག་ཡུལ་དུ་ཐོག་མར་སྤེལ། ད་ལྟའི་ཡན་དུ་རྒྱ་ནག་ཏུ་ནང་ཆོས་དར་ཏེ་ལོ་ངོ༡༩༥༤ཙམ་ཟིན་འདུགས་ཕོ་འབྲུག་གི་ལོའམ་ཕྱི་ལོ༦༨ལོར་རྒྱལ་པོ་ཧན་མེང་ཏིས་ཀྱི་བཀའ་བཞིན་ལོ་དབྱང་གི་རྟ་དཀར་དགོན་པ(洛阳白马寺)བཏབ། དེ་ནི་རྒྱ་ནག་གི་ནང་བསྟན་གྱི་དགོན་པའི་ཐོག་མ་ཡིན།

   དེ་ནས་ས་ཕོ་འབྲུག་གི་ལོའམ་ཕྱི་ལོ༦༨ལོར་དགྲ་བཅོམ་པ་མ་ཏང་ཀི་པ་ལྷུན་པོ་རྩེ་ལྔར་ཕེབས། སྐབས་དེར་གནས་དེ་ཡི་ས་མིང་ལ་དཀྱིལ་འཁོར་མཆིན་ཁ(紫府)ཟེར་ཞིང་། ཏོའོ་ལུགས(道教)ཀྱི་དགོན་པ་དཀྱིལ་འཁོར་མཆིན་ཁ་དགོན(紫府庙)ཞེས་པ་ཞིག་ཀྱང་ཆགས་ཡོད། དགྲ་བཅོམ་པས་སྔོན་མཽརྱའི་རྒྱལ་པོ་ཨ་ཤོ་ཀས་སངས་རྒྱས་ཀྱི་རིང་བསྲེལ་སྙིང་པོར་བྱས་པའི་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་བཞེངས་པའི་ནང་གི་གཅིག་གནས་དེར་ཡོད་པར་ངོས་བཟུང་སྟེ། ད་ལྟར་བཞུགས་པའི་ནོར་བུ་ཆེན་པོའི་མཆོད་རྟེན(大宝塔)དེ་བཞེངས་པ་རེད། ཡང་དགྲ་བཅོམ་པས་དབུས་རིའི་སྐེད་ཀྱི་རི་དེ་རྒྱ་གར་འཕགས་པའི་ཡུལ་གྱི་བྱ་རྒོད་ཕུང་པོའི་རི་དང་མཚུངས་པས། དེར་ལྷ་ཁང་བཞེངས་པར་རྒྱལ་པོ་ལ་ཞུས་ཏེ་གནང་ནས་ལྷ་ཁང་ཞིག་བཞེངས། རྒྱལ་པོ་འཁོར་དང་བཅས་པས་ཡིད་ཆེས་ཀྱི་དད་པ་ཐོབ་སྟེ། ལྷ་ཁང་དེའི་མཚན་ལའང་དད་ཐོབ་བྱ་རྒོད་ཕུང་པོའི་ལྷ་ཁང(大孚灵鹫殿)ཞེས་གསོལ། དེ་ལྟར་རི་བོ་དྭངས་བསིལ་ལམ་རྒྱ་ནག་རི་བོ་རྩེ་ལྔར་ཐུབ་པའི་བསྟན་པ་ཐོག་མར་སྤེལ་ཞིང་གནས་སྒོའང་ཕྱེ་བའོ། །

   རིའི་རྩེ་མོ་ལྔ་ནི། ཡོངས་གྲགས་སུ་དབུས་རི་སྐུ་དང་། ཤར་རི་ཐུགས་དང་། ལྷོ་རི་ཡོན་ཏན་དང་། ནུབ་རི་གསུང་དང་། བྱང་རི་འཕྲིན་ལས་ཏེ་འཇམ་དཔལ་ལོངས་སྐུ་རྣམ་པར་སྣང་མཛད་ཆེན་པོའི་ཕུང་པོ་ལྔ་རྣམ་པར་དག་པ་ཡེ་ཤེས་ལྔའི་རང་མདངས་སྤྲུལ་བའི་སྐུ་རིགས་ལྔའི་རྣམ་པར་ཤར་བ་མཚོན་པར་གསུངས།

   དེ་དག་ལས་དབུས་རི་ནི། འཇམ་དཔལ་གཞོན་ནུར་གྱུར་པའི་གནས་ཡིན། མཐོ་ཚད་ལ་རྒྱང་གྲགས་སོ་དགུ་ཡོད་ཅིང་། རྩེ་མོ་སྙོམས་ལ་རྩེའི་མཐའ་སྐོར་དུ་རྒྱང་གྲགས་ལྔ་ཡོད། རི་འདིར་རྒྱ་མཚོ་ངོས་ནས་མཐོ་ཚད་སྨི༢༨༩༤འདུག་ཅིང་། སྔོ་ལྗང་གི་དུད་སྤྲིན་ལང་ལོང་དུ་འཕྱུར་བས་ན་རི་འདི་ལ་མཚར་སྡུག་ལྷུན་པོའི་སྤོ(翠岩峰)ཞེས་ཟེར། རི་འདིའི་ངོར་བྱིན་རླབས་ཅན་གྱི་གནས་ཉེར་བརྒྱད་ཡོད་པར་གསུངས། འདིའི་རྒྱང་གྲགས་དང་སྨི་ཡིས་གཞལ་ཚུལ་ལ་ཁྱད་ཅུང་ཟད་མཆིས་མོད། རྒྱང་གྲགས་ཀྱིས་གཞལ་ཚུལ་དེ་ལྕང་སྐྱ་ཚང་གི་གསུངས་སོར་བཞག་བྱས་པ་ཡིན། སྨི་ཡིས་གཞལ་ཚུལ་དེ་དེང་གི་ཡོངས་གྲགས་ལྟར་དུ་བཀོད་པ་ཡིན། གཤམ་གྱི་གནས་རི་དག་གི་མཐོ་ཚད་ཀྱང་དེ་གའོ། ། དབུས་རི་འདིར་རྩོམ་འདིའི་གླེང་གཞིའི་ནང་དུ་བཤད་པའི་མན་ལུང་གུ་རུས་བཞེངས་པའི་ཡུལ་གྱི་བཀོད་པ་དེ་རིགས་མཐོང་དུ་མེད། ཁོང་གིས་ཀྱང་ཁོང་གི་ལམ་ཡིག་དེ་རྨི་ལམ་རྫུན་བཤད་སྒྱུ་མའི་སྒྲ་དབྱངས་ཡིན་ཞེས་གསུངས་ཡོད་ལ།བཙན་པོ་བསྟན་འཛིན་འཕྲིན་ལས་ཀྱིས་ཀྱང་མན་ལུང་བས་ཀུ་རེའི་ཚུལ་དུ་འུད་བརྗོད་གསུངས་པ་རེད་ཅེས་བཤད་ཡོད་ལ།མཁས་དབང་དགེ་ཆོས་ཀྱིས་ཀྱང་མན་ལུང་བ་གང་དུ་ཕེབས་ན་དག་སྣང་འབའ་ཞིག་གིས་སྤྱན་དང་ཞལ་གཉི་ག་གཡོགས་ཏེ་ཡོད་པས་འུ་ཅག་གིས་དེ་ཚོ་གང་ན་ཡོད་བཙལ་བའི་དོན་མེད་ཅེས་གསུངས་ཡོད། མན་ལུང་བའི་ལམ་ཡིག་ཏུ་ཡུལ་གང་ཞིག་ན་བརླ་གཡས་པར་ཕོ་མཚན་དང་། བརླ་གཡོན་པར་མོ་མཚན་ཡོད་པའི་ཕོ་མོ་ལུས་གཅིག་ཅན་སོགས་ཤིན་ཏུ་ངོ་མཚར་བ་མང་པོ་གསུངས་ཡོད་པས། དེ་རིགས་ང་ཚོ་ལྟ་བུའི་ཐུན་མོང་ཚུར་མཐོང་སྐྱེ་བོ་རང་ག་བ་དག་གིས་མཐོང་མི་ཐུབ་པ་ཞིག་ཡིན་པ་ཤེས་པར་གྱིས་ཤིག

   ཤར་རི་ནི། འཇམ་དཔལ་རལ་གྲི་རྣོན་པོའི་གནས་ཡིན། མཐོ་ཚད་ལ་རྒྱང་གྲགས་སོ་བརྒྱད་ཡོད་ཅིང་། རྩེ་མོ་གསེར་ཉའི་རྒྱབ་དང་འདྲ་ལ་རྩེའི་མཐའ་སྐོར་དུ་རྒྱང་གྲགས་གསུམ་ཡོད། རི་འདིར་རྒྱ་མཚོ་ངོས་ནས་མཐོ་ཚད་སྨི༢༧༩༥འདུག་ཅིང་། རྩེ་ནས་ཤར་ལ་བལྟས་ན་མཚམས་སྤྲིན་མངོན་པར་བཀྲ་བའི་སྤྲིན་གྱི་རྒྱ་མཚོ་ལྟ་བུ་མཐོང་ཐུབ་པས་ན་རི་འདི་ལ་རྒྱ་མཚོ་མཐོང་བའི་སྤོ(望海峰)ཞེས་ཟེར། རི་འདིར་གནས་བྱིན་རླབས་ཅན་བཅུ་བཞི་ཡོད་པར་གསུངས། རི་འདིའི་རྩེ་ནས་ཤར་གྱི་རྒྱ་མཚོ་མཐོང་ཞེས་བཤད་ཀྱང་། གནས་འདི་ནས་ཤར་གྱི་རྒྱ་མཚོའི་བར་དཔག་ཚད་གྲངས་ཀྱིས་མི་ཟིན་པའི་བར་ཁྱད་ཡོད་པས་ཕལ་ཆེར་མཐོང་མི་ཐུབ་སྙམ། ཁྲིན་ཆེན་དབྱིན(陈庆英༡༩༤༡~)གྱིས་རི་འདིའི་རྩེ་ནས་ཤར་དུ་ཕྱོགས་ན་སྤྲིན་གྱི་རྒྱ་མཚོ་ལང་ལོང་དུ་འཕྱུར་བ་མཐོང་ཞེས་བཤད་པ་ལྟར། མཐོང་ཐུབ་པ་དེ་ཤར་རྒྱ་མཚོ་མ་ཡིན་ལ་རྒྱ་མཚོའི་དབྱིབས་དང་མཚུངས་པའི་མཚམས་སྤྲིན་མངོན་པར་འཕྱུར་བ་དེ་ཡིན་ཤས་ཆེའོ། །

   ལྷོ་རི་ནི།འཇམ་དཔལ་ཡེ་ཤེས་སེམས་དཔའི་གནས་ཡིན། མཐོ་ཚད་ལ་རྒྱང་གྲགས་སོ་བདུན་ཡོད་ཅིང་། རྩེ་མོ་གཞོང་པ་ཁ་སྦུབ་པའི་ཚུལ་དང་འདྲ་ལ་རྩེའི་མཐའ་སྐོར་དུ་རྒྱང་གྲགས་གཅིག་ཡོད། རི་འདིར་རྒྱ་མཚོ་ངོས་ནས་མཐོ་ཚད་སྨི༢༤༨༥འདུག་ཅིང་། རྩྭ་ཕྲན་དང་མེ་ཏོག་བསྣོལ་མར་འདྲེས་པའི་རི་ཕྲན་དག་གིས་གཡོགས་ཤིང་ས་གདན་ཐང་ལ་བཏིང་འདྲའི་རྗེས་སུ་འགྲོ་བས་ན་རི་འདི་ལ་མདོག་བཟང་བཀྲ་བའི་སྤོ(锦绣峰)ཞེས་ཟེར་ཞིང་། མཚན་གཞན་དྲང་སྲོང་མེ་ཏོག་རི(仙华山)ཞེས་ཀྱང་བྱ། རི་འདིར་གནས་བྱིན་རླབས་ཅན་ཉེར་གཅིག་ཡོད་པར་གསུངས།

   ནུབ་རི་ནི།འཇམ་དཔལ་སྨྲ་བའི་སེངྒེའི་གནས་ཡིན། མཐོ་ཚད་ལ་རྒྱང་གྲགས་སོ་ལྔ་ཡོད་ཅིང་། རྩེ་མོ་མཉམ་ཞིང་རྩེའི་མཐའ་སྐོར་དུ་རྒྱང་གྲགས་གཉིས་ཡོད། རི་འདིར་རྒྱ་མཚོ་ངོས་ནས་མཐོ་ཚད་སྨི༢༧༧༣འདུག་ཅིང་། ཟླ་བ་རི་དེའི་རྩེ་ནས་ནུབ་ལ་ཉེ་བར་རྒྱང་རིང་ནས་བལྟས་ཚེ་མེ་ལོང་ཞིག་བཀལ་བ་དང་གཉིས་སུ་མ་མཆིས་པས་ན་རི་འདི་ལ་ཟླ་བའི་ཐོད་ཅན་གྱི་སྤོ(挂月峰)ཞེས་ཟེར།རི་འདིར་གནས་བྱིན་རླབས་ཅན་བཅུ་བདུན་ཡོད་པར་གསུངས།

   བྱང་རི་ནི། འཇམ་དཔལ་དྲི་མ་མེད་པའི་གནས་ཡིན། མཐོ་ཚད་ལ་རྒྱང་གྲགས་བཞི་བཅུ་ཡོད་ཅིང་། རྩེ་མོ་མཉམ་ཞིང་རྩེའི་མཐའ་སྐོར་དུ་རྒྱང་གྲགས་བཞི་ཡོད། རི་འདིར་རྒྱ་མཚོ་ངོས་ནས་མཐོ་ཚད་སྨི༣༠༥༨འདུག་ཅིང་། གཤམ་ནས་གྱེན་ལ་བལྟས་ན་བྱང་སྐར་སྤུན་བདུན་རི་རྩེར་མངོན་པས་ན་རི་འདི་ལ་སྐར་མའི་གཙུག་ལྡན་སྤོ(叶斗峰)ཞེས་ཟེར། རི་འདིར་གནས་བྱིན་རླབས་ཅན་ཉེར་བདུན་ཡོད་པར་གསུངས།

   རྩེ་ལྔའི་མཁན་པོ་དཔལ་ལྡན་གྲགས་པ་སོགས་སྔོན་གྱི་དམ་པ་དག་གིས།རི་བོ་དྭངས་བསིལ་གྱི་རྩེ་ལྔ་ནི།དབུས་རི་སེངྒེ་འགྱིང་འདྲ་རྣམ་སྣང་གི་ཞིང་སྟེ་བྱང་ཆུབ་མཆོད་རྟེན་གྱི་དབྱིབས་ཅན།ཤར་རི་གླང་ཆེན་སྙེམས་འདྲ་མི་བསྐྱོད་པའི་ཞིང་སྟེ་སྒོ་མང་མཆོད་རྟེན་གྱི་དབྱིབས་ཅན།ལྷོ་རི་རྟ་མཆོག་ཉལ་འདྲ་རིན་འབྱུང་གི་ཞིང་སྟེ་ཆོ་འཕྲུལ་མཆོད་རྟེན་གྱི་དབྱིབས་ཅན།ནུབ་རི་རྨ་བྱ་འཁྱུག་འདྲ་འོད་དཔག་མེད་ཀྱི་ཞིང་སྟེ་མྱང་འདས་མཆོད་རྟེན་གྱི་དབྱིབས་ཅན།བྱང་རི་ཤང་ཤང་བསྣོལ་འདྲ་དོན་གྲུབ་ཀྱི་ཞིང་སྟེ་ལྷ་བབས་མཆོད་རྟེན་གྱི་དབྱིབས་ཅན་ཞེས་རིམ་པ་བཞིན།དབུས་རི་རྣམ་པར་སྣང་མཛད་དང་།ཤར་རི་མི་བསྐྱོད་པ་དང་།ལྷོ་རི་རིན་ཆེན་འབྱུང་ལྡན་དང་།ནུབ་རི་འོད་དཔག་མེད་དང་།བྱང་རི་དོན་ཡོད་གྲུབ་པ་སྟེ་རྒྱལ་བ་རིགས་ལྔའི་གནས་སུ་ཡང་གསུང་སྲོལ་ཡོད།

   དེ་བཞིན་དུ་འགྲོ་མགོན་འཕགས་པས་ཀྱང་། དབུས་རི་རྣམ་པར་སྣང་མཛད་སེངྒེའི་ཁྲི་ལ་བཞུགས་པ་དང་། ཤར་རི་མི་བསྐྱོད་པ་ནི་གླང་པོ་ཆེའི་ཁྲི་ལ་བཞུགས་པ་དང་། ལྷོ་རི་རིན་ཆེན་འབྱུང་ལྡན་ནི་རྟའི་ཁྲི་ལ་བཞུགས་པ་དང་། ནུབ་རི་འོད་དཔལ་མེད་ནི་རྨ་བྱའི་ཁྲི་ལ་བཞུགས་པ་དང་། བྱང་རི་དོན་ཡོད་གྲུབ་པ་ནི་མཁའ་ལྡིང་གི་ཁྲི་ལ་བཞུགས་ཞེས་གསུངས་པ་དང་།“གཏི་མུག་གིས་ནོན་འགྲོ་བ་བསྐྱབ་པའི་ཕྱིར།། དབུས་ཀྱི་རི་རྩེར་མེ་ལོང་ཡེ་ཤེས་བདག། འཁོར་ལོའི་རིགས་ཀྱི་བདག་པོའི་སྐུར་སྟོན་པ།། གཟུགས་ཕུང་སྦྱོང་མཛད་ཁྱོད་ལ་ཕྱག་འཚལ་ལོ།། ཞེ་སྡང་གིས་གཟིར་འགྲོ་བ་བསྐྱབ་པའི་ཕྱིར།། ཤར་གྱི་རི་རྩེར་ཆོས་དབྱིངས་ཡེ་ཤེས་བདག། རྡོ་རྗེའི་རིགས་ཀྱི་བདག་པོའི་སྐུར་སྟོན་པ།། རྣམ་ཤེས་སྦྱོང་མཛད་ཁྱོད་ལ་ཕྱག་འཚལ་ལོ།། སེར་སྣས་བཅིངས་པའི་འགྲོ་བ་བསྐྱབ་པའི་ཕྱིར།། ལྷོ་ཡི་རི་རྩེར་མཉམ་ཉིད་ཡེ་ཤེས་བདག། རིན་ཆེན་རིགས་ཀྱི་བདག་པོའི་སྐུར་སྟོན་པ།། ཚོར་བ་སྦྱོང་མཛད་ཁྱོད་ལ་ཕྱག་འཚལ་ལོ།། འདོད་ཆགས་ཀྱིས་གཟིར་འགྲོ་བ་བསྐྱབ་པའི་ཕྱིར།། ནུབ་ཀྱི་རི་རྩེར་ཀུན་རྟོག་ཡེ་ཤེས་བདག། པདྨའི་རིགས་ཀྱི་བདག་པོའི་སྐུར་སྟོན་པ།། འདུ་ཤེས་སྦྱོང་མཛད་ཁྱོད་ལ་ཕྱག་འཚལ་ལོ།། ཕྲག་དོག་གིས་གནོན་འགྲོ་བ་བསྐྱབ་པའི་ཕྱིར།། བྱང་གི་རི་རྩེར་བྱང་གྲུབ་ཡེ་ཤེས་བདག། ལས་ཀྱི་རིགས་ཀྱི་བདག་པོའི་སྐུར་སྟོན་པ།། འདུ་བྱེད་སྦྱོང་མཛད་ཁྱོད་ལ་ཕྱག་འཚལ་ལོ། །” ཞེས་གསུངས་སོ། །

   གནས་འདིའི་སྤྱིའི་ས་ཁྱོན་ལ། རིན་སྤུངས་ངག་དབང་འཇིགས་གྲགས(༡༤༨༢~?)ཀྱིས《ས་པཎ་གྱི་རྟོགས་བརྗོད་བསྐལ་བཟང་ལེགས་ལམ》དུ“རྒྱ་ནག་རི་བོ་རྩེ་ལྔ་པ་སྟེ་ལེ་བར་ལྔ་བརྒྱའི་ཁོར་ཡུག་ཅན”ཞེས་གསུངས་ཤིང་། ལྕང་སྐྱ་སོགས་ཀྱིས་རྒྱང་གྲགས་ལྔ་བརྒྱའི་ཁོར་ཡུག་ཅན་ཞེས་གསུངས།ལེ་བར་གཅིག་ལ་སྨི་ལྔ་བརྒྱ་སྟེ་གཞུ་འདོམ་སུམ་བརྒྱ་དྲུག་ཅུ་ཡོད་པ་དེང་སང་ཡོངས་གྲགས་ལྟར་གྱུར་མོད།གལ་ཏེ་ལེ་བར་ལྔ་བརྒྱ་ཡོད་པའི་དབང་དུ་ན་གཞུ་འདོམ་ཆིག་འབུམ་བརྒྱད་ཁྲི་ཡོད་དགོས་ལ། རྒྱང་གྲགས་ལ་མངོན་པའི་ལུགས་དང་། འདུལ་བའི་ལུགས་དང་། དུས་འཁོར་གྱི་ལུགས་སོགས་མང་པོ་བཀྲལ་དུ་ཡོད་ཀྱང་། ཡོངས་གྲགས་ནི་རྒྱང་གྲགས་གཅིག་ལ་གཞུ་འདོམ་ལྔ་བརྒྱ་ཡོད་པ་སྟེ་མངོན་པའི་ལུགས་དེ་ཡིན་པས། དེ་ལྟ་ན་ལྕང་སྐྱ་སོགས་ཀྱིས་རྒྱང་གྲགས་ལྔ་བརྒྱའི་ས་ཞེས་བརྗོད་པ་དེ་ལེ་བར་སུམ་བརྒྱ་དྲུག་ཅུ་རུ་སོང་འདུག་པས། རིན་སྤུངས་དང་ལྕང་སྐྱ་སོགས་ཀྱི་བར་ལ་ལེ་བར་བརྒྱ་དང་བཞི་བཅུ་ཙམ་གྱི་ཧེ་བག་ཤོར་འདུག་པས་གང་བདེན་སུ་ཡིས་ཤེས།འདིའི་ས་ཁྱོན་ལ་གཏམ་རྒྱུད་ཅིག་ཀྱང་བཤད་དུ་ཡོད། སྔོན་ཝེ་རྒྱལ་རབས(魏国)ཀྱི་རྒྱལ་ཐོག་དང་པོ། གྲགས་ཆེ་བའི་རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་ནང་གི་དམག་དཔོན་ཚོའོ་ཚོའོ(曹操༡༥༥~༢༢༠)ཡི་བུ་གཉིས་པ་ཚོའོ་ཕིས(曹丕༡༨༧~༢༢༦)ཀྱི་སྐབས་ཤིག་ལ།རྒྱལ་པོ་རི་བོ་རྩེ་ལྔའི་ཕྱོགས་སུ་རྔོན་ལ་སོང་བའི་དུས།དགེ་སློང་ཞིག་གིས་རྒྱལ་པོར་དགོན་གནས་བསླངས། རྒྱལ་པོས་ཅི་ཙམ་དགོས་ཞེས་དྲིས་པར། དགེ་སློང་དེས་གདིང་བས་ནོན་ཚོད་ཅིག་གིས་ཆོག་ཅེས་གསུངས། རྒྱལ་པོས་དེ་བྱིན་ཆོག་ཅེས་བརྗོད་ཚེ།དགེ་སློང་དེས་གདིང་བ་གནམ་དུ་འཕངས་པ་ན་གདིང་བའི་གྲིབ་མ་སྤྲིན་བཞིན་དུ་ཆགས་ཏེ་རྒྱང་གྲགས་ལྔ་བརྒྱའི་ཁོར་ཡུག་ཁེབས་པར་གྱུར།རྒྱལ་པོས་ངོ་མཚར་ཏེ་སྤྲུལ་བའི་དགེ་སློང་ཞིག་རེད་ཅེས་བརྗོད་དེ་དགེ་སློང་དེ་ལ་ས་དེ་གནང་བར་གྲགས། ས་དེ་ནི་ད་ལྟའི་རི་བོ་རྩེ་ལྔ་ཆགས་སའི་ཁོར་ཡུག་འདིའོ། །

   རྩེ་ལྔའི་སྤྱི་བཤད་འདི་རང་གི་མཐོང་ཚད་ཐོས་ཚད་ཙམ་རགས་བསྡུས་སུ་བྲིས་པ་ལགས་པས། ནོར་འཛོལ་གྱི་ཆ་ཅིས་ཀྱང་ཡོད་ངེས།བློ་ལྡན་དག་གིས་དེ་ལུགས་སུ་མཛོད་ཅིག ཞིབ་པར་ཤེས་འདོད་ཅན་དག་གིས་རྩེ་ལྔ་པ་དང་། ལྕང་སྐྱ་པ་དང་། ལོ་ཆེན་མགོན་པོ་སྐྱབས་སོགས་ཀྱི་གནས་བཤད་ལ་གཟིགས་དང་རྒྱས་པར་གསལ།

གསུམ་པ། ལམ་ལ་འཇུག་པ་དང་གནས་ཀྱི་བཀོད་པ།

   མན་ལུང་གུ་རུའི་སྐད་དུ་ཤིན་ཏུ་ཇུ་ཞེས་པའམ། དེང་སྐབས་ཁྲིན་ཏུ་རུ་འབོད་ཅིང་། བོད་སྐད་དུ་སྤོས་ངད་ལྡན་དུ་སྐད་པའི་གྲོང་ཁྱེར་དེ་ནས་ཞོགས་པའི་དུས་ཚོད༧:༢༠ཙམ་ནས་གནམ་གྲུར་བསྡད་དེ་ལམ་དུ་ཆས། དུས་ཚོད༩:༢༠ཙམ་གྱི་ཐོག་རི་བོ་རྩེ་ལྔའི་གནམ་གྲུའི་ཐང་ཞེས་པར་སླེབས། གནམ་གྲུའི་ཐང་དེ་ནི་མིང་ཐོག་ནས་རི་བོ་རྩེ་ལྔའི་གནམ་གྲུའི་ཐང་ཞེས་བཏགས་ཡོད་ཅིང་།དོན་དུ་ཞེན་ཀྲུའུ(忻州)གྲོང་ཁྱེར་གྱི་ཉེ་འདབས་སུ་ཆགས་ཡོད་པས། ད་རུང་རི་བོ་རྩེ་ལྔར་ལེ་དབར༢༡༤ཙམ་བགྲོད་དགོས་འདུགའོན་ཀྱང་། མྱུར་བགྲོད་ལམ་ཡོད་པས་དུས་ཚོད་ཕྱེད་དང་གཉིས་ཙམ་ལས་མི་འགོར་ཟེར། དེ་ནས་མི་རེས་དམངས་སྒོར༨༠རེ་སྟེར་ཏེ། དུས་ཚོད༡༠:༠༠སྟེང་ནས་སྤྱི་སྤྱོད་རླངས་འཁོར་ལ་བསྡད་དེ་ཕྱིན།

   ལམ་བར་ནས་ཁ་ལོ་བ་དང་ཁ་བརྡ་བྱས། ཁོས་བོད་པ་ཚོའི་མཇལ་སྐོར་ནི་ཡུལ་སྐོར་བ་གཞན་དག་དང་ཁྱོན་ནས་མི་འདྲ་ཞིང་། དབྱར་གྱི་ཚ་བ་དང་། དགུན་གྱི་ཙག་ངར་སོགས་གང་ལའང་འཇིགས་པ་མེད་པར་བརྐྱངས་ཕྱག་བཙལ་ཏེ། རི་བོ་རྩེ་ལྔ་ཡོངས་ལ་རྒྱང་སྐོར་བྱེད་མཁན་ཡང་མང་པོ་འདུགདངོས་གནས་ངོ་མཚར་བའི་སྙིང་སྟོབས་འདུག་ཅེས་བཤད། ངས་ཀྱང་ང་ཚོ་བོད་པའི་དད་པའི་སྙིང་སྟོབས་དེ་ལ་འཛམ་གླིང་ན་དོ་བསྡོ་མཁན་གཅིག་ཀྱང་མི་འདུག་ཅེས་ཀུ་རེའི་ངང་ལབ་རྒྱག་པ་ཡིན་མོད།ཁོས་མུ་མཐུད་དུ།འོན་ཀྱང་།བོད་ཀྱི་གྲྭ་པ་ཚོ་ནི་སྒོར་གྱི་ཆེད་དུ་གང་ལའང་འཛེམས་པ་མེད་པར་ཁྲེལ་མེད་ལུགས་མེད་ཀྱི་རྩིང་སྤྱོད་ལ་འཇུག་མཁན་ཤ་སྟག་རེད་ཅེས་ཟེར། རླངས་འཁོར་ནང་དུ་ཕ་ཡུལ་རྫ་ཆུ་ཁ་ནས་ཡིན་པའི་མི་གསུམ་དང་ང་ཚོ་སྟེ་མི་དྲུག་ལས་བོད་པ་མེད་ལ། མང་ཕྱོགས་རྒྱ་མི་ཡིན་པས། ཅུང་ཙམ་ངོ་ནོངས་པར་གྱུར།དེ་འཕྲལ་ངས་ཀྱང་། བོད་ཀྱི་གྲྭ་པའི་ཁྲོད་ན་དེ་འདྲ་བྱེད་མཁན་ཡོད་པ་ཁས་ལེན།འོན་ཀྱང་། བརྒྱ་ཆའི་ནང་ནས་གཅིག་ཙམ་ཡིན་པས། མི་གཅིག་གི་རྩིང་སྤྱོད་ཀྱིས་མི་རིགས་ཡོངས་མཚོན་མི་ཐུབ། མི་རིགས་གང་ལའང་རྩིང་སྤྱོད་ཅན་ཡོད་སྲིད་ཅིང་། དེ་ཙམ་གྱིས་མི་རིགས་ཡོངས་ལ་ནག་ཉེས་ཀྱི་ཞྭ་མོ་འགེབས་ན་མི་འགྲིག་ཅེས་ལན་བཏབ་པ་ཡིན། ཁོས་ང་ལ་ལྟ་ཞོར་དུ་དེ་བདེན།དེ་བདེན་ཟེར།

   དེ་ནས་ངས་ཁོ་ལ་རི་བོ་རྩེ་ལྔའི་སྤོ་རུ་འགོས་ཐུབ་བམ།རི་བོ་རྩེ་ལྔར་དགོན་པ་ག་ཚོད་ཅིག་ཡོད་རེད་ཅེས་དྲིས་པ་ཡིན།ཁོས་དེང་སྐབས་རི་རྩེར་ཁ་བ་ཆེ་བས་འགོས་ཐབས་བྲལ།དགོན་པ་བརྒྱ་དང་ལྔ་བཅུ་ལྷག་ཅིག་ཡོད་རེད།འོན་ཀྱང་།དུས་ཚོད་ཐུང་ངུའི་ནང་ཆ་ཚང་མཇལ་ཐུབ་པ་མ་རེད།ཆ་ཚང་མཇལ་དགོས་ན་ཟླ་བ་གཉིས་ཙམ་གྱིས་ཀྱང་འདང་མིན་མི་ཤེས་ཟེར།ལྕང་སྐྱ་ཚང་གིས་ཀྱང་གནས་དེར་གནས་མཆོག་བྱིན་རླབས་ཅན་བརྒྱ་རྩ་བདུན་ཡོད་པར་གསུངས་ཤིང་།དུང་དཀར་བློ་བཟང་འཕྲིན་ལས(༡༩༢༧~༡༩༩༧)ཚང་གིས་ཀྱང་གནས་དེར་གནའ་བོར་དགོན་པ་སུམ་བརྒྱ་དྲུག་ཅུ་ལྷག་ཅིག་ཡོད་ཅེས་དེ་གའི་བཙུན་པ་དག་གི་ངག་ལས་ཐོས་ཞེས་གསུངས་མོད།དེ་ཕྱིས་རིག་གསར་གོད་ཆག་སོགས་ཀྱི་རྐྱེན་ད་ལྟ་གནས་ཅི་འདྲ་ཞིག་ཡོད་པ་གསལ་བོ་མ་ངེས་ཀྱང་།གནས་གཅིག་ཀྱང་མ་ལུས་པར་ཞིབ་མཇལ་ཞིག་བྱ་དགོས་ན་ཟླ་ངོ་གཉིས་ཙམ་དགོས་མིན་མི་ཤེས་ཀྱང་།དུས་ཚོད་ངེས་ཅན་ཞིག་དགོས་ངེས་སྙམ།

   དེ་ནས་རི་བོ་རྩེ་ལྔའི་ལུང་མདོའི་གནས་མཇལ་འཛིན་བྱང་ཉོ་སའི་ས་ཚིགས་སུ་སླེབས།འཛིན་བྱང་ཉོ་སའི་སྒེའུ་ཁུང་སྟེང་གི་གློག་ཡིག་རྒྱུག་པ་ལས།ལོ་ན་དྲུག་ཅུར་ཟིན་པ་དང་།ནར་མ་སོན་པའི་བྱིས་པ་དང་།རབ་བྱུང་བའི་དཔང་ཡིག་ཅན་དང་།དེ་མིན་སློབ་གྲྭ་བ་དང་།དབང་པོ་སྐྱོན་ཅན་སོགས་དམིགས་བསལ་གྱི་དཔང་རྟགས་ཡོད་མཁན་དག་གིས་འཛིན་བྱང་རིན་མེད་ཡིན་ཞེས་འཆར་འདུགངས་རང་གི་གྲྭ་པའི་དཔང་ཡིག་དང་ཕ་མ་གཉི་གའི་ཐོབ་དཔང་ཁྱེར་ཏེ་འཛིན་བྱང་འཚོང་མཁན་ལ་བསྟན་ཏེ།ང་ཚོར་འཛིན་བྱང་རིན་མེད་ཡིན་ནམ་ཞེས་དྲིས་པ་ཡིན། མོས་འདི་གཉིས་ཀྱི་འཛིན་བྱང་རིན་མེད་རེད།འདིའི་ཟླ་ངོ་ལྔ་ཙམ་གྱིས་ལོ་ན་དྲུག་ཅུར་མ་ལོན་པས་འཛིན་བྱང་ཉོ་དགོས་རེད།གཤམ་གྱི་འཛིན་བྱང་ཉོ་སའི་འཕྲུལ་ཆས་སུ་རང་གིས་ཉོ་རུ་སོང་ཟེར་བཞིན་མཛུབ་ཚུགས་ཤིག་བྱས་ནས་ཐོབ་དཔང་རྣམས་ཕྱིར་ལ་སྤྲད།མ་ལགས་ལོ་ན་དྲུག་ཅུར་ཟིན་པ་དང་།ང་ལ་གྲྭ་པའི་དཔང་ཡིག་ཡོད་པས་འཛིན་བྱང་ཉོ་མ་དགོས་མོད།པཱ་ལགས་ལོ་ན་དྲུག་ཅུར་སོན་པར་ད་རུང་ཟླ་ངོ་ལྔ་ཙམ་གྱིས་འདང་མེད་པས་དམངས་སྒོར༡༣༥བྱིན་ནས་འཛིན་བྱང་ཉོས།དེ་ནས་ཡང་བསྐྱར་རླངས་འཁོར་ལ་བསྡད་དེ་ཉིན་དཀྱིལ་གྱི་དུས་ཚོད༡༢:༠༠མ་ཟིན་ཙམ་ལ་རི་བོ་རྩེ་ལྔའི་ཨ་མྱེས་ཀླུ་རྒྱལ་ལྷ་ཁང་གི་ཉེ་འདབས་སུ་འབྱོར།

   དེང་གི་སྲིད་འཛིན་ས་གནས་བགོ་སྟངས་ལྟར་བྱས་ན།རྒྱ་ནག་རི་བོ་རྩེ་ལྔ་ཞེས་པའི་གནས་འདི་ནི་ཧྲན་ཞི་ཞིང་ཆེན་ཞེན་ཀྲུའུ་གྲོང་ཁུལ་ཝོས་ཐེ་རྫོང་ཐེ་ཧེ་གྲོང་རྡལ(山西省忻州市五台县台怀镇)དུ་ཆགས་འདུག་གོ །

   པཎྜི་ཏ་སུམ་པ་ཡེ་ཤེས་དཔལ་འབྱོར(༡༧༠༤~༡༧༨༨)སོགས་ཀྱིས།གནས་འདི་ནི་མར་གད་ཀྱི་ས་འཛིན་ལས་ཀྱང་མཛེས་ཤིང་སྡུག་ལ།མེ་ཏོག་དང་ལྗོན་ཤིང་སྣ་ཚོགས་སྐྱེས་ཤིང་།རླུང་བསིལ་བུས་བསྐྱོད་ན་དབང་པོ་ཚིམ་པར་བྱེད་པའི་དྲི་བསུང་ལྡང་བ།ཕྱོགས་མཚམས་ཀུན་ནས་དྭངས་ཤིང་བསིལ་བའི་ཆུ་ཀླུང་འབབ་པ།འདབ་ཆགས་སྣ་ཚོགས་ཀྱི་སྐད་སྙན་སྒྲོག་ས།སྤུ་སྡུག་ལྡན་པའི་རི་དྭགས་ཀྱི་ཚོགས་ཀྱང་བག་མེད་དུ་རྒྱུ་ས།བདེ་བ་ཅན་གྱི་ཞིང་ཁམས་ཀྱང་ཉམས་དམད་པར་བྱེད་ནུས་ཤིང་ཡིད་དུ་འོངས་པའི་ཁོར་ཡུག་གི་བཀོད་པ་ཞིག་བཞེངས་ཡོད་མོད།ཁོང་ཚོ་བྱོན་པའི་སྐབས་དེར་དེང་སང་ལྟ་བུའི་འདུ་འཛི་ཆེ་བའི་གྲོང་ཚོགས་དང་།འུར་ཟིང་རྒོད་པའི་མི་ཚོགས་མེད་ཤས་ཆེ་ལ།ནམ་ཟླའང་དབྱར་དུས་སུ་ཁེལ་ཡོད་པ་འདྲ་བས།ཁོང་ཚོས་གསུངས་པ་ཇི་བཞིན་ཡིན་ངེས་ཀྱང་།ད་སྐབས་ནིAལྔ་ཅན་གྱི་ཡུལ་སྐོར་ལྟེ་གནས་ཤིག་ཏུ་གྱུར་ཅིང་།མི་ཚོགས་ཀྱི་རྒོད་བག་ཆེ་ས།ཚོང་འདུས་ཀྱི་འཚུབ་ཆ་འཕྱུར་ས།རི་དྭགས་ཀྱི་ཚོགས་ལྟ་ཅི།འདབ་ཆགས་ཀྱི་སྐད་སྙན་ཞིག་ཀྱང་ཕལ་ཆེར་ཐོས་སུ་མེད་པའི་ཚོད་ཅིག་རེད།ང་ཚོ་གནས་དེར་ཐོན་པའི་སྐབས་དེའང་དགུན་དུས་སུ་ཁེལ་བས་ཡིན་ཤས་ཆེ་སྟེ།ཁོང་ཚོ་ལྟར་ཉམས་དགའ་ཞིང་ལུས་ཀྱི་བ་སྤུ་གཡོ་བའི་ཡུལ་ལྗོངས་ཤིག་ཏུ་མ་མཐོང་ལ།རྩི་ཤིང་ཐར་ཐོར་རེ་སྐྱེས་པ་དེའང་རྒྱ་ལྕང་སྐྱ་ནར་རེ་བ་འབའ་ཞིག་མིན་ནམ་སྙམ་ཞིང་།ས་གནས་ཀྱི་ཆགས་སྟངས་ལ་བལྟས་ན་རྒྱལ་རོང་ཁོག་ཅིག་དང་ཅུང་ཙམ་འདྲ་ལ།གནམ་གཤིས་ཀྱི་གནས་སྟངས་ལ་བལྟས་ན་མགོ་ལོག་རྨ་སྟོད་སོགས་དང་ཅུང་ཙམ་འདྲ་སྣང་ཤར།ལྷག་ཏུ་རིན་སྤུངས་པས་གནས་འདི་ལ་སྙན་ངག་གི་ལྟ་རུ་དྲངས་ཏེ་བསྔགས་པ་བརྗོད་པའི་ཚིག“གནམ་གྱི་ཤིང་ཐོག་འཆི་མེད་རྟག་པའི་རོ”ཞེས་པ་དང་།“གསེར་གྱི་ཆུ་སྐྱེས་དུས་ཚིགས་ཀུན་ཏུ་འབར”ཞེས་སོགས་གསུངས་པ་དེ་རིགས་རབ་བཏགས་ཀྱི་རྒྱན་མཚན་ཉིད་པ་ཞིག་ཏུ་སོང་འདུག་པའི་བློ་སྐྱེད་ཀྱང་ཐོབ། མདོར་ན། ང་རང་གནས་དེར་ཐོན་དུས་ཐོག་མར་སྐྱེ་བའི་ཚོར་བ་ནི་གྲང་ངར་ཆེ་བས་ལུས་ཀྱི་ལྷུ་ཚིགས་བར་གྱི་ཆུ་སེར་དག་ཀྱང་ཙག་གིས་འཁེངས་འདུག་མེད་དམ་སྙམ།ཡིད་ཅུང་ཟད་བྲོད་པ་ཞིག་ལ།གནས་དེ་ནི་རང་རེའི་བོད་ཡུལ་གྱི་དགུན་དུས་དང་མཚུངས་ཆོས་ལྟོས་བཅས་ཀྱིས་མང་བས་ཕ་ཡུལ་དུ་ཐོན་སོང་བ་ཡིན་ནམ་དྲན་པའི་ཚོར་བ་ཟ་ཟི་རེ་འགྱུ་བ་དེའོ། །དེ་ནས་གུང་ཇ་ཞིག་བཏུང་ནས་མཇལ་སྐོར་གྱི་འགོ་བརྩམས་སོ། །

བཞི་པ། ཨ་མྱེས་ཀླུ་རྒྱལ་ལྷ་ཁང་ལ་མཇལ་བ།

ཐོག་མར་ཨ་མྱེས་ཀླུ་རྒྱལ་ལྷ་ཁང(五爷庙)ལ་མཇལ། ལྷ་ཁང་དེའི་སྒོ་ཆེན་འགྲམ་དུ་སྤོས་འཚོང་བ་དང་།མཆོད་མེ་འཚོང་མཁན་མང་པོ་འདུགཡུལ་སྐོར་བ་དག་གིས་ཀྱང་རུབ་བརྒྱབས་ཏེ་སྤོས་དང་མཆོད་མེ་ཉོ་བཞིན་འདུགསྤོས་འཚོང་བ་ཞིག་ང་ཚོའི་སར་བཅར་ཏེ་ཨ་མྱེས་ཀླུ་རྒྱལ་ལ་སྤོས་མཆོད་ན་འབྱོར་ཕྱུག་ལོངས་སྤྱོད་དང་ལྡན་པ་ཡོང་ངེས་ཟེར།ང་ཚོས་ནི་མཇལ་རྟེན་དུ་ཁ་བཏགས་རེ་དང་སྒོར་སིལ་རེ་འཁྱེར་ཡོད་པས་སྤོས་སོགས་མ་ཉོས།ཀླུ་རྒྱལ་ལྷ་ཁང་གི་སྒོར་ཐོན་པ་ན།བོད་ཀྱི་བླ་མ་ཞིག་གིས་རྒྱ་ཕོ་མོ་བཅུ་ཁ་ཞིག་ཁྲིད་ནས་འུར་ཆིལ་ལེར་རྗེས་འདེད་དེ་ཐོན། ཁོ་ཚོ་མི་རེའི་སྐེ་ན་ཁ་བཏགས་རེ་འཕེན་འདུགངས་འདུག་བཟོད་མ་ཡོད་པར་ཀུ་རེའི་ཚུལ་དུ་ལྷ་ཁང་དེའི་སྒོ་འགྲམ་གྱི་སྡོང་བོ་ཆེན་པོ་དེའི་རྩར་རྒྱུ་མཚན་མེད་པར་ཁ་བཏགས་ཤིག་འཕེན་པ་ན། རྒྱ་མི་དེ་དག་གིས་ཀྱང་སྐེ་ཡི་ཁ་བཏགས་དེ་བླངས་ནས་སྡོང་བོའི་རྩར་འཕངས་སོང་། དེའི་རྗེས་སུ་མ་ལགས་ཀྱང་ཡོང་སྟེ་ཁ་བཏགས་ཤིག་འཕངས། ངས་མ་ལགས་ལ་ཁྱེད་ཀྱིས་ཁ་བཏགས་ཅི་ལ་འཕེན་པ་ཡིན།ངས་ནི་རྒྱ་མི་དེ་ཚོ་ལ་ཀུ་རེ་རྩེ་བ་ཡིན་ཞེས་བཤད་མོད། མ་ལགས་ཀྱིས་ཁྱོད་སྨྱོ་སོང་བ་ཡིན་ནམ། མི་དགོས་པ་ཏག་ཏག་ལས་འདུག་ནས་ཅི་བྱ་ཟེར། པཱ་ལགས་ཀྱིས་ཁོང་དགོད་ཅིག་བྱས་ནས་ཡར་ལྷ་ཁང་དུ་འཛུལ་སོང་།

   དགོན་པ་འདིའི་མིང་ལ་ཡོངས་གྲགས་སུ་ཨ་མྱེས་ཀླུ་རྒྱལ་ལྷ་ཁང་ཞེས་འབོད་ལ།མིང་གཞན་སངས་རྒྱས་ཁྲི་སྐུའི་ལྷ་ཁང(万佛阁)ཞེས་ཀྱང་བྱ།དགོན་པ་འདིའི་རྨང་ནི་མིང་རྒྱལ་རབས(明朝)ཀྱི་རྒྱལ་པོ་མིང་ཧྲིན་ཙོང་ངམ་ཀྲུའུ་ཡི་ཅེན(༡༥༦༣~༡༦༢༠)གྱི་ཁྲི་ལོ་ཞེ་བཞི་པ(明神宗朱翊钧万历四十四年)རབ་བྱུང་བཅུ་པའི་མེ་མོ་འབྲུག་སྟེ་ཕྱི་ལོ༡༦༡༦ལོར་བཞེངས། དེ་ཕྱིས་ཆེན་རྒྱལ་རབས(清朝)སོགས་ཀྱི་སྐབས་བསྐྱར་བཞེངས་ལན་འགའ་བྱས་པར་གྲགས།

   དགོན་པ་དེ་རུ་འཇམ་དབྱངས་ལྷ་ཁང(文殊殿)དང་།སངས་རྒྱས་ཁྲི་སྐུའི་ལྷ་ཁང་། ཀླུ་རྒྱལ་ལྷ་ཁང(龙王殿)སྟེ་ལྷ་ཁང་གསུམ་འདུག་པ་ལས།འཇམ་དབྱངས་ལྷ་ཁང་ནི། མིང་རྒྱལ་རབས་ཀྱི་རྒྱལ་པོ་མིང་ཧྲིན་ཙོང་གིས་དགོན་པ་འདིའི་རྨང་གཞི་བཙུགས་པ་ནས་བཞེངས་པའི་ལྷ་ཁང་དེ་ཡིན་པར་སྐད།ལྷ་ཁང་འདི་བཞེངས་ནས་ད་ལྟའི་བར་མི་ལོ༤༠༥ཙམ་ཟིན་པར་བཤད།ལྷ་ཁང་དེའི་ནང་དུ་རྗེ་བཙུན་འཇམ་པའི་དབྱངས་དང་།འཕགས་པ་ཀུན་ཏུ་བཟང་པོ།འཕགས་མཆོག་སྤྱན་རས་གཟིགས་སོགས་ཀྱི་སྐུ་བརྙན་ཡང་བཞུགས།

   དགོན་པ་འདིའི་ཤར་ངོས་ཙམ་ན་རྣམ་སྣང་སངས་རྒྱས་ཁྲི་སྐུའི་ལྷ་ཁང་བཞུགས། གོང་དུ་བཤད་པའི་འཇམ་དབྱངས་ལྷ་ཁང་དེ་བཞེངས་ནས་ཅང་མ་འགོར་བར་སངས་རྒྱས་ཁྲི་སྐུའི་ལྷ་ཁང་བྱ་བ་འདི་བཞེངས།ལྷ་ཁང་འདི་ལ་བརྟེན་དགོན་མིང་ལའང་སངས་རྒྱས་ཁྲི་སྐུའི་ལྷ་ཁང་ཞེས་ཐོགས། ལྷ་ཁང་འདིའི་ནང་གི་ལྡེབས་ངོས་ཡོངས་སེར་ལ་ཁྲ་ཆེམ་མེ་བའི་སངས་རྒྱས་ཁྲི་ཡི་སྐུ་བརྙན་ཡོད་པར་གྲགས་པ་དེས་ཁེངས།བར་དུ་ས་ཡི་སྙིང་པོ་དང་རྒྱ་ལྷ་རེ་གཉིས་བཞུགས།དེ་དག་ནི་ཟངས་སེར་རྒྱ་མ་བདུན་སྟོང་གིས་མགར་བ་རེད་ཅེས་ཟེར། སྐུ་དེ་དག་གི་མདུན་ཙམ་ན་འཇམ་པའི་དབྱངས་དང་། ཀུན་ཏུ་བཟང་པོ།ཐུགས་རྗེ་ཆེན་པོ་སོགས་ཀྱི་འབག་སྐུ་འབྲིང་ཙམ་པ་རེ་བཞུགས། ལྷ་ཁང་འདི་ཆེན་རྒྱལ་རབས་ཀྱི་སྐབས་ཤིག་ལ་རྒྱལ་པོའི་གཟིམ་ཤག་བྱེད་པའི་ལོ་རྒྱུས་ཀྱང་འདུགབོད་ཀྱི་གནས་བཤད་དག་ཏུ་ལྷ་ཁང་འདི་ལ་སངས་རྒྱས་སྟོང་གིས་ལྷ་ཁང་ཞེས་བྲིས་འདུག་ཀྱང་།རྒྱའི་སྐད་དུ“万佛阁”ཞེས་འབོད་པས་སངས་རྒྱས་ཁྲི་སྐུའི་ལྷ་ཁང་བྱ་བ་ཟེར་དགོས་སམ་སྙམ། ལོ་རེའི་ཕྱི་ཟླ༦པའི་ནང་ཞིག་ལ་ལྷ་ཁང་འདིའི་སྒོར་ཀླུ་རྒྱལ་ནག་པོ་མཆེད་ལྔའི་གཏམ་རྒྱུད་ཀྱི་ཟློས་གར་ཡང་འཁྲབ་སྲོལ་ཡོད་ཅེས་ཐོས།

   ཀླུ་རྒྱལ་ལྷ་ཁང་བྱ་བ་ནི།ཆེན་རྒྱལ་རབས་ཀྱི་མཇུག་རྫོགས་ནས་ལོ་ངོ་དྲུག་ཙམ་ཟིན་པའི་དུས།རབ་བྱུང་བཅོ་ལྔ་པའི་མེ་མོ་སྦྲུལ་ཏེ་ཕྱི་ལོ༡༩༡༧ལོར་བཞེངས་པར་བཤད།ལྷ་ཁང་དེའི་ནང་གི་མདུན་ཕྱོགས་སུ་ཀླུ་རྒྱལ་ནག་པོ་མཆེད་ལྔ་དང་།རྒྱབ་ཕྱོགས་སུ་མ་ཡུམ་ཆར་ལྷ་སོགས་ཀྱི་སྐུ་བརྙན་བཞུགས།ཨ་མྱེས་ཀླུ་རྒྱལ་ནག་པོ་ནི་དམ་ཅན་ཆོས་ཀྱི་རྒྱལ་པོ་ཉིད་ཡིན་ལ་རི་བོ་རྩེ་ལྔའི་སྲུང་མ་འཇམ་དབྱངས་ནག་པོའི་སྤྲུལ་བ་ཡིན་པར་གྲགས།ལྕང་སྐྱ་ཚང་གིས“མཐུ་སྟོབས་ཀྱི་མངའ་བདག་གཤིན་རྗེའི་རྒྱལ།།ཡུམ་རེ་མ་ཏི་དང་རྒན་བྱད་མ།།འཁོར་འཇིགས་རུང་དྲེགས་པ་སྡེ་བརྒྱད་བཅས།།གནས་སྲུང་ཞིང་རྣལ་འབྱོར་སྐྱོང་བཞིན་བཞུགས”ཞེས་གསུང་མགུར་དུའང་བསྟོད་པ་དང་།བསང་མཆོད་ཅིག་ཀྱང་མཛད་པར་གྲགས།

   སྔོན་ཆད་ཐེ་ཧེ(台怀)ཞེས་པའི་ཡུལ་འདིར་ཆར་ཆུའི་རྒྱུན་ཆད་དེ་ས་སྐམ་ཞིང་རི་ཉིལ།དེ་གའི་འགྲོ་བ་དག་ཚ་བ་དང་ལྟོགས་སྐོམ་གྱིས་གདུངས་པས།འཕགས་པ་འཇམ་དཔལ་དབྱངས་ལ་གསོལ་བ་བཏབ།འཇམ་དཔལ་དབྱངས་ཀྱིས་ཀླུའི་ཡུལ་ནས་དྭངས་བསིལ་རྡོ(清凉石)ཞེས་པ་ཞིག་སྤྱན་དྲངས་ཤིང་།བདུད་རྩིའི་ཆར་རྒྱུན་ཕབ།དྭངས་བསིལ་རྡོ་ཁྱེར་བར་ཀླུ་རྒྱལ་གྱི་སྲས་ལྔ་པོས་ཐུགས་མ་རངས་ཏེ་ཡུལ་དེར་གོད་ཆག་བསླངས།འཕགས་པ་འཇམ་དཔལ་དབྱངས་ཀྱིས་སྲས་ལྔ་པོ་བཏུལ་ཏེ་ཡུལ་དེའི་འགྲོ་བ་རྣམས་བདེ་ལ་བཀོད།སྲས་ལྔ་པོ་ནི་ད་ལྟའི་ཀླུ་རྒྱལ་ལྷ་ཁང་ནང་གི་ནག་པོ་མཆེད་ལྔ་བྱ་བའི་སྐུ་བརྙན་ལྔ་པོ་དེ་དག་ཡིན།དྭངས་བསིལ་རྡོའང་གནས་དེའི་དྭངས་བསིལ་དགོན(清凉寺)དུ་ཡོད་པ་དེ་གའོ།།མན་ལུང་གུ་རུས་རྡོ་ཁྲི་ཞིག་ཡོད་འདུག་པའི་སྟེང་དུ་ཕྱིན་ན་གང་འདོད་ཀྱི་སྐྱེ་གཟུགས་དང་ཚེ་སྔ་ཕྱི་སོགས་ལེགས་ཉེས་ཐམས་ཅད་ཡིད་ལ་འཆར་བ་ཞིག་འདུག་ཅེས་གསུངས་པ་དེའང་རྡོ་འདི་ལ་ཟེར་བར་སྙམ། རྡོ་འདི་སྤྱན་འདྲེན་ཚུལ་ལ་གཏམ་རྒྱུད་འགའ་བཤད་དུ་ཡོད་ཀྱང་སྐབས་སུ་མ་བབས་པས་རེ་ཞིག་བསྐྱུངས། གནས་འདི་ལ་དྭངས་བསིལ་རི་བོ་ཞེས་འབོད་པའང་གོང་གི་རྡོ་དེར་བརྟེན་ཏེ་ཐོགས་རབས་བཤད་དོ། །

ལྔ་པ། ནོར་བུ་ཆེན་པོའི་མཆོད་རྟེན་གླིང་ལ་མཇལ་བ།

   སྔོན་ནས་རི་བོ་རྩེ་ལྔར་མཇལ་སྐོར་དུ་སོང་མྱོང་མཁན་དག་གི་ཁ་ནས་སངས་རྒྱས་ཀྱི་རིང་བསྲེལ་གྱིས་གཟུངས་གཞུག་བྱས་པའི་མཆོད་རྟེན་དཀར་པོ་དེ་མཇལ་སོང་ཞེས་མང་དུ་ཐོས།གནས་འདིའི་བརྙན་དང་འདྲ་པར་སོགས་གང་མཐོང་ན་མཆོད་རྟེན་དཀར་པོ་འདི་ལྷང་ངེར་མཐོང་སྲིད་པས།མཇལ་མ་ཐག་ཏུ་ཅུང་ཙམ་རྒྱུས་ཡོད་པའི་སྣང་བ་ཤར།

   ནོར་བུ་ཆེན་པོའི་མཆོད་རྟེན་ནི།སྔོན་དགྲ་བཅོམ་པ་མ་ཏང་ཀི་པས་ཐོག་མར་རི་བོ་རྩེ་ལྔའི་གནས་སྒོ་ཕྱེ་དུས་ཏེ།ཕྱི་ལོ༦༨ཡས་མས་ཤིག་ཏུ་ཆོས་རྒྱལ་མྱ་ངན་མེད་ཀྱི་མཆོད་རྟེན་དུ་ངོས་བཟུང་སྟེ་བཞེངས་པ་ཞིག་རེད། མྱ་ངན་མེད་ཀྱིས་བཞེངས་པའི་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་ལས་རྒྱ་ནག་ཏུ་མཆོད་རྟེན་བཅུ་དགུ་ཡོད་པར་གྲགས་ཤིང་།དེའི་ནང་གི་གཅིག་ནི་རི་བོ་རྩེ་ལྔའི་མཆོད་རྟེན་འདི་ཡིན་པར་གྲགས།མཆོད་རྟེན་འདི་ཐང་རྒྱལ་རབས(唐朝)ཀྱི་སྐབས་སུ་ཉིས་བརྩེགས་དང་ཟུར་བརྒྱད་ཀྱི་རྣམ་པར་བཞེངས།རབ་བྱུང་ལྔ་པའི་ཆུ་ཕོ་སྟག་ཕྱི་ལོ༡༣༠༢ལོར་ཡོན་རྒྱལ་རབས(元朝)ཀྱི་སྐབས་བལ་ཡུལ་གྱི་བཟོ་བ་དག་གདན་དྲངས་ཏེ་གནའ་བོའི་མཆོད་རྟེན་ནང་དུ་བཅུག་ནས་བལ་ཡུལ་གྱི་མཆོད་རྟེན་གྱི་དབྱིབས་སུ་བསྐྱར་དུ་བཞེངས།དེ་རྗེས་རབ་བྱུང་བདུན་པའི་མེ་མོ་ཕག་ཕྱི་ལོ༡༤༠༧ལོར་མིང་རྒྱལ་རབས་ཀྱི་རྒྱལ་ཐོག་གསུམ་པ་མིང་ཁྲིན་ཙོའུ་ཀྲུའུ་ཏིས(༡༣༦༠~༡༤༢༤)ཀྱི་ཁྲི་ལོ་ལྔ་པའི(明成祖朱棣永乐五年)སྐབས་སླར་ཡང་ཞིག་གསོ་བྱས།ཡང་རབ་བྱུང་བཅུ་པའི་མེ་ཕོ་བྱི་སྟེ་ཕྱི་ལོ༡༥༧༩ལོར་མིང་རྒྱལ་རབས་ཀྱི་སྐབས་ལིས་རྒྱལ་མོ(李娘娘)དང་། ཉུག་རུམ་པ་ཧྥན་ཅང(太监范江)སོགས་ཀྱིས་ཞིག་གསོ་བྱས།རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་འབྲུག་སྟེ་ཕྱི་ལོ༡༩༥༢ལོར་ཀྲུང་དབྱང་སྲིད་གཞུང་གིས་གཞར་ཡང་ཞིག་གསོ་བྱས།མདོར་ན་ཧན་ཤར་མ་ནས་ཀྲུང་དབྱང་སྲིད་གཞུང་ལ་ཐུག་གི་བར་ཞིག་གསོ་ཐེངས་མང་བྱས་པར་གྲགས།མཆོད་རྟེན་འདི་བཞེངས་ཏེ་ད་ལྟའི་བར་དུ་མི་ལོ༡༩༥༣ཙམ་ཟིན་འདུག

   མཆོད་རྟེན་འདི་ནི་རི་བོ་རྩེ་ལྔའི་ལྟེ་བ་ཡིན་ཞིང་།མཐོ་ཚད་ལ་སྨི༨༡ཙམ་དང་།མཐའ་སྐོར་ལ་སྨི༨༤ལྷག་ཡོད་ཅེས་ཟེར།མཆོད་རྟེན་འདིའི་འོག་གི་ལྷ་ཁང་དུ་འཇམ་པའི་དབྱངས་སོགས་ཀྱི་སྐུ་བརྙན་དང་།གྲུབ་ཆེན་ཅི་ཀོང་གི་མཛད་པ་རྡོ་བརྐོས་སུ་བྱས་པ་སོགས་མཇལ་རྒྱུ་མང་དུ་བཞུགས།མཆོད་རྟེན་འདི་རྒྱང་ནས་བལྟས་ནའང་གནས་དེའི་རྟེན་ཡོད་ཚད་ལས་བརྗིད་ཆེ་ཞིང་།གམ་དུ་བཅར་ན་དེ་ལས་ཀྱང་བརྗིད་ཉམས་ལྡན་ཞིང་བཟོ་ལེགས་པ།བལྟས་པ་ཙམ་གྱིས་ཀྱང་རྟེན་རྙིང་གི་ཁྱད་ཆོས་མཐོང་ཐུབ་པ།མཇལ་བ་ཙམ་གྱིས་ཡིད་ཚིམས་ཏེ་རྟེན་གཞན་པ་དག་ལ་མ་མཇལ་ན་ཡང་ཆོག་པའི་སྣང་བ་སྐྱེས་པ་ཞིག་འདུགརྒྱ་གར་དང་བལ་བོ་སོགས་སུ་གཙུག་རྒྱན་ལྟ་བུའི་མཆོད་རྟེན་དང་།འབྲས་སྤུངས་ལྟ་བུའི་མཆོད་རྟེན་དང་།ལྦུ་བ་ལྟ་བུའི་མཆོད་རྟེན་དང་།དྲིལ་བུ་ལྟ་བུའི་མཆོད་རྟེན་ཏེ་བཟོ་དབྱིབས་ལ་བརྟེན་ཏེ་རིགས་བཞི་དགར་དུ་ཡོད་པ་ལས།ནོར་བུ་ཆེན་པོའི་མཆོད་རྟེན་འདི་ནི་གཙུག་རྒྱན་ལྟ་བུའི་མཆོད་རྟེན་གྱི་དབྱིབས་ཅན་དུ་བཞེངས་པ་མིན་འགྲོ་སྙམ། གང་ལྟར། རྒྱ་ནག་གི་མཁར་དབྱིབས་ཅན་གྱི་མཆོད་རྟེན་དང་། རང་རེའི་མཆོད་རྟེན་ཆ་བརྒྱད་དང་བཀའ་གདམས་མཆོད་རྟེན་སོགས་དང་བཟོ་དབྱིབས་ཁྱོན་ནས་མི་འདྲ་བས། སྔོན་བལ་བོའི་བཟོ་བ་དག་གིས་བཞེངས་པའི་མཆོད་རྟེན་དེ་ག་རང་རེད་ཅེས་ཟེར་བས་ཕལ་ཆེར་བདེན་མཆིས། ཆོས་རྒྱལ་མྱ་ངན་མེད་ཀྱིས་གདོད་ནས་བཞེངས་པའི་མཆོད་རྟེན་དེ་དག་ནི། བུམ་གདན་ཙམ་ལས་བང་རིམ་མེད་པའི་སླ་ང་ཁ་སྦུབ་ཀྱི་དབྱིབས་ཅན། སྟེང་དུ་བྲེ་དང་། དེའི་སྟེང་དུ་གདུགས་ཆུང་ངུ་གཉིས་གསུམ་ཙམ་བརྩེགས་པ། དཔེར་ན་དེང་གི་མཆོད་རྟེན་བྱ་རུང་ཁ་ཤོར་ལྟ་བུ་ཁོ་ན་ཡིན་ཞེས་བཤད་མོད། དེང་སང་ཁོང་དངོས་ཀྱིས་བཞེངས་པའི་མཆོད་རྟེན་དེ་སོགས་མཐོང་དུ་མེད་པ་ལྟར་གྱུར་ཅིང་། བསྐྱར་བཞེངས་བྱས་པ་དེང་སང་ཡང་མང་པོ་འདུག་པས། ནོར་བུ་ཆེན་པོའི་མཆོད་རྟེན་ཞེས་པ་འདིའང་མྱ་ངན་མེད་ཀྱི་མཆོད་རྟེན་བསྐྱར་བཞེངས་བྱས་པ་ཡིན་པར་གྲགས། འདིར་རང་རེའི་མཆོད་རྟེན་ལྟར་མཐའ་སྐོར་དུ་འཁོར་ལོས་ཡོངས་སུ་སྤྲས་ཤིང་།སྐོར་བ་པའང་བོད་པ་འགའ་རེ་འདུག ང་ཚོས་ཀྱང་སྐོར་བ་ཅི་ནུས་ཤིག་བསྐོར་རོ། །

   མཆོད་རྟེན་འདི་བཞེངས་སའི་ཁྱོན་ཏེ་སྔོན་མངོན་གསལ་གླིང་གི་ར་སྐོར་ཡིན་ཞིང་།མངོན་གསལ་གླིང་གི་དགོན་ཁོངས་སུ་གཏོགས་མོད།ཕྱིས་སུ་མིང་རྒྱལ་པོ་མིང་ཁྲིན་ཙོའུ་ཡིས་མཆོད་རྟེན་བསྐྱར་བཞེངས་བྱས་པའི་ལྷོངས་སུ་མཆོད་རྟེན་འདིའི་མཐའ་འཁོར་དུ་ལྷ་ཁང་མང་པོ་བཞེངས་ཤིང་དགོན་པ་ལོགས་སུ་བཀར་ནས།དགོན་པ་འདིའི་མིང་ལ་ནོར་བུ་ཆེན་པོའི་མཆོད་རྟེན་གླིང(大宝塔院寺)ཞེས་བཏགས་ལ།རི་བོ་རྩེ་ལྔར་བསམ་གཏན་ལ་བཞུགས་གནས་ཆེན་པོ་ལྔ་ཡོད་པ་ལས་དང་རྩེར་གྱུར།ད་ལྟ་རི་བོ་རྩེ་ལྔར་བོད་དགོན་དུ་གཏོགས་པ་དང་།རྒྱ་དགོན་དུ་གཏོགས་པའི་དགོན་པ་མང་དུ་བཞུགས་པའི་ནང་གི་དགོན་པ་འདི་ནི་རྒྱ་དགོན་གྱི་མཆོག་ཏུ་བགྲངས།

   དེ་གའི་རྒྱ་བོད་ཀྱི་དགོན་པའི་ཁྱད་ཕྱེ་བ་ལ་རྒྱ་དགོན་ལ“青庙”དང་།བོད་དགོན་ལ“黄庙”ཞེས་རྒྱ་ནག་གི་སྐད་དུ་འབོད།ཕལ་ཆེར་གོས་ཀྱི་ཁ་དོག་ལྟར་དེ་སྐད་ཅེས་འབོད་པ་ཨེ་མིན་འགྲོ།རང་རེས་དགེ་ལུགས་པ་ལ་ཞྭ་སེར་བ་ཞེས་འབོད་པ་ལྟར།རྒྱ་མི་དག་གིས་ཀྱང་རྗེས་ཟློས་བྱས་ཏེ“黄教”ཞེས་འབོད་པས་དེ་སྐད་དུ་ཐོགས་ལ། རྒྱའི་གྲྭ་ཆས་ཀྱི་ཁ་དོག་ནི་འདུལ་བའི་ནང་དུ་རུང་ཚོན་གསུམ་ཞེས་གསུངས་པ་ལྟར་སྔོན་པོ་སྔོ་སྐྱ་འདྲ་བོ་ཡིན་ཞིང་།འགོས་ལོའི(༡༣༩༢~༡༤༨༡)《དེབ་སྔོན》ལ་རྒྱ་སྐད་དུ“《青史》”ཞེས་འབོད་པ་ལྟར།ཁ་དོག་སྔོན་པོ་ལ་རྒྱ་སྐད་ཀྱིས“青”ཞེས་འབོད་སྲོལ་ཡོད་པས་དེ་སྐད་དུ་འབོད་པ་ཡིན་ནམ་སྙམ།

   མཆོད་རྟེན་འདིའི་མདུན་དུ་ཐུབ་པའི་ཞབས་རྗེས་ཅན་གྱི་རྡོ་ཞིག་འདུགམཇལ་མ་ཐག་སྟོན་པ་ཐུབ་པའི་དབང་པོ་གནས་འདིར་བྱོན་མྱོང་བ་ཡིན་ནམ།ཡང་ན་ཞབས་རྗེས་ཅན་གྱི་རྡོ་འདི་རྒྱ་གར་ནས་གདན་དྲངས་ཏེ་ཡོང་བ་ཡིན་སྙམ་སྟེ།ང་རང་དྲི་ཚིག་འགའི་ནང་དུ་ལྷུང་།མཇལ་སྐོར་བ་རེར་དྲིས་པ་ཡིན་དང་ཁོ་ཚོས་ཀྱང་གསལ་བོ་ཤེས་ཀྱིན་མི་འདུགརྡོ་འདིའི་རྩིབས་ན་རྡོ་རིང་ཞིག་བཞུགས་ལ།སྟེང་དུ་སྟོན་པ་བཅོམ་ལྡན་འདས་སྐུ་འདའ་ཚུལ་བསྟན་པའི་རྣམ་ཐར་ཆེ་ལོང་ཙམ་རྒྱ་བོད་ཧོར་གསུམ་གྱི་ཡིག་ཐོག་ཏུ་བརྐོས་འདུག་པ་འདྲ།ཡིན་ཡང་འབྲུ་མི་གསལ་བ་དང་།བྲེལ་འཚུབ་ཀྱི་ངང་ཞིབ་ཀློག་ཀྱང་མ་ཐུབ་མོད།རྗེས་མར་གནས་བཤད་བཀླགས་པས་ཞབས་རྗེས་ཅན་གྱི་རྡོ་འདིའི་ལོ་རྒྱུས་ཤེས་ཙམ་བྱུང་ལ།རྡོ་རིང་དེའང་རྡོ་དེའི་ལོ་རྒྱུས་ཀྱི་རྡོ་རིང་ཡིན་པ་ཤེས།མ་གཞི་རྡོ་འདི་ནི་ཐང་རྒྱལ་རབས་ཀྱི་གྲགས་པ་ཆེ་བའི་བཙུན་པ་ཞོན་ཙང《玄奘法师༦༠༢~༦༦༤)གིས་སྔོན་རྒྱ་གར་གྱི་མ་ག་དྷའི་རྟེན་གྱི་མཆོག སྟོན་པ་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདའ་ཁར་ཞབས་རྗེས་སུ་བཞག་པའི་རྡོ་དེ་རས་ཡུག་གི་ངོར་འདྲ་རིས་སུ་ཕབ་ནས་རྒྱ་ནག་རྒྱལ་པོ་ལ་ཕུལ་ཞིང་།རྗེས་སུ་མིང་རྒྱལ་རབས་ཀྱི་སྐབས་མིང་ཁྲིན(明诚)དང་རོའུ་ཡས(如意)ཟེར་བའི་ཧྭ་ཤང(和尚)གཉིས་ཀྱིས་རི་མོ་དེ་བཞིན་རྡོ་ལ་བརྐོས་ཏེ་རི་བོ་རྩེ་ལྔའི་རྟེན་དུ་བཞག་པ་ཞིག་གོ །

   འདི་རུ་ད་དུང་རྡོ་རིང་གསར་རྙིང་འགའ་རེ་འདུག་མོད།རབ་བྱུང་བཅོ་ལྔ་པའི་ནང་ཞིག་ལ་བོད་ཀྱི་སྤྲུལ་སྐུ་ཞིག་གིས་མཆོད་རྟེན་ཞིག་གསོའི་ཞལ་འདེབས་སུ་དངུལ་སྲང་མང་པོ་ཕུལ་བའི་དྲན་རྟེན་རྡོ་རིང་ཞིག་ཡོད་རབས《བོད་ཡིག་རྡོ་རིང་ཞིབ་འཇུག》ཅེས་པ་ནས་གུས་པས་མཐོང་མྱོང་བ་དྲན་སོས་ཀྱང་།རྡོ་རིང་འདི་དག་ལས་གང་ཡིན་མ་ངེས།ཞིབ་ཏུ་བཀླགས་ཀྱང་མ་ཐུབ་པས།ད་ལྟ་དྲན་ན་བག་ཙམ་འགྱོད་རེ་སྐན།

   དགོན་པ་འདིའི་འདུ་ཁང་ཆེན་མོའི(大雄宝殿)ནང་རྟེན་དུ།མདུན་ཕྱོགས་སུ།སྟོན་པ་གཙོ་འཁོར་གསུམ་དང་།འཇམ་པའི་དབྱངས།ཀུན་ཏུ་བཟང་པོ།སྒྲོལ་མ་དཀར་ལྗང་གཉིས་སོགས་བཞུགས་ལ།གཡས་གཡོན་གྱི་ལྡེབས་སུ་གནས་བརྟན་བཅུ་དྲུག་བཞུགས།རྒྱབ་ཕྱོགས་སུ།དབུས་ཐུགས་རྗེ་ཆེན་པོ་དང་།གཡས་སུ་ཀུན་ཏུ་བཟང་པོ་དང་།གཡོན་དུ་འཇམ་དཔལ་དབྱངས་སོགས་སྒྲོལ་མ་དཀར་ལྗང་གཉིས་པོ་མ་གཏོགས་ཚང་མ་རྒྱ་ནག་རང་གི་ལྷ་ཚུགས་ལྟར་བཞེངས་འདུག

   མཆོད་རྟེན་གྱི་རྒྱབ་ལོགས་ཤིག་ཏུ་དཔེ་མཛོད་ཁང(藏经阁)ཞིག་འདུགནང་དུ་རྒྱ་བོད་ཧོར་གསུམ་གྱི་བཀའ་བསྟན་དང་གསུང་འབུམ་སོགས་པོད་གྲངས་ཉིས་ཁྲི་ལྷག་ཅིག་བཞུགས་རབས་ཟེར།ཡོད་ཚད་གནའ་བོའི་མིང་རྒྱལ་རབས་སྐབས་ཀྱི་དཔེ་རྙིང་འབའ་ཞིག་ཡིན་ཞེས་གསལ་ལ།ལྷག་ཏུ་རྒྱ་ཡིག་གི་གླེགས་བམ་དག་སྤུས་དག་ཅིང་གྲལ་ལེགས་པས།མཇལ་བ་ཙམ་གྱིས་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་ནུས་པ་ཞིག་གོ།མཁས་དབང་དགེ་ཆོས་ཀྱིས་ས་སྐྱའི་སྒོ་རུམ་ལྷ་ཁང་དུ་རྒྱ་ནག་གི་བཀའ་འགྱུར་ཤོག་དྲིལ་ལ་སྤར་བཏབ་པ་ཆེས་ངོ་མཚར་ཆེ་བ་ཞིག་བཞུགས་ཞེས་གསུངས་པ་དེའང་འདི་འདྲ་བ་ཞིག་ལ་ཟེར་བ་མིན་ནམ་སྙམ།ཐོས་ཚོད་ལ་གནས་འདིའི་དཔེ་མཛོད་ཁང་ཆེ་ཤོས་དེ་ཡིན་ཞེས་ཟེར།ད་དུང་དེའི་ཉེ་འཁོར་དུ་ཆོས་སྐྱོང་ཁང་དང་རྒྱལ་ཆེན་ཁང་སོགས་ཀྱང་བཞུགས་སོ། །

   ཡང་ནོར་བུ་ཆེན་པོའི་མཆོད་རྟེན་དེའི་གཡོན་ཕྱོགས་ཀྱི་ར་སྐོར་ཞིག་ཏུ།དབྱིབས་མཆོད་རྟེན་ཆེན་མོ་དང་ཅུང་ཟད་འདྲ་བའི་མཆོད་རྟེན་ཆུང་ཙམ་པ་ཞིག་བཞུགས།དེ་ནི་འཇམ་དབྱངས་དབུ་སྐྲའི་མཆོད་རྟེན(文殊发塔)བྱ་བ་དེ་རེད་འདུགཝེ་བྱང་མའི་སྐབས་ཤིག་ལ་བཞེངས་པར་བཤད།དེ་ལ་སྔོན་འཇམ་པའི་དབྱངས་ཀྱིས་དབུལ་མོ་ཁྱི་ཁྲིད་མ་བུ་གསུམ་དུ་སྤྲུལ་བའི་ལྷ་སྒྲུང་ལྟ་བུ་རེ་དང་།ཧྭ་ཤང་གི་ཞལ་ཏ་པ་ཞིག་གིས་འཇམ་དབྱངས་ཀྱི་དབུ་སྐྲ་བརྐུས་ཏེ་སླར་ལོག་པའི་གཏམ་རྒྱུད་མཚར་ལ་སྡུག་པ་རེ་བཤད་དུ་ཡོད་ཀྱང་།འདིར་བཤད་པའི་ངལ་བ་མ་བྱས།ཤེས་འདོད་པ་དག་གིས་གཞན་ནས་གཟིགས།

དྲུག་པ། མངོན་གསལ་གླིང་ལ་མཇལ་བ།

   མངོན་གསལ་གླིང(显通寺)ནི།རྒྱ་ནག་པོའི་ལོ་རྒྱུས་སྟེང་གི་ཆེས་སྔ་བའི་ནང་བསྟན་གྱི་དགོན་པ་གཉིས་པ་དེ་རེད།ས་ཕོ་འབྲུག་སྟེ་ཕྱི་ལོ༦༨ལོར་ཧི་ནན་ལོ་དབྱང་དུ་རྒྱ་ནག་གི་དགོན་པ་ཐོག་མ་རྟ་དཀར་དགོན་བཞེངས་ལ།ས་མོ་སྦྲུལ་ཏེ་ཕྱི་ལོ༦༩ཙ་ན་རི་བོ་རྩེ་ལྔར་ཧན་ཤར་མའི་རྒྱལ་ཐོག་གཉིས་པ་ཧན་མེང་ཏིས་ཀྱི་མཐུན་རྐྱེན་ལ་བརྟེན་ཏེ་དགྲ་བཅོམ་པ་མ་ཏང་ཀི་པས་མངོན་གསལ་གླིང་ཞེས་པའི་དགོན་པ་འདི་བཞེངས་པར་གྲགས།དུས་ད་ལྟའི་བར་དུ་ལོ་ངོ༡༩༥༢ཙམ་སོང་འདུགརང་རེའི་དགོན་པའི་ཐོག་མ་བསམ་ཡས་གཙུག་ལག་ཁང་དུས་རབས་བརྒྱད་པའི་ཆུ་སྟག་ལོར་བཞེངས་པ་ཡིན་ཚེ་ད་ལྟའི་བར་ལོ་ངོ༡༢༥༩ཙམ་ཟིན།དེས་ན་བསམ་ཡས་ལས་ཀྱང་ལོ་ངོ༦༩༣ཙམ་གྱིས་སྔ་བའི་དགོན་རྙིང་ཞིག་རེད།དགོན་པ་འདིའི་ཐོག་མའི་མིང་ལ་དད་ཐོབ་བྱ་རྒོད་ཕུང་པོའི་ལྷ་ཁང(大孚灵鹫殿)ཞེས་ཟེར།ཕྱིས་སུ་གོང་མ་ཁང་ཞིས(康熙༡༦༥༤~༡༧༢༢)མངོན་གསལ་གླིང་དུ་བསྒྱུར།ད་དུང་ཝེ་བྱང་མའི་སྐབས་དང་ཐང་རྒྱལ་རབས་ཀྱི་སྐབས་སོགས་སུའང་བསྐྱར་བཞེངས་བྱས་ཤིང་།དགོན་པ་འདིའི་མཚན་གྱི་རྣམ་གྲངས་ལའང་རྒྱལ་རབས་རེ་རེར་འབོད་སྲོལ་མི་འདྲ་བ་རེ་རེ་བགྲང་སྲོལ་འདུག

   རབ་བྱུང་བཅུ་པའི་མེ་ཕོ་རྟ་ཕྱི་ལོ༡༦༠༦ལོར་མིང་རྒྱལ་རབས་ཀྱི་རྒྱལ་ཐོག་བཅུ་གསུམ་པ་མིང་ཧྲིན་ཙོང་གི་ཁྲི་ལོ་སོ་བཞིའི་སྟེང་བསྐྱར་དུ་བཞེངས།ལོ་དེར་རྒྱལ་པོ་ཁོང་གི་བདག་རྐྱེན་འོག་ཧྭ་ཤང་མོའུ་ཧྥེང(妙峰和尚༡༥༣༡~?)ཞུ་བས་གདུང་མེད་ལྷ་ཁང(无梁殿)བྱ་བ་དེ་བཞེངས།ལྷ་ཁང་དེ་ནི་ཧྭ་ཤང་མོའུ་ཧྥེང་གིས་སོ་ཕག་འཇམ་བརྡར་བྱས་ཏེ་བཞེངས་པར་བཤད།ཀ་བ་དང་གདུང་ལྕམ་གཅིག་ཀྱང་མེད་པས་ན་གདུང་མེད་ལྷ་ཁང་ཞེས་འབོད།མཐོ་ཚད་ལ་སྨི༢༠.༣། ཞེང་ཚད་ལ་སྨི༢༨.༢། འཕྲེད་ཚད་ལ་སྨི༡༦.༢། བརྩེགས་རིམ་གཉིས་དང་།བརྩེགས་རིམ་རེར་སྒེའུ་ཁུང་བདུན་གྱི་བདག་ཉིད་ཅན་ཞིག་འདུགནང་དུ་ལྡེབས་རིས་མང་པོ་འདུག་ལ།གོང་མ་ཁང་ཞིའི་སྐབས་ཤིག་ཏུ་སུའུ་ཀྲུའུ(苏州)ཡི་རི་མོ་བ་ཞིས་ཏི་ཞེན(许德兴)ཞུ་བ་ཞིག་གིས་ལོ་ངོ་བཅུ་གཉིས་ཀྱི་རིང་དུ་བྲིས་པའི་ཡི་གེ་ཤ་སྟག་གིས་གྲུབ་པའི་མཆོད་རྟེན་ཞིག་གི་དབྱིབས་ཅན་གྱི་རི་མོ་ཞིག་འདུག དེ་ནི་མདོ་སྡེ་པདྨ་དཀར་པོ་ཚར་གྲངས་བརྒྱད་ཅུས་བྲིས་པའི་མཆོད་རྟེན་རེད་ཅེས་ཟེར།ད་དུང་རང་རེའི་ཀརྨ་པའི་ཞྭ་ནག་ལྟ་བུ་གྱོན་པའི་ཧྭ་ཤང་གི་རི་མོ་མང་པོ་འདུགཀརྨ་པའི་ཞྭ་ནག་དེ་རྒྱ་ནག་ནས་བྱུང་བ་རེད་ཅེས་བྱ་བའི་སྐད་ཆ་དེ་བདེན་ཤས་ཆེ།རྒྱའི་དགོན་པ་གཞན་དུའང་རྒྱ་ནག་གི་བཟོ་ལུགས་ཀྱི་ས་ཡི་སྙིང་པོའི་སྐུ་བརྙན་འགའ་རེས་ཀྱང་དེ་འདྲའི་ཞྭ་ཞིག་མནབས་པ་དང་།ཐང་གུར་བླ་མའི་སྐུ་ཐང་དག་ལའང་དེ་ལྟའི་ཞྭ་ཞིག་བསྐོན་འདུག་པ་མང་པོ་མཐོང་མྱོང་།གང་ལྟར་གདུང་མེད་ལྷ་ཁང་བྱ་བ་དེ་འཕྲུལ་འཁོར་སོགས་ཀྱི་རམ་འདེགས་གཅིག་ཀྱང་མེད་པར་མིའི་ལག་རྩལ་ཁོ་ནས་འདི་འདྲའི་བཟོ་བཀོད་ལེགས་པའི་ལྷ་ཁང་རེ་བཞེངས་ཐུབ་པར་ངོ་མཚར།

   དགོན་པ་འདིའི་རྒྱབ་ཕྱོགས་སུ་ཟངས་མ་ཤ་སྟག་གིས་གྲུབ་པའི་ཟངས་མའི་ལྷ་ཁང(铜殿)བྱ་བ་ཞིག་འདུགདེའང་མིང་རྒྱལ་རབས་ཀྱི་རྒྱལ་པོ་མིང་ཧྲིན་ཙོང་གི་མ་ཡུམ་ལིས་ཞི་ཏྲི(李兮淽༡༥༤༦~༡༦༡༤)ཡི་དབུ་བླ་ཧྭ་ཤང་མོའུ་ཧྥེང་གིས་ཞིང་ཆེན་བཅུ་གསུམ་ལྷག་ལ་བསོད་སྙོམས་བསླངས་ནས།རབ་བྱུང་བཅུ་པའི་ས་མོ་བྱ་སྟེ་ཕྱི་ལོ༡༦༠༩ལོར་རྒྱ་ནག་ཏུ་ཟངས་མའི་ལྷ་ཁང་གསུམ་བཞེངས་མྱོང་བའི་ནང་གི་གཅིག་སྟེ།གཞན་གཉིས་ནི།གཅིག་གླང་ཆེན་འགྱིང་རིར་ཡོད་ལ།གཅིག་ནི་ནན་ཅེན་པོའོ་ཧྭ་རི་བོར(南京宝华山)ཡོད།ལྷ་ཁང་དེ་ནི་ཕྱི་ནས་བལྟས་ན་ཉིས་བརྩེགས་ཀྱི་རྣམ་པ་ཅན་ཞིག་ཡིན་གྱི།ནང་དུ་འཛུལ་ན་བརྩེགས་གཅིག་ལས་མེད་ལ།མི་བཅུ་གྲངས་ཡས་མས་ཤིག་ལས་མི་ཤོང་བའི་ཚོད་ཅིག་རེད།ཀ་ལྕམ་སོགས་ཀྱང་ཟངས་མ་ཁོ་ནས་བྱས་འདུགཟངས་རྒྱ་མ་ཁྲི་བཅུ་ལྷག་ཅིག་གིས་བཞེངས་པར་སྐད།དབུས་ཀྱི་གཙོ་སྐུ་ནི་འཇམ་དབྱངས་དམར་སེར་ཞིག་རེད།ལྡེབས་ངོས་སུ་སངས་རྒྱས་སྟོང་སྐུ་འབུར་ཚུགས་སུ་མངོན་ལ།རང་བྱུང་ཞིག་མིན་ནམ་སྙམ་པ་བྱུང་།

ཟངས་མའི་ལྷ་ཁང་གི་མདུན་ཐང་དུ་རྣམ་པ་མི་འདྲ་བའི་མཆོད་རྟེན་ལྔ་བཞུགས།དེ་དག་ནི་ཤར་མཉམ་ཉིད་ཡེ་ཤེས།ལྷོ་སོར་རྟོག་ཡེ་ཤེས། ནུབ་བྱ་གྲུབ་ཡེ་ཤེས། བྱང་ཆོས་དབྱིངས་ཡེ་ཤེས། དབུས་མེ་ལོང་ཡེ་ཤེས་ཏེ་ཡེ་ཤེས་ལྔ་མཚོན་བྱེད་ཀྱི་མཆོད་རྟེན་ཡིན་པར་གྲགས།འདི་དག་ལས་ནུབ་བྱང་གཉིས་ཀྱི་མཆོད་རྟེན་དེ་གནའ་བོའི་མཆོད་རྟེན་ཡིན་ལ།གཞན་གསུམ་གསར་བཞེངས་རེད་ཅེས་ཟེར།མཆོད་རྟེན་དེ་དག་ཀྱང་ཟངས་ཀྱིས་གྲུབ་པ་ཁོ་ནར་འདུག

   དགོན་པ་འདིའི་མདུན་ལོགས་ཤིག་ན་མུན་སེལ་ཅོང(幽冥钟)ཟེར་བའི་ཅོང་ཆེན་ཞིག་འདུགཅོང་འདིའི་ལྗིད་ཚད་ལ་རྒྱ་མ་ཁྲི་ཕྲག་གཅིག་ལ་སྲང་ལྔས་མི་འདང་བར་བཤད།ཅོང་འདིའི་སྟེང་གི་ཡི་གེ་དེ་བཟང་སྤྱོད་ཡིན་རབས་ཤིག་དང་།རྡོར་གཅོད་ཡིན་རབས་ཏེ་བཤད་སྲོལ་གཉིས་འདུག རབ་རིབ་ཅིག་ལས་མི་གསལ་བས་གང་ཡིན་མ་ངེས།

   གདུང་མེད་ལྷ་ཁང་གི་མདུན་ཕྱོགས་ཙམ་ན་འཇམ་དབྱངས་ལྷ་ཁང(文殊殿)འདུགལྷ་ཁང་དེ་ནི་གདོད་མ་ནས་ཡོད་ཀྱང་།ཆེན་རྒྱལ་རབས་ཀྱི་གོང་མ་ཆན་ལུང(乾隆༡༧༡༡~༡༧༩༩)གི་ཁྲི་ལོ་བཅུ་གཅིག་པ་རབ་བྱུང་བཅུ་གཉིས་པའི་མེ་ཕོ་སྟག་སྟེ་ཕྱི་ལོ༡༧༤༦ལོར་བསྐྱར་དུ་བཞེངས་པར་གྲགས།དེའི་ནང་དུ་འཇམ་དབྱངས་རིགས་ལྔ་སོགས་ཀྱི་སྐུ་བརྙན་རྔམ་བརྗིད་དང་ལྡན་པ་མང་པོ་བཞུགས།

   འཇམ་དབྱངས་ལྷ་ཁང་གི་མདུན་ན་ཁང་བཟང་ཆུང་ངུ་ཞིག་གི་ནང་དུ་རྡོ་རིང་ནག་དང་ངེ་བ་ཞིག་འདུགདེ་ནི་ཆིན་རྒྱལ་རབས(秦朝)ཀྱི་གོང་མ་ཆིན་ཧྲི་ཧོང(秦始皇ཕྱི་ལོ་སྔོན་གྱི་ལོ༢༥༩~༢༡༠)གིས་བཙུགས་པའི་ཧྲན་ཏུང་ཐེའེ་ཧྲན(山东泰山)གྱི་རྡོ་རིང་དང་། ཐང་རྒྱལ་རབས་ཀྱི་རྒྱལ་མོ་ཝོའུ་ཙེ་ཐེན(武则天༦༢༤~༧༠༥)གྱིས་བཙུགས་པའི་ཧྲན་ཞིའི(陕西)རྡོ་རིང་དང་། ཆེན་རྒྱལ་རབས་ཀྱི་གནམ་བསྐོས་གོང་མ་ཁང་ཞིས་བཙུགས་པའི་རི་བོ་རྩེ་ལྔའི་རྡོ་རིང་སྟེ། རྒྱ་ནག་གི་ལོ་རྒྱུས་སྟེང་ཡི་གེ་མེད་པའི་རྡོ་རིང་གསུམ་གྱི་གྲས། གོང་མ་ཁང་ཞིས་བཙུགས་པ་དེ་རེད་འདུག རྡོ་རིང་འདིའི་མིང་ལ་ཡིག་མེད་རྡོ་རིང(无字碑)ཞེས་བྱའོ། །རྡོ་རིང་ད་རུང་ཡང་རེ་འགའ་འདུག

   དགོན་པ་འདིའི་འདུ་ཁང་ཆེན་མོ་ནི། ཆེན་རྒྱལ་རབས་ཀྱི་གོང་མ་ཀོང་ཞིའི་ཏིའི(光绪帝༡༨༧༡~༡༩༠༨)ཁྲི་ལོ་ཉེར་ལྔའམ་རབ་བྱུང་བཅོ་ལྔ་པའི་ས་མོ་ཕག་སྟེ་ཕྱི་ལོ༡༨༩༩ལོར་བསྐྱར་བཞེངས་བྱས་པ་ཞིག་རེད།ནང་རྟེན་དུ་གཙོ་སྐུར་དབུས་སུ་ཤཱཀྱ་ཐུབ་པ།གཡས་སུ་འོད་དཔག་མེད། གཡོན་དུ་སྨན་གྱི་བླ་རྣམས་བཞུགས། རྒྱབ་ཕྱོགས་སུ་སྤྱན་རས་གཟིགས་དང་། འཇམ་པའི་དབྱངས། ཀུན་ཏུ་བཟང་པོ་སོགས་བཞུགས། གཡས་གཡོན་གྱི་ལྡེབས་ངོས་སུ་གནས་བརྟན་བཅུ་དྲུག་གི་སྐུ་བརྙན་བཞུགས།

   དགོན་པ་འདི་ནི་རི་བོ་རྩེ་ལྔའི་དགོན་པ་དག་གི་མཆོག་གམ་ཆེ་ཤོས་ཏེ་ཡིན་པར་མ་ཟད།རྒྱ་ནག་གི་དགོན་པ་དག་གི་ནང་ནས་ཀྱང་ཆེ་གྲས་སུ་བརྩི་བ་ཞིག་རེད།སྔོན་ཆད་དགོན་པ་འདི་དང་ནོར་བུ་ཆེན་པོའི་གླིང་གཉིས་དགོན་པ་གཅིག་ཡིན་མོད།རྗེས་སུ་མིང་རྒྱལ་རབས་ཀྱི་རྒྱལ་ཐོག་གསུམ་པ་མིང་ཁྲིན་ཙོའི་ཁྲི་ལོ་ལྔ་པའམ་རབ་བྱུང་བདུན་པའི་མེ་མོ་ཕག་སྟེ་ཕྱི་ལོ༡༤༠༧ལོར་དགོན་པ་གཉིས་སུ་ཕྱེ་བར་ལོ་རྒྱུས་སུ་གསལ།ད་དུང་དགོན་པ་དེ་རུ་ལྷ་ཁང་མང་པོ་བཞུགས་ཤིང་མཇལ་ལ།དཔེ་མཛོད་ཁང་ཞིག་ཀྱང་འདུག་མོད། དེའི་ཉིན་པར་སྒོ་ཕྱེ་མེད་པས་མཇལ་སྐལ་མ་བྱུང་།དགོན་པ་འདིའི་ནང་དུ་སྔོན་ཆད་ང་རང་ཧྲན་ཞིའི་ཆོས་སྒོ་དགོན(陕西法门寺)ན་ཡོད་དུས་ཀྱི་ཆོས་གྲོགས་ཤིག་བཞུགས་པས་ཁོང་གིས་ལྷ་ཁྲིད་དང་སྣེ་ལེན་གཟབ་རྒྱས་གནང་བས་ཡིད་ཚིམས་པ་ཞིག་མཇལ་ཐུབ་བོ། །

བདུན་པ། ཀུན་ཁྱབ་གླིང་ལ་མཇལ་བ།

   མངོན་གསལ་གླིང་གི་གཡས་ཕྱོགས་ས་ནས་ཡར་རི་ལ་འགོ་ན་ཕལ་ཆེར་ལེ་དབར་གཅིག་ཡོད་མེད་ཙམ་གྱི་རི་སྡིངས་དེ་ན་གློ་སྒོ་ཆུང་ཆུང་ཞིག་འདུག དེའི་ནང་དུ་འཛུལ་ན་ཀུན་ཁྱབ་གླིང(广宗寺)ཞེས་པའི་དགོན་པ་དེར་འབྱོར།དགོན་པ་དེ་ནི་མིང་རྒྱལ་རབས་ཀྱི་རྒྱལ་ཐོག་བཅུ་པ་མིང་ཝོའུ་ཙོང་ཀྲུའུ་ཧོའི་ཏྲོའོ(༡༤༩༡~༡༥༢༡)ཡི་ཁྲི་ལོ་གཉིས་པ(明武宗朱厚照正德二年)རབ་བྱུང་དགུ་པའི་མེ་མོ་ཡོས་ཏེ་ཕྱི་ལོ༡༥༠༧ཙམ་ན་བཞེངས་པར་གྲགས།ཆེན་རྒྱལ་རབས་ཀྱི་སྐབས་སུའང་བསྐྱར་བཞེངས་ཡང་ཡང་བྱས་སོ། །

    འདུ་ཁང་གི་ནང་རྟེན་དུ།དབུས་སུ་སྟོན་པ་བཅོམ་ལྡན་འདས་དང་།འཇམ་པའི་དབྱངས།ཀུན་ཏུ་བཟང་པོ་གསུམ་གྱི་སྐུ་བཞུགས།སྐུ་དེ་གསུམ་ནི་དགོན་པ་དེ་བཙུགས་པ་ནས་བཞེངས་པའི་རྟེན་རྙིང་ཁོ་ན་ཡིན་པར་བཤད།རྒྱ་ནག་གིས་སྟོན་པའི་སྐུ་བརྙན་དག་དཔྲལ་ཞེང་ཆེ་བ་ཞིག་བཟོ་དོན་ནི་བསོད་ནམས་ཆེ་བའི་རྟགས་མཚན་དུ་བཤད་པས།ཐང་བྲིས་དང་འབག་བཟོ་གང་ཡིན་ཡང་དཔྲལ་ཞེང་ལེབ་ཅི་ནུས་བྱེད་པ་དེ་རྒྱ་ནག་གི་བཟོ་རྒྱུན་ཡང་དག་པར་བརྩི།རང་རེ་བོད་ཀྱི་སྟོན་པའི་སྐུ་བརྙན་དག་དང་ཁྱོན་ནས་མི་འདྲ་བར་ཅུང་ཙམ་ཞེད་སྣང་སྟེར་ནུས་པ་འདྲ་ཞིག་འདུགའདུ་ཁང་འདིའི་ནང་གི་སྟོན་པའི་སྐུ་བརྙན་ཡང་དེ་བཞིན་ཡིན་ལ།རྒྱའི་དགོན་པ་དག་གི་སྟོན་པའི་སྐུ་བརྙན་ཡང་ཕལ་ཆེར་དེ་ག་རང་དུ་འདུགདེ་དག་གི་མདུན་ན་འོད་དཔག་མེད་དང་།སྤྱན་རས་གཟིགས། མཐུ་ཆེན་ཐོབ་གསུམ་གྱི་སྐུ་འདྲ་ཡང་བཞུགས།གཡས་གཡོན་གྱི་ལྡེབས་ངོས་སུ་གནས་བརྟན་བཅུ་དྲུག་སོགས་བཞུགས།རྒྱབ་ཕྱོགས་སུ་སྨན་བླ།འོད་དཔག་མེད།ཐུགས་རྗེ་ཆེན་པོ་གསུམ་གྱི་སྐུ་བཞུགས།ད་རུང་ལྷ་ཁང་དེའི་ནང་དུ་རྗེ་ཡབ་སྲས་གསུམ་གྱི་འབག་སྐུ་བོད་རང་གི་བཟོ་ལུགས་ཇི་བཞིན་བྱས་པ་ཞིག་བཞུགས།གོམས་འདྲིས་སུ་གྱུར་པས་ཡིན་ཤས་ཆེ་སྟེ་རྒྱ་ནག་གི་བཟོ་ལུགས་ཀྱི་ལྷ་སྐུ་མང་པོ་ཞིག་གི་གསེང་དུ་རང་རེའི་བོད་ཀྱི་བཟོ་ལུགས་ལྟར་གྱི་སྐུ་རེ་མཇལ་ཚེ་ལྷག་ཏུ་དགའ་སྣང་རེ་ཐོན་གྱིན་འདུགའདུ་ཁང་འདི་ནི་དགོན་པ་འདིའི་ལྷ་ཁང་གཙོ་བོ་དེ་ཡིན་ལ།འདིའི་ཐོག་ཕིབས་ཀྱང་ཟངས་མ་ཁོ་ནས་འགེབས་པར་བཤད་ཅིང་།ཟངས་ཕིབས་ཅན་གྱི་ལྷ་ཁང(铜瓦殿)ཞེས་ཀྱང་འབོད་དོ། །

   དེའི་ལྟག་གི་གཡོན་ཕྱོགས་ཙ་ན་དཔེ་མཛོད་ཁང་ཞིག་འདུགདེའི་ནང་ནའང་སྟོན་པ་བཅོམ་ལྡན་འདས་དང་ཉེ་བའི་སྲས་ཆེན་བརྒྱད་སོགས་བོད་ཀྱི་བཟོ་ལུགས་ལྟར་བཞེངས་པའི་སྐུ་མང་པོ་བཞུགས། རྒྱ་བོད་ཀྱི་བཀའ་བསྟན་སོགས་གླེགས་བམ་ཡང་གྲངས་ཀྱིས་མི་ཟིན་པ་བཞུགས། 

   དགོན་པ་དེའི་བྱང་ཤར་གྱི་མཚམས་ཤིག་ཏུ།《བྱེ་བྲག་བཤད་མཛོད་ཆེན་མོ》དང《ཡེ་ཤེས་ལ་འཇུག་པ》སོགས་ཚུར་བོད་ཡིག་ཏུ་བསྒྱུར་བ་དང་། རྗེ་རིན་པོ་ཆེའི《ལམ་རིམ》དང《སྔགས་རིམ》། 《དྲང་ངེས་ལེགས་བཤད》རྣམས་དང་།མཁས་དབང་དགེ་ཆོས་ཀྱི《དེབ་དཀར》སོགས་ཕར་རྒྱ་ཡིག་ཏུ་བསྒྱུར་བའི་ལོ་ཙཱ་བ་ཆེན་པོ་ཆོས་འཕགས(法尊法师༡༩༠༢~༡༩༨༠)མཆོག་གི་སྐུ་གདུང་མཆོད་རྟེན་བཞུགས། དགོན་པ་འདི་ནི་ལོ་ཙཱ་བ་ཁོང་གི་རབ་བྱུང་བསྒྲུབ་གནས་ཡིན་ལ། སྐུ་འདའ་ཁར་ཁོང་གི་སྐུ་གདུང་དགོན་པ་འདི་རུ་འཇོག་དགོས་ཞེས་ཞལ་ཆེམས་མཛད། མཆོད་རྟེན་གྱི་རྒྱབ་ཕྱོགས་ན་ལོ་ཙཱ་བ་ཁོང་གི་དྲན་རྟེན་ལྷ་ཁང་ཞིག་ཀྱང་བོད་ཀྱི་ལྷ་ཁང་ལྟར་བཞེངས་འདུག ཁོང་ནི་རྒྱ་བོད་ཀྱི་སྐད་ཡིག་ལ་བྱང་ཆུབ་པ་ཞིག་ཡིན་ལ། རང་རེར་སྐུ་དྲིན་ཆེ་བའི་རྒྱ་ནག་གི་ལོ་ཙཱ་བ་གཅིག་པུ་དེ་ཡིན་ཞེས་བཤད་ཆོག

   འདུ་ཁང་ཆེན་མོའི་མདུན་ཐང་དུ་ཆེན་རྒྱལ་རབས་ཀྱི་སྐབས་སུ་བཙུགས་པའི་རྡོ་རིང་གཉིས་འདུགསྟེང་དུ་དགོན་པ་འདིའི་ལོ་རྒྱུས་བསྡུས་ཙམ་པ་རེ་བརྐོས་འདུགདཀོན་གཉེར་བས་ང་ཚོ་བོད་ཡིན་པ་ཤེས་ཏེ་ཟུར་དུ་བཅར་ནས།དགོན་པ་འདི་ནི་སྔོན་འགྲོ་མགོན་འཕགས་པ་བཞུགས་མྱོང་བའི་རི་བོ་རྩེ་ལྔའི་དགོན་པ་གཅིག་པུ་དེ་ཡིན་ལ། བོད་ལ་བཀའ་དྲིན་ཆེ་བའི་ལོ་ཙཱ་བ་ཆོས་འཕགས་ཀྱི་གདན་སའང་ཡིན།དེང་སང་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཞིག་ཏུ་གྱུར་ཡོད་རབས་སོགས་མང་པོ་ཞིག་བཤད་སོང་།འོན་ཀྱང་།ཁོང་གིས་ཁ་ནང་ན་ཅི་ཡོང་རང་དགར་དུ་སྨྲས་པ་ལས།དགོན་པ་འདི་ནི་མིང་རྒྱལ་རབས་ཀྱི་སྐབས་རབ་བྱུང་དགུ་པའི་མེ་མོ་ཡོས་ཏེ་ཕྱི་ལོ༡༥༠༧ལོར་བཞེངས་པ་ཡིན་ལ།འགྲོ་མགོན་འཕགས་པ་ནི་རབ་བྱུང་བཞི་བའི་མེ་མོ་སྦྲུལ་ཏེ་ཕྱི་ལོ༡༢༥༧ལོར་རི་བོ་རྩེ་ལྔར་ཕེབས་པ་ཡིན་པས། འགྲོ་མགོན་འཕགས་པའི་སྐབས་སུ་དགོན་པ་འདིའི་མིང་ཡང་མེད་པའི་ཚོད་ཅིག་གོ།ད་དུང་དགོན་པ་འདི་ནི་ཡོངས་གྲགས་སུ་རི་བོ་རྩེ་ལྔའི་རྒྱ་ནག་གི་དགོན་པ་དག་གི་གྲས་སུ་བརྩི་བ་ལས།བོད་དགོན་དུ་བརྩི་སྲོལ་གནས་བཤད་སོགས་སུ་མི་གསལ་བས་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཡིན་ལུགས་ཤིག་མེད་པར་སྙམ།གང་ལྟར་དཀོན་གཉེར་བ་དེས་བཤད་པ་ཚོད་ལ་མ་ཐུག་ཀྱང་རུང་།ཁོང་གིས་མ་བསྐུལ་དང་བླང་ངང་གནས་བཤད་བྱེད་པར་བཀའ་དྲིན་ཞུས་ཡོད།

བརྒྱད་པ། བྱང་ཆུབ་སེམས་དཔའི་སྤོ་ལ་མཇལ་བ།

   བྱང་ཆུབ་སེམས་དཔའི་སྤོ(菩萨顶)ནི། ཀླད་ཀྱི་སྤྱི་བཤད་ནང་དུ་སོང་ཟིན་པ་ལྟར་སྔོན་ཧན་ཤར་མའི་ཧན་མེང་ཏིས་ཁྲི་ལོ་བདུན་པའི་སྐབས་དགྲ་བཅོམ་པ་མ་ཏང་ཀི་པའི་བཀའ་ལྟར་བཞེངས་པའི་དད་ཐོབ་བྱ་རྒོད་ཕུང་པོའི་ལྷ་ཁང་བྱ་བ་དེ་རེད། ཕྱིས་སུ་ཝེ་བྱང་མའི(北魏)རྒྱལ་རབས་བདུན་པ་ཞོའོ་ཝིན་ཏིས་ཐོ་བྷ་ཧོང(孝文帝拓跋宏༤༦༧~༤༩༩)གིས་རྒྱལ་ཐོབ་བཟུང་བའི་སྐབས་ཤིག་ཏུ་དགོན་སྡེ་རུ་བསྒྱུར་ཅིང་། དགོན་མིང་ཡང་འཇམ་དབྱངས་ཆེན་པོའི་གླིང(大文殊院)ཞེས་བཏགས། དེ་ནས་ཐང་རྒྱལ་རབས་ཀྱི་རྒྱལ་ཐོག་གཉིས་པ་ཐང་ཐེའེ་ཙོང་ལིའུ་ཧྲི་མེན(༥༩༨~༦༤༩)གྱི་ཁྲི་ལོ་ལྔ་པའམ(唐太宗李世民贞观五年)ལྕགས་མོ་ཡོས་ཏེ་ཕྱི་ལོ༦༣༡ལོར་བསྐྱར་དུ་བཞེངས་ཤིང་། དགོན་མིང་ལ་ཞལ་དངོས་གླིང(真容院)ཞེས་འབོད། དགོན་མིང་དེར་ལྷ་བཟོ་བས་གསོལ་བ་བཏབ་པ་ཇི་བཞིན་འཇམ་པའི་དབྱངས་ཀྱི་ཞལ་དངོས་སུ་གཟིགས་པས་ཐོགས་ཞེས་ཟེར། དེ་བཞིན་སུང་ལྷོ་བྱང་གཉིས་ཀྱི་སྐབས་སུའང་ཞིག་གསོ་ཡང་ཡང་བྱས་ཤིང་། རབ་བྱུང་བདུན་པའི་ནང་མིང་རྒྱལ་རབས་ཀྱི་རྒྱལ་ཐོག་གསུམ་པ་མིང་ཁྲིན་ཙོའུ་ཡི་སྐབས་སུ་རྒྱ་ཇེ་ཆེར་བཏང་ཞིང་། དེའི་ཡར་སྔོན་དུ་རྒྱ་ནག་གི་ནང་པའི་གྲུབ་མཐའ་ཆེན་པོ་བརྒྱད་ཀྱི་ཡ་གྱལ་བསམ་གཏན་པས(禅宗)བསམ་གཏན་ལ་བཞུགས་གནས་ཆེན་པོ་ལྔ་ཡོད་པའི་ནང་གི་གཅིག་ལ་དགོན་པ་འདི་བརྩི་སྲོལ་འདུག་མོད། མིང་རྒྱལ་རབས་ཀྱི་སྐབས་ནས་བོད་དང་ཧོར་ཡུལ་ནས་བླ་མ་མང་པོ་གདན་དྲངས་ཤིང་། བླ་མའི་དགོན་པའམ(喇嘛庙)ཞྭ་སེར་དགོན(黄庙)ཞེས་དོན་དུ་རི་བོ་དགེ་ལྡན་པའི་དགོན་པར་བསྒྱུར་ལ། དགོན་མིང་ལའང་འཇམ་དབྱངས་ཆེན་པོའི་དགོན་པ(大文殊寺)ཞེས་བཏགས།

   དེ་རྗེས་ཆེན་རྒྱལ་རབས་ཀྱི་རྒྱལ་ཐོག་གསུམ་པ་ཧྲིན་ཏྲིའི(༡༦༣༨~༡༦༦༡)ཁྲི་ལོ་བཅུ་དྲུག་པའམ(顺治十六年)རབ་བྱུང་བཅུ་གཅིག་པའི་ས་མོ་ཕག་སྟེ་ཕྱི་ལོ༡༦༥༩ལོར་ཇ་སག་བླ་མ་ཁྲི་ཐོག་དང་པོ་ངག་དབང་བློ་བཟང་གདན་དྲངས་ཏེ་དགོན་པ་དེའི་ཁྲིར་འཁོད་ཅིང་བོད་ཀྱི་དགོན་སྡེ་རུ་བསྒྱུར་ཅིང་།དགོན་མིང་ཡང་མན་ཇིའི་སྐད་དུ་བྱང་ཆུབ་སྤོ་ཞེས་བཏགས། རྒྱལ་པོ་དེས་སྔོན་གྱི་ལྷ་ཁང་རྣམས་ཞིག་གསོ་དང་གསར་བཞེངས་མང་དུ་མཛད། ཕྱིས་སུ་གོང་མ་ཁང་ཞིའི་ཁྲི་ལོ་ཉེར་གཉིས་སམ་རབ་བྱུང་བཅུ་གཅིག་པའི་ཆུ་མོ་ཕག་སྟེ་ཕྱི་ལོ༡༦༨༣ཙ་ན་གོང་མ་རང་གིས་དགོན་པ་འདི་བདག་སྐྱོང་མཛད་དེ། གོང་མའི་ཕོ་བྲང་དང་ལྷ་ཁང་སོགས་བཞེངས་ཏེ་རྒྱ་ཆེ་རུ་བཏང་། ལྷ་ཁང་དག་གི་རྒྱ་ཕིབས་ཀྱང་རྒྱལ་པོ་རང་གི་ཕོ་བྲང་ལྟར་ཁ་དོག་སེར་པོར་བསྒྱུར། དེ་སྔོན་ལྷ་ཁང་དག་གི་ཕིབས་སྔོན་པོ་དང་ལྗང་ཁུ་སོགས་བྱས་པ་ལས་སེར་པོ་བྱས་པའི་སྲོལ་མེད། རྒྱ་ནག་གི་བཤད་སྲོལ་ལ་སེར་པོ་ནི་རྒྱལ་པོའི་ཁ་དོག་དང་། དམར་པོ་ནི་བློན་པོའི་ཁ་དོག་ཡིན་པས། ཁ་དོག་དེ་གཉིས་ཀྱི་ཕིབས་ཅན་གཞན་ལ་བཀོལ་དབང་མེད་པར་གྲགས། འོན་ཀྱང་། རྒྱལ་པོ་འདི་ནི་ཆོས་དད་ཆེ་ཞིང་ལྷག་ཏུ་བོད་བརྒྱུད་ནང་བསྟན་ལ་དད་པས། བོད་ཀྱི་ལྷ་ཁང་གི་གསེར་ཕིབས་ལྟར་དགོན་པ་དེའི་ལྷ་ཁང་འགའི་ཕིབས་ཀྱང་ཁ་དོག་སེར་པོར་བསྒྱུར་བར་གྲགས། ཁང་ཞིའི་ཁྲི་ལོ་ཞེ་བཞི་པའམ་རབ་བྱུང་བཅུ་གཉིས་པའི་ཤིང་མོ་བྱ་སྟེ་ཕྱི་ལོ༡༧༠༥ལོར་ཆེན་སྲིད་གཞུང་གིས་དགོན་པ་འདི་བོད་བརྒྱུད་ནང་བསྟན་གྱི་རི་བོ་དགེ་ལྡན་པའི་གྲུབ་མཐར་བསྒྱུར་རོ།། དེ་ཕྱིས་གནམ་བསྐོས་གོང་མ་ཡོང་ཏྲིན(雍正༡༦༧༨~༡༧༣༥)དང་ཆན་ལུང་གཉིས་ཀྱི་སྐབས་ཀྱང་དགོན་པ་འདི་སྲིད་གཞུང་གིས་བདག་སྐྱོང་བྱས་ཏེ། རི་བོ་རྩེ་ལྔའི་དགོན་པ་ཡོངས་ཀྱི་ལུགས་གཉིས་ཀྱི་བྱེད་སྒོ་ཡོད་ཚད་ཀྱི་དབང་ཆ་གཙོ་བོ་དགོན་པ་འདིས་མཛད་པར་གྲགས། རྒྱ་ནག་གི་ལོ་རྒྱུས་སྨྲ་བ་དག་གིས་འདི་སྐད་དེ། ཆེན་སྲིད་གཞུང་གིས་རྒྱ་ནག་གི་དགོན་པ་ཡོངས་ལས་དགོན་པ་འདི་ལ་ལྷག་ཏུ་བསྙེན་བཀུར་མཛད་པའི་དོན་ནི། གོང་མ་ཁོ་ཅག་འཇམ་པའི་དབྱངས་ཀྱི་སྤྲུལ་བ་ཡིན་པར་དགོངས་ཤིང་། དགོན་པ་འདི་ནི་འཇམ་པའི་དབྱངས་ཀྱི་སྤྲུལ་བའི་གནས་མཆོག་ཡིན་པས་དེ་ལྟའི་ཚད་མེད་པའི་བདག་སྐྱོང་གནང་བ་རེད་ཅེས་བཤད་དོ། །

   དགོན་པ་འདིའི་སྒོ་ཆེན་འགྲམ་དུ་རྡོའི་སེངྒེ་གཉིས་འདུག རྡོ་སེང་གཅིག་པོའི་མིང་ལ་རྡོ་སེང་ལྕེ་མེད(无舌石狮)ཅེས་འབོད། རྡོ་སེང་དེས་སྔོན་ཆད་མངོན་གསལ་གླིང་གི་ཚོགས་ཐུག་ལྐོག་ཏུ་བཞེས་པས། ཇ་མས་ཚོགས་སླང་ནང་དུ་གྲི་ཞིག་གཡུགས་ནས་རྡོ་སེང་དེས་ཐུག་པ་བཞེས་སྐབས་ལྕེ་བཅད་པ་སོགས་ཀྱི་ངོ་མཚར་བསྐྱེད་པའི་ཧར་གྱི་གཏམ་རེ་བཤད་དུ་ཡོད་ཀྱང་འདིར་མ་སྤྲོས། དགོན་པ་དེ་ནི་རི་བོ་རྩེ་ལྔའི་དབུས་རིའི་ཕང་བར་འདུག་པས།ཡར་མར་དུ་རྡོ་སྐས་ཐེམ་པ་བརྒྱ་དང་བརྒྱད་ཅན་ཞིག་ལ་བགྲོད་དགོས་འདུགཡུལ་དེའི་མི་རྣམས་ཀྱི་བཤད་སྲོལ་ལ་ཐེམ་པ་བརྒྱ་རྩ་བརྒྱད་དེས་མིའི་ཁམས་ཀྱི་ཉོན་མོངས་བརྒྱ་རྩ་བརྒྱད་མཚོན་ལ། ཐེམ་པ་རེ་རེ་བརྫི་དུས་ཉོན་མོངས་རེ་རེའི་མགོ་མནན་སོང་བ་ཡིན་ཞེས་ཟེར། སྒོ་ཆེན་སྟེང་གི་སྒོ་བྱང་དུ“灵峰胜境”ཞེས་བྲིས་འདུག་ལ། དེ་ནི་གོང་མ་ཁང་ཞིའི་ཕྱག་བྲིས་དང་། གོང་མ་ཧྲིན་ཏྲིའི་ཕྱག་བྲིས་ཡིན་ཞེས་བཤད་སྲོལ་གཉིས་མཆིས།

   འདུ་ཁང་ཆེན་མོའི་ནང་རྟེན་གྱི་གཙོ་བོ་ནི་དུས་གསུམ་སངས་རྒྱས་དང་། རྗེ་བླ་མ་རྣམ་གསུམ་སོགས་བཞུགས། འདུ་ཁང་འདིའི་ཕྱིའི་དབྱིབས་ནི་སྒོ་ཐོག་ཏུ“大雄宝殿”ཞེས་པའི་སྒོ་བྱང་བཀལ་སྲོལ་སོགས་རྒྱ་ནག་རང་གི་འདུ་ཁང་ལྟར་བཞེངས་འདུག་ཅིང་། ནང་གི་རྟེན་གྱི་བཀོད་པ་དང་གྲྭ་པའི་བཞུགས་གདན་སོགས་ཕྱོགས་གང་ཅིའི་ཐད་ནས་རང་རེའི་དགེ་ལུགས་པའི་འདུ་ཁང་ཞིག་དང་གཉིས་སུ་མ་མཆིས། གདན་རིང་སྟེང་གི་ཟླ་གམ་འཇོག་ཚུལ་སོགས་ལ་བལྟས་ན་བྱང་གི་དགོན་ཆེན་ཞིག་ཏུ་མཇལ་གྱིན་པའི་སྣང་བ་འདྲ་སྐྱེས། འདུ་ཁང་འདི་གོང་མ་ཁང་ཞིས་བཞེངས་པར་གྲགས།

   འདུ་ཁང་འདིའི་ལྟག་རྒྱབ་ཅིག་ནས་ཡར་འཛུལ་ན་སླ་ང་ཆེན་པོ་བཞི་བཙུགས་འདུག སླ་ང་གཉིས་ཀྱི་ངོས་ཀྱི་རི་མོ་དང་དབྱིབས་སོགས་བོད་ཀྱི་སླ་ང་ཇི་བཞིན་དུ་འདུག་ལ། གཉིས་ནི་དབྱིབས་བོད་ཀྱི་སླ་ང་དང་འདྲ་ཡང་རི་མོ་གཅིག་ཀྱང་མི་འདུག སྒྱེད་པུའི་བཟོ་སྟངས་དང་སླ་ང་བཙུགས་ཚུལ་སོགས་རང་རེའི་དགོན་པ་དག་གི་ཇ་ཁང་དང་གཅིག་པ་འདུགབཤད་སྲོལ་ལ་སྔོན་ཆད་གྲྭ་ཆུང་ཞིག་གིས་སླ་ང་བཀྲུས་ཏེ་ཕྱིར་བཏོན་སྐབས་བཏོན་མ་ཐུབ་པར་སྐས་བཙུགས་ཏེ་བཏོན་དགོས་རབས་ཞེས་ཟེར་ཡང་། དེ་འདྲའི་ཆེན་པོ་ཞིག་མ་རེད་པས་ཅུང་ཙམ་བསྟོད་དྲགས་པ་མིན་ནམ་སྙམ། གང་ལྟར་སླ་ང་དེ་དག་ནི་སྔོན་ཆད་གོང་མ་ཧྲིན་ཏྲིའི་སྐབས་སུ་དགོན་པ་བོད་དགོན་དུ་བསྒྱུར་ཅིང་ཇ་སག་བླ་མ་ཁྲི་ལ་འཁོད་རྗེས་ཀྱི་སླ་ང་རྙིང་བ་དེ་ག་རང་རེད་ཟེར། ད་ལྟ་མཇལ་རྟེན་དུ་གྱུར་འདུག་ཅིང་ནང་དུ་ལྕགས་སྒོར་དང་ཤོག་སྒོར་སོགས་ཀྱང་མང་པོ་གཡུགས་འདུག

   འཇམ་དབྱངས་ལྷ་ཁང་དུ། དབུས་སུ་རིགས་གསུམ་མགོན་པོའི་སྐུ་བརྙན་དང་། ཕྱོགས་གཉི་གར་རྒྱ་བོད་ཀྱི་བཀའ་བསྟན་གླེགས་བམ་སོགས་བཞུགས། ལྷ་ཁང་གི་མདུན་ཐང་དུ་རྡོ་རིང་སྐྱ་སེང་ངེ་བ་གཉིས་འདུག དཀོན་གཉེར་བ་ལ་དྲིས་པ་ཡིན་ཡང་ཁོས་ཀྱང་མི་ཤེས་ཞེས་བཤད། ཕར་བལྟས་ན་རྡོ་རིང་དེ་གཉིས་གནའ་བོའི་རྡོ་རིང་ཞིག་མིན་ནམ་སྙམ་པ་བྱུང་། ཆབ་འགག་རྟ་མགྲིན་གྱིས་བཤད་པའི་རྒྱལ་པོས་མཛད་པའི་རི་བོ་རྩེ་ལྔའི་འཇམ་དབྱངས་ལྷ་ཁང་གི་རྡོ་རིང་བྱ་བ་དེ་ཕལ་ཆེར་ཨེ་མིན་འགྲོ།སྟེང་གི་ཡི་གེ་རྣམས་དག་ཀྱང་ཟད་དེ་གསལ་བོ་མི་འདུག ཅུང་ཙམ་གསལ་བ་དག་ནི་རྒྱ་ནག་གི་གནའ་བོའི་ཡི་གེ(繁体字)འབྲི་ལུགས་ལྟར་འདུགཡང་ལྷ་ཁང་དེའི་མདུན་ཐད་དུ་ཅུང་ཙམ་འགྲོ་ན་དེ་རུའང་རྡོ་རིང་གཉིས་འདུག རྡོ་རིང་དེ་གཉིས་ནི་མཐའ་རྩུབ་ཅིང་དཀྱིལ་འཇམ་ལ། ཕྱོགས་བཞིའི་བདག་ཉིད་ཅན་ཞིག་སྟེ། དཀྱིལ་གྱི་ཡི་གེའི་བྲི་གཞིའང་ཚོས་ནག་པོས་བྱུགས་ཏེ། ཕྱོགས་རེ་རེ་བྱས་ཏེ་རྒྱ་ཡིག་དང་།བོད་ཡིགསོག་ཡིགམན་ཡིག་སོགས་བྲིས་འདུག་ལ། ཞོལ་དུའང་གོང་མ་ཆན་ལུང་གིས་བྲིས་ཞེས་གསལ་ཞིང་། གོང་མ་ཆན་ལུང་རི་བོ་རྩེ་ལྔར་ཐེངས་དྲུག་མཇལ་དུ་ཕྱིན་པའི་ཕྱི་མའི་སྐབས་སུ་བཙུགས་ཞེས་གསལ།

   འཇམ་དབྱངས་མདའ་འཛིན་མའི་ལྷ་ཁང་དུ་འཇམ་དབྱངས་མདའ་འཛིན་མ(带箭文殊)དང་།འཕགས་པ་ཀུན་ཏུ་བཟང་པོ་སོགས་སྐུ་བརྙན་མང་པོ་བཞུགས། འཇམ་དབྱངས་མདའ་འཛིན་མ་ཞེས་པ་དེར་ཧྭ་ཤང་ཞིག་བུད་མེད་དང་མཉམ་དུ་ཆུ་རྩེད་བྱེད་པ་རྒྱལ་པོས་མཐོང་སྟེ་རྒྱལ་པོས་ཧྭ་ཤང་དེ་ལ་མདས་བསྣུན་ཅིང་། ཧྭ་ཤང་དེ་ནི་འཇམ་དབྱངས་ཀྱི་སྤྲུལ་བ་ཡིན་རབས་སོགས་གཏམ་རྒྱུད་མཚར་ལ་རིང་བ་འགའ་ཞིག་བཤད་དུ་ཡོད་ཀྱང་། ཤེས་འདོད་པ་ཚོས་གཞན་ནས་ཤེས་པར་གྱིས། འདིར་ཡིག་ཚོགས་ཀྱི་དབང་གིས་བསྐྱུང་བར་བྱ། སྔོན་ཆད་འཇམ་དབྱངས་ཀྱི་སྐུ་འདིའི་ཕྲག་གོང་དུ་མདས་བསྣུན་པ་དངོས་སུ་མཇལ་རྒྱུ་ཡོད་ཀྱང་། རབ་བྱུང་བཅོ་ལྔ་པའི་ས་ཕོ་སྤྲེལ་ཏེ་ཕྱི་ལོ༡༩༠༨ལོར་རྒྱལ་དབང་བཅུ་གསུམ་པ(༡༨༧༦~༡༩༣༣)ཆེན་པོ་མཇལ་དུ་ཕེབས་སྐབས།ཁོང་གིས་འཇམ་དབྱངས་ཀྱི་ཕྲག་ཏུ་ཟུག་པའི་མདའ་མཐོང་ནས་ཐུགས་ཀྱིས་མ་བཟོད་པར་ཕྱིར་བཏོན་རབས་འདུག ད་ལྟ་མདའ་དེ་འཇམ་དབྱངས་ཀྱི་སྐུའི་མདུན་གྱི་སྒམ་ཞིག་ཏུ་བཅུག་སྟེ་བཞག་འདུག ལྷ་ཁང་དེའི་ནང་དུ་རྒྱའི་གྲྭ་ཆས་མནབས་པའི་གྲྭ་པ་གཉིས་ཀྱིས་རྒྱ་ཡིག་གི་ཆོ་ག་ཞིག་འདོན་གྱིན་འདུག་མོད། འདོན་སྟངས་ནི་རྒྱ་ནག་གི་ཆོ་ག་སྒྲུབ་པ་ལྟར་ཡར་བཞེངས་ཏེ་འདོན་པ་སོགས་མ་ཡིན་ལ། གདན་དུ་བཞུགས་ཏེ་རྔ་དང་སྦུབ་ཆལ་སོགས་བརྡུངས་ནས་བོད་ཀྱི་ཆོག་སྒྲུབ་ཇི་བཞིན་བྱེད་ཀྱིན་འདུགཕྱི་ནས་ཉན་ན་བོད་ཀྱི་ཆོས་ཚོགས་ཤིག་འཚོགས་མེད་དམ་སྙམ་པ་འདྲ།

   དགོན་པ་འདིའི་ཆགས་གནས་ནི་རིའི་ཕང་བར་འདུག་པས། སྒོ་ཆེན་འགྲམ་གྱི་མཐའ་སྐྱོར་ཁ་ནས་བལྟས་ན། ཕལ་ཆེར་གནས་མཆོག་རི་བོ་རྩེ་ལྔའི་ཁོར་ཡུག་ཆ་ཚང་མཐོང་ཐུབ་པ་འདྲ་ལ། ནམ་ཟླ་དབྱར་དུས་ཤིག་ཡིན་ན་བསིལ་རླུང་འཇམ་པོའི་འོག་ཏུ་འདི་ནས་མར་བལྟས་ན་ཁོར་ཡུག་ཡོད་ཚད་ལག་མཐིལ་དུ་ལོན་འདུག་པ་འདྲ་བའི་ཉམས་དགའ་བ་ཞིག་ཡིན་པ་འདྲའང་། དགུན་གྱི་ཙག་རླུང་ངར་མའི་ཚན་ཁ་རྒོད་པས་དེ་འདྲའི་ཉམས་སྣང་མྱོང་མ་ཐུབ། གང་ལྟར། ཐུའུ་བཀན་བློ་བཟང་ཆོས་ཀྱི་ཉི་མས་བྱང་ཆུབ་སྤོ་ནས་ཐོལ་བྱུང་དུ་སྨྲས་པའི་མགུར་མ་དེའང་ཡིད་ལ་འཁོར། སྤྱིར་མཆོད་རྟེན་སུམ་འཛོམས་གླིང(三塔寺)སོགས་དགོན་པ་འགའ་རེར་ད་རུང་མཇལ་དུ་འགྲོ་བའི་འདུན་པ་ཡོད་ཀྱང་། ཙག་ངར་ཆེ་བ་དང་། དྲིན་ཕ་མ་གཉི་ག་ལོ་ན་མཐོ་བས་ཐང་ཆད་པ་སོགས་ལ་བརྟེན། འདི་ནས་བལྟས་ན་ཕྱིའི་རྣམ་པ་ཆ་ཚང་ཡག་པོ་ཞིག་མཇལ་ཐུབ་པས་སྨོན་ལམ་རེ་བཏབ་སྟེ་མཇལ་དུ་མ་སོང་།

   བྱང་ཆུབ་སེམས་དཔའི་སྤོ་ཞེས་པའི་དགོན་པ་འདི་ནི་གནས་མཆོག་རི་བོ་རྩེ་ལྔའི་ཉིང་བཅུད་ལྟ་བུ་རེད་ལ། ཆུ་ངོགས་གཏམ་རྒྱུད་ནང་གི་བཙུན་པ་ཏྲི་ཧྲིན(智深)ཆང་གིས་བཟི་སྟེ་རྒྱལ་ཆེན་གྱི་འབག་སྐུ་གཏོར་བའི་གནས་དེའང་འདི་ཡིན་འདུགབཙན་པོ་བསྟན་འཛིན་འཕྲིན་ལས་ཀྱིས་རི་བོ་རྩེ་ལྔར་ཧྥུ་ས་ཧེན་སོགས་དགེ་ལུགས་པའི་དགོན་ཁག་མང་པོ་ཡོད་ཅེས་གསུངས་པའི་ཧྥུ་ས་ཧེན་བྱ་བ་དེ་དགོན་པ་འདི་ཡིན་པ་འདྲ། དེ་མིན་ས་པཎ་ཁུ་དབོན་གསུམ་དང་། བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས། རིག་འཛིན་ཚངས་དབྱངས་རྒྱ་མཚོ་སོགས་སྐྱེས་ཆེན་དུ་མ་བཞུགས་མྱོང་བའི་དགོན་གནས་ཁྱད་པར་བ་ཞིག་ཀྱང་རེད། སྔོན་ཆད་དགོན་པ་འདིར་གྲྭ་གྲངས་བརྒྱ་ཕྲག་ལྔ་ལྷག་ཅིག་བཞུགས་རབས་བཤད་མོད། ད་ལྟ་ཅི་བཞུགས་མ་ཤེས་ཀྱང་། བོད་ཀྱི་གྲྭ་ཆས་གྱོན་པའི་རྒྱའི་བཙུན་པ་རེ་འགའ་རེ་མཐོང་རྒྱུ་འདུག ད་རུང་དགོན་པ་འདིའི་ནང་དུ་ལྷ་ཁང་མང་པོ་ཡོད་ཀྱང་རེ་རེ་བཞིན་ངོ་སྤྲོད་བྱེད་པའི་དགོས་པ་དེ་འདྲ་མ་མཐོང་བས་རེ་ཞིག་དེ་ལྟར་བྱའོ། །

དགུ་པ། ཐུབ་བསྟན་གསལ་བའི་གླིང་ལ་མཇལ་བ།

   ཐུབ་བསྟན་གསལ་བའི་གླིང(圆照寺)བྱ་བའི་དགོན་པ་དེ་ནི། མངོན་གསལ་གླིང་གི་མུན་སེལ་ཅོང་གི་ཡར་ཕྱོགས་ཙམ་དུ་ཆགས། དེ་ཡང་། སྔོན་མིང་རྒྱལ་རབས་ཀྱི་རྒྱལ་ཐོག་གསུམ་པ་མིང་ཁྲིན་ཙོའུ་སྐབས་སུ། རྒྱ་གར་གྱི་གྲུབ་ཆེན་ཤྲཱི་ཨ་ཤྲ་ཀ(印度高僧室利沙)རྒྱ་ནག་ཏུ་ཕེབས་ཏེ་ནང་ཆོས་དར་སྤེལ་བཏང་ཞིང་། རྒྱལ་པོ་འཁོར་བཅས་ལ་གསང་སྔགས་ཀྱི་ཆོས་མང་དུ་བསྩལ། རྒྱལ་པོས་གྲུབ་ཆེན་ཁོང་ཉིད་རི་བོ་རྩེ་ལྔར་གདན་དྲངས་ཤིང་གདན་སར་ཐུབ་བསྟན་གསལ་བའི་གླིང་ཞེས་པའི་དགོན་པ་འདི་བཞེངས་པར་གྲགས། གྲུབ་ཆེན་ཁོང་གི་སྐུ་གདུང་མཆོད་རྟེན་ཤྲཱི་ཨ་ཤྲ་ཀའི་གདུང་རྟེན(室利沙塔)བྱ་བ་ཡང་ད་ལྟ་གནས་དེར་མཇལ་རྒྱུ་ཡོད་པ་དེ་གའོ།། སྐུ་གདུང་མཆོད་རྟེན་འདིའང་ནོར་བུ་ཆེན་པོའི་མཆོད་རྟེན་དང་ཆེ་ཆུང་གི་ཁྱད་པར་ཙམ་ལས་དབྱིབས་འདྲ་ལ་རྒྱ་གར་གྱི་ལུགས་ལྟར་བཞེངས་འདུག

   དེ་རྗེས་རྒྱལ་པོ་དེའི་ཁྲི་ལོ་བཅུ་གཉིས་པ་རབ་བྱུང་བདུན་པའི་ཤིང་ཕོ་རྟ་སྟེ་ཕྱི་ལོ༡༤༡༤ལོར་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་མཆོག་རྒྱ་ནག་ཏུ་ཕེབས་ཏེ་ལོ་ངོ་ལྔ་ལྷག་ཅིག་ཟིན་མཚམས་སུ། རི་བོ་རྩེ་ལྔར་ཕེབས་ཏེ་ཐུབ་བསྟན་གསལ་བའི་གླིང་ཞེས་པའི་དགོན་པ་འདིར་དབྱར་ངོ་དུ་མར་བཞུགས་ཤིང་བསྟན་པ་རྒྱ་ཆེར་སྤེལ་བར་གྱུར།དགོན་པ་དེའི་དཔེ་མཛོད་ཁང་དུ་ཁོང་གི་སྐུ་བརྙན་ཡང་མཇལ་རྒྱུ་འདུགདགོན་པ་འདི་ནི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཡིན་རབས་འདུག་ལ། ད་ལྟའང་ཀུན་རིག་གི་ཆོ་ག་རྒྱ་ཡིག་ཏུ་བསྒྱུར་ཏེ་བོད་ལུགས་ཀྱི་ཆོག་སྒྲུབ་ཇི་བཞིན་སྒྲུབ་པའི་སྲོལ་ཡོད་ཅེས་ཟེར།བཤད་སྲོལ་ལ་དེ་གའི་གྲྭ་པ་དག་གི་ཆས་ཀྱང་བོད་ཀྱི་གྲྭ་ཆས་ལ་དཔེར་བླངས་ཏེ་བཟོས་པ་ཡིན་པས་བོད་ཀྱི་གྲྭ་ཆས་དང་ཅུང་ཟད་འདྲ་བ་ཞིག་མནབས་སྲོལ་ཡོད་པར་བཤད་མོད།རང་གིས་མཐོང་ཚོད་ཀྱི་དེ་གའི་གྲྭ་པ་དག་གི་ཆས་ནི་རྒྱ་ནག་གི་ཆས་ཇི་བཞིན་ལས་མ་འདས་སོ། །

   འདུ་ཁང་གི་ནང་རྟེན། དབུས་སུ་སྟོན་པ་བཅོམ་ལྡན་འདས། གཡས་སུ་མགོན་པོ་འོད་དཔག་མེད། གཡོན་དུ་སངས་རྒྱས་སྨན་གྱི་བླ་སོགས་བཞུགས་ལ། དེ་དག་གི་མདུན་ཙ་ན་རྗེ་བཙུན་འཇམ་པའི་དབྱངས་སོགས་བཞུགས། གཡས་གཡོན་གྱི་རྩིགས་ལྡེབས་སུ་རྒྱ་ནག་གི་འདུ་ཁང་ཀུན་གྱི་ལུགས་བཞིན་གནས་བརྟན་བཅུ་དྲུག་གི་སྐུ་བརྙན་བཞུགས། འདུ་ཁང་དེའི་རྒྱབ་ཏུའང་འཇམ་དཔལ་དབྱངས་དང་། སྤྱན་རས་གཟིགས། ཀུན་ཏུ་བཟང་པོ་སོགས་སྐུ་བརྙན་མང་པོ་བཞུགས། འདུ་ཁང་དེའི་རྒྱབ་ལོགས་སུ་ཡང་ལྷ་ཁང་ཆུང་ངུ་ཞིག་འདུག དེའི་ནང་དུ་སྟོན་པ་དང་། རྗེ་བླ་མ་རྣམ་གསུམ། ཀུན་རིག་རྣམ་པར་སྣང་མཛད། འོད་དཔག་མེད་སོགས་རྒྱ་ལུགས་བོད་ལུགས་གཉི་གའི་སྐུ་བརྙན་མང་པོ་མཇལ་རྒྱུ་འདུག འདུ་ཁང་གི་གཡོན་ཕྱོགས་ཙ་ན་ནོར་བུ་ཆེན་པོའི་མཆོད་རྟེན་གྱི་ལོ་རྒྱུས་བརྐོས་པའི་རྡོ་རིང་ཞིག་ཀྱང་འདུག

   ད་རུང་ཐོག་བརྩེགས་གཉིས་ཅན་གྱི་དཔེ་མཛོད་ཁང་ཞིག་ཀྱང་འདུགབརྩེགས་ཐོག་མའི་ནང་དུ་གནམ་བསྐོས་གོང་མ་ཆན་ལུང་གི་བཀའ་འགྱུར་ཚར་གསུམ་བཞུགས་ཞེས་ཟེར། ཚང་མ་ཀུན་དགའ་ར་བའི་ནང་དུ་བརྩིགས་འདུག་ཀྱང་འདབས་བྱང་སྟེང་གི་ཁ་ཡིག་དེར་གསེར་རིས་ཡིན་ཞེས་གསལ། གང་ལྟར་རྒྱ་ནག་གི་གནའི་གླེགས་བམ་ལྟར། གདོང་ཐམས་ཅད་རས་སྐུད་ཀྱིས་བཟོས་འདུག་པའི་དཔེ་ཆ་གྲངས་ཀྱིས་མི་ཆོད་པ་ཞིག་བརྩིགས་འདུག་པས།མཇལ་བ་དག་གི་ཡིད་ལ་དད་པའི་ནེམ་ཤ་ཅི་ལ་མི་འབབ་སྙམ་པ་ཞིག་བཞུགས། བརྩེགས་འོག་མའི་ནང་དུ། སྐུ་ཁང་ཞིག་གི་ནང་དུ་གོང་དུ་བཤད་པ་ལྟར་རང་རེའི་གདན་ས་གསུམ་གྱི་ནང་གི་སེ་ར་ཐེག་ཆེན་གླིང་ཕྱག་འདེབས་མཛད་མཁན་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱི་སྐུ་བརྙན་བཞུགས། ད་དུང་གཡས་གཡོན་ཀུན་ཏུ་སྐུ་བརྙན་མང་དུ་བཞུགས་ལ། དཀོན་གཉེར་བས་དེར་བཞུགས་ཀྱི་སྐུ་བརྙན་ཐམས་ཅད་རྒྱུ་ཆ་གཡང་ཊི་ལས་བཞེངས་པ་ཤ་སྟག་ཡིན་ལ། ཡོད་ཚད་མིང་རྒྱལ་རབས་ཀྱི་སྐབས་སུ་བཞེངས་པའི་རྟེན་རྙིང་བྱིན་རླབས་དང་ལྡན་པ་ཁོ་ན་ཡིན་ཞེས་གསུངས། སྐུ་ཚང་མ་ན་བཟས་གཡོགས་འདུག་པས་གཡང་ཊི་ཡིན་མིན་མི་ཤེས་མོད། བལྟས་ཚོད་ལ་རྟེན་རྙིང་རེ་ལོས་ཡིན་འདོད་པ་ཞིག་རེད།

   དགོན་པ་འདིའི་སྒོ་ཆེན་ནི་རྒྱ་ནག་གི་དགོན་པ་ཡོངས་དང་མི་འདྲ་བར་སྒོ་ལྔའི་བདག་ཉིད་ཅན་ཞིག་སྟེ། སྤྱིར་རྒྱ་ནག་གི་དགོན་པ་དག་གི་སྒོ་ཆེན་ལ་ཧྲན་མིན(山门)དང་སན་མིན(三门)ཞེས་རྒྱ་སྐད་དུ་འབོད་ཅིང་། སྒོ་གསུམ་ཅན་ཁོ་ན་ཡིན་པའི་སྲོལ་ཡོད་ལ། ནམ་རྒྱུན་གཡས་གཡོན་གཉི་གའི་སྒོ་ཕྱེ་བ་ལས་དཀྱིལ་གྱི་སྒོ་ཕྱེ་སྲོལ་མེད་ཅེས་བཤད་མོད། དགོན་པ་འདིའི་སྒོ་ཆེན་ནི་དེ་རིགས་དང་ཁྱོན་ནས་མི་འདྲ་བར་སྒོ་ལྔ་ཅན་ཞིག་ཡིན་ཞིང་། ང་ཚོ་མཇལ་དུ་འགྲོ་ཉིན་གཡོན་ཕྱོགས་ཀྱི་སྒོ་གཅིག་པུ་མ་གཏོགས་ཚང་མ་གཏན་འདུག དེ་རུ་ཕ་ཡུལ་ཁྲང་ཁྲིན་ནས་ཡིན་པའི་གྲྭ་པ་ཞིག་དང་ངོ་ཐུག་པས་ཁོ་ལ་དྲིས་པ་ཡིན་དང་། ཁོས་ཀྱང་རྒྱུ་མཚན་ཅི་ཡིན་གསལ་མོ་མི་ཤེས། འོན་ཀྱང་དགོན་པ་གཞན་དག་དང་མི་འདྲ་བའི་ཁྱད་ཆོས་གཅིག་ཡོད་པ་ནི་སྒོ་འདི་ཡིན་ཞེས་ཚང་མས་བཤད་ཀྱིན་འདུག་ཅེས་གསུངས་སོ། །

   གཞན་ཡང་འདིར་ཁ་གསབ་ཅིག་དགོས་པ་ནི། ལྕང་སྐྱའི་གནས་བཤད་དུ་ཀུན་ཁྱབ་གླིང་དང་། དགོན་པ་འདི་གཉིས་ཀྱི་མིང་རྒྱ་ཡིག་གི་སྒྲ་དོད་ཅིག་མཆན་ཁུང་དུ་བཀོད་ཡོད་པ་དེ་ནོར་འདུགསྒྲ་དོད་དེ་ལྕང་སྐྱ་ཁོང་ཉིད་ཀྱིས་བྲིས་པ་མིན་ཤས་ཆེ།གནས་བཤད་དེ་ཕྱིས་སུ་ལོ་ཆེན་ངག་དབང་སྐལ་བཟང་དང་གྲོ་ཚང་སྤྲུལ་སྐུ། ལྕང་ལུང་པཎྜི་ཏ་སོགས་ཀྱི་བསྒྱུར་བཅོས་ཐེབས་འདུག་པས།ཁོང་ཅག་གིས་མཆན་དུ་བཏབ་པ་ཡིན་ནམ། ཡང་ན་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་སོགས་ཀྱིས་མཆན་དུ་བཏབ་པ་ཡིན་ཅི་ཆ་སྟེ། མདོར་ན“广宗寺”ལ་ཀུན་ཁྱབ་གླིང་དང་། “圆照寺”ལ་ཐུབ་བསྟན་གསལ་བའི་གླིང་ཞེས་འབྲི་དགོས་པ་ལས། དེ་གཉིས་མགོ་རྟིང་བསློགས་ན་མི་འགྲིག་ཅེས་སྨྲ་བར་འདོད།

བཅུ་པ། སྒྲ་གཅན་འཛིན་གྱི་ལྷ་ཁང་ལ་མཇལ་བ།

   ལྷ་ཁང་འདི་ལ་རྒྱ་ནག་སྐད་དུ“寺”ཞེས་དགོན་པའི་མིང་གིས་བཏགས་འདུག་ཀྱང་། ལྕང་སྐྱ་སོགས་ཀྱི་གནས་བཤད་དུ་ལྷ་ཁང་ཞེས་བྲིས་འདུག དོན་དུའང་ར་སྐོར་ཆུང་ངུ་ཞིག་ཏུ་ལྷ་ཁང་རེ་གཉིས་ཙམ་ལས་མི་འདུག་པས། རྒྱ་སྐད་དུའང“罗睺寺”ཞེས་པ་ལས“罗睺殿”ཞེས་འབོད་ན་དེས་མི་དགའམ་སྙམ། གང་ལྟར་རྒྱ་ནག་སྐད་དུ་སྒྲ་གཅན་འཛིན་གྱི་དགོན་པ་ཞེས་སྒོ་བྱང་དུ་བྲིས་འདུག དགོན་མིང་དེ་བཏགས་པའི་རྒྱུ་མཚན་ལའང་གཏམ་རྒྱུད་མང་པོ་བཤད་བགྱི་འདུག

   ལྷ་ཁང་འདི་ནི་ཐོག་མར་ཐང་རྒྱལ་རབས་ཀྱི་སྐབས་སུ་བཞེངས་པར་གྲགས། དེ་ནས་མིང་རྒྱལ་རབས་ཀྱི་རྒྱལ་ཐོག་དགུ་པ་མིང་ཞོའོ་ཙོང་ཀྲུའུ་ཡོས་ཁྲིན(༡༤༧༠~༡༥༠༥)གྱི་ཁྲི་ལོ་ལྔ་པ(明孝宗朱祐樘弘治五年)རབ་བྱུང་བརྒྱད་པའི་ཆུ་ཕོ་བྱི་སྟེ་ཕྱི་ལོ༡༤༩༢ལོར་བསྐྱར་དུ་བཞེངས།ད་དུང་མིང་རྒྱལ་རབས་ཀྱི་རྒྱལ་པོ་མིང་ཧྲིན་ཙོང་སོགས་ཀྱི་སྐབས་ཀྱང་བསྐྱར་བཞེངས་ཐེངས་མང་བྱས་རབས་འདུགལྷག་ཏུ་ཁང་ཞིའི་ཁྲི་ལོ་ཞེ་བཞི་པ་རབ་བྱུང་བཅུ་གཉིས་པའི་ཤིང་མོ་བྱ་སྟེ་ཕྱི་ལོ༡༧༠༥ལོར་ཇེ་ལེགས་ཇེ་རྒྱས་སུ་བཏང་སྟེ་བོད་བརྒྱུད་ནང་བསྟན་གྱི་དགོན་པར་བསྒྱུར།རི་བོ་རྩེ་ལྔར་བོད་ཀྱི་དགོན་པ་བཅུ་ཡོད་པ་ལས་གཅིག་དང་། བསམ་གཏན་སྒོམ་ཁང་ཆེན་མོ་ལྔ་ཡོད་པ་ལས་གཅིག་འདི་ཡིན་ཞེས་བགྲང་སྲོལ་འདུག

   གནས་དེ་གར་གསོམ་ཤིང་མཆོད་རྟེན(松树灵塔)ཞེས་པ་ཞིག་བཞུགས། དེ་ནི་སུང་རྒྱལ་རབས(宋朝)ཀྱི་སྐབས་སུ་བློན་པོ་ཀྲང་ཧྲང་ཡེན(张商英༡༠༤༣~༡༡༢༡)ཟེར་བ་ཞིག་གིས་སྡོང་བོ་རྩེ་གསུམ་པ་ཞིག་གི་སྟེང་དུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་གཟིགས་ཤིང་། རྗེས་སུ་གསོམ་སྡོང་དེ་འཇམ་དབྱངས་དཀར་པོའི་སྐུ་བརྙན་བཞེངས་པའི་རྒྱུ་ཆར་སྤྱད་ལ། སྡོང་བོ་དེའི་ཤུལ་དུ་མཆོད་རྟེན་འདི་བཞེངས་རབས་བཤད། མཆོད་རྟེན་འདིའང་རྒྱ་གར་གྱི་ལུགས་ལྟར་ནོར་བུ་ཆེན་པོའི་མཆོད་རྟེན་དང་ཤྲཱི་ཨ་ཤྲ་ཀའི་གདུང་རྟེན་སོགས་དང་དབྱིབས་ཕལ་ཆེར་འདྲ་བ་ཞིག་འདུག བློན་པོ་ཀྲང་ཧྲང་ཡེན་ནི་མིང་དུ་གྲགས་པའི་སྙན་ངག་པ་ཞིག་ཀྱང་ཡིན་ལ།ཁོང་གིས“འཇམ་པའི་དབྱངས་ཀྱི་ཞིང་ཞེས་དད་པ་ཡི། ། ཚོགས་རྣམས་སྤྲིན་གྱི་བང་རིམ་སྟེང་དུ་རྒྱུ”ཞེས་སོགས་སྙན་ཚིག་གི་མཆོད་པའང་མང་དུ་ཕུལ་ཡོད།

   མཆོད་རྟེན་དེའི་འགྲམ་དང་། འཇམ་དབྱངས་ལྷ་ཁང་གི་མདུན་ཐང་སོགས་སུ་རྡོ་རིང་སྐྱ་སེང་ང་བ་མང་པོ་བཞུགས་ཀྱང་། དེ་དག་ཅི་ཡིན་གྱི་ལོ་རྒྱུས་རྡོ་རིང་རང་གི་སྟེང་ན་ནི་མི་གསལ།གནས་བཤད་དག་ཏུ་ནི་གསུངས་མི་འདུག ཤེས་མཁན་ཞིག་ལ་འདྲི་ས་རེ་ཨེ་རྙེད་བལྟས་མོད། དེ་ནི་རྒྱ་ནག་གི་གཏམ་དཔེ་ལྟར་རྒྱ་མཚོའི་ནང་ནས་ཁབ་བཙལ་བའི(大海捞针)དཔེ་རུ་སོང་། དེ་ཡིས་ན་གནའ་བོའི་རྡོ་རིང་རེ་ཡིན་པར་བསྒོམས་ཏེ་མཛུབ་མོ་ཁ་ནང་དུ་བཅུག་ནས་ཐོན་ཡོང་བ་ལས་ཅི་བྱའོ། །

   དེ་གའི་འཇམ་དབྱངས་ལྷ་ཁང་དུ། འཇམ་དབྱངས་དཀར་པོ་སེང་ཞོན་མ་དང་། འཕགས་པའི་གནས་བརྟན་བཅུ་དྲུག་སོགས་བཞུགས། གོང་མ་ཁང་ཞིའི་སྐབས་སུ་འཇམ་དབྱངས་དེའི་སྐུ་བརྙན་ཁ་དོག་དཀར་པོར་ཡོངས་སུ་བསྒྱུར་རབས་བཤད་ཀྱང་། ད་ལྟར་བཞུགས་པའི་འཇམ་དབྱངས་དེ་ནི་གསེར་བཙོ་མའི་ཁ་དོག་ལྟར་འདུག ཡོངས་གྲགས་སུ་དེ་གའི་འཇམ་དབྱངས་དཀར་པོ་སེང་ཞོན་མའི་སྐུ་བརྙན་དེ་ནི་གོང་དུ་བཤད་པའི་གསོམ་ཤིང་དེས་བཞེངས་པ་རེད་ཅེས་བཤད་ཀྱང་། ཁ་ཅིག་གིས་པདྨ་དམར་པོ་འདབ་བརྒྱད་ཅིག་གི་ནང་དུ་ཕྱོགས་བཞིའི་སངས་རྒྱས་ལྟག་སྤྲོད་ཀྱི་ཚུལ་དུ་བཞུགས་པའི་སྐུ་བརྙན་ཞིག་ཡོད་པ་དེ་གསོམ་སྡོང་དེས་བཞེངས་པ་རེད་ཅེས་བཤད། གང་ལྟར་སྐུ་གཉིས་པོ་ཤིང་སྐུ་ཡིན་པ་རྩོད་མེད་ཡིན་ཡང་། འཇམ་དབྱངས་ཀྱི་ཞལ་གཟིགས་སའི་གསོམ་སྡོང་དེས་བཞེངས་པའི་སྐུ་བརྙན་གང་ཡིན་སུང་གི་བློན་པོ་ཀྲང་ཧྲང་ཡེན་རོ་ལངས་བརྒྱབས་ཏེ་ཐོན་ཡོང་ན་མ་གཏོགས་མི་ཤེས་པའི་ཚོད་དུ་བསྐྱལ།

   འདུ་ཁང་ནང་དུ་སྟོན་པ་དང་།འོད་དཔག་མེད། སྨན་བླ་སོགས་ཀྱི་སྐུ་བརྙན་རྒྱ་ནག་གི་བཟོ་ལུགས་ཇི་བཞིན་དཔྲལ་ཞེང་ཆེ་ལ། བྲང་ཞེང་ལེབ་པ་ཤ་སྟག་བཞུགས། རང་རེ་བོད་ཀྱི་སེམས་ཁམས་ཆགས་པའི་བློ་ངོར་བཟོ་ལུགས་དེ་རིགས་དང་བ་འདྲེན་ནུས་པ་ཞིག་ཏུ་མཐོང་མི་སྲིད་པ་འདྲའང་། གཞན་ངོར་ཡང་རང་རེའི་བཟོ་ལུགས་ཇི་བཞིན་གྱི་བཞིན་མཛེས་ལུས་ཕྲ་ཡི་སྐུ་བརྙན་དག་ལ་དད་པ་སྐྱེ་ཡི་ཡོད་པ་སུ་ཡིས་བཤད་ནུས། གང་ལྟར། སེམས་ཀྱི་གཤིས་ལུགས་དེ་མི་འགྱུར་རྡོ་རྗེ་ཉིད་དུ་ཆགས་པས། གང་ལ་གོམས་ན་དེ་ལ་དུང་བ་ཇི་བཞིན།དེ་གར་རྗེ་བླ་མ་རྣམ་གསུམ་གྱི་སྐུ་བརྙན་ཞིག་བཞུགས་པ་དེར་དད་པ་ཟེར་ན་མི་ཤེས་ཀྱང་དང་བ་འདྲེན་ཐུབ་པ་ཞིག་བཞུགས་ཞེས་འདོད།

   དཔེ་མཛོད་ཁང་དུ་དབུས་སུ་སྟོན་པ་ཐུབ་པའི་དབང་པོ་སོགས་སྐུ་བརྙན་མང་པོ་བཞུགས་ལ། གཡས་གཡོན་གྱི་ལོགས་ན་བཀའ་བསྟན་དང་གསུང་འབུམ་མང་པོ་བཞུགས། ད་རུང་རྒྱལ་ཁང་རེ་ཡོད་རབས་ཟེར་ཡང་། རྒྱ་ནག་གི་རྒྱལ་ཁང་ཕལ་ཆེ་བའི་ནང་དུ་མཁས་དབང་དགེ་ཆོས་ཀྱིས་གསུངས་པ་ལྟར་བེར་སྔོན་གྱོན་པའི་ཀོན་ཡིན་ཕུ་སཱ(伽蓝菩萨)དང་། བེར་སེར་གྱོན་པའི་ཝེའུ་ཐོ་ཕུ་སཱ(韦驮菩萨)གཉིས་ཀྱི་འབག་སྐུ་ལས་གཞན་ཅི་ཡང་མི་འདུག་པས་མཇལ་བའི་སྤྲོ་བའང་འགགས།

བཅུ་གཅིག་པ། བརྩེ་འབར་གླིང་ལ་མཇལ་བ།

   བརྩེ་འབར་གླིང(广仁寺)ཞེས་པ་ནི་གོང་དུ་བཤད་པའི་སྒྲ་གཅན་འཛིན་དགོན་པའི་ཤར་ཕྱོགས་ཙ་ན་ཆགས་འདུག་ལ། ད་ལྟ་ཀུན་འདུས་གླིང(十方堂)ཞེས་པའི་མིང་གིས་ཀྱང་འབོད་ཀྱིན་འདུག སྔོན་ཆད་སྒྲ་གཅན་འཛིན་དགོན་པའི་འགྲུལ་ཁང་ཡིན་ཞེས་ཟེར་མོད། ཕྱིས་སུ་ཆེན་རྒྱལ་རབས་ཀྱི་རྒྱལ་ཐོག་དགུ་པ་མེན་ནེན(༡༧༨༢~༡༨༥༠)གྱི་ཁྲི་ལོ་བཅུ་གཅིག་པ(旻宁道光十一年)རབ་བྱུང་བཅུ་བཞི་པའི་ལྕགས་མོ་ཡོས་ཏེ་ཕྱི་ལོ༡༨༣༡ལོར་དགོན་པ་རུ་བསྒྱུར། དགོན་པ་འདིའི་ལྷ་ཁང་རྣམས་ཀྱི་ནང་གི་བཞེངས་པ་ཕལ་ཆེ་བ་བོད་ལུགས་ལྟར་བཞེངས་འདུག་པས། དགོན་པ་གཞན་རྣམས་བཞིན་ལོ་ཚོད་ཀྱི་ཐད་ནས་ལོ་ངོ་མང་པོ་འདས་པའི་དགོན་རྙིང་ཅི་ཡང་མ་རེད་ཀྱང་། ནང་གི་རྟེན་རྣམས་བོད་ལུགས་ཀྱིས་བཞེངས་པ་དང་། རྗེ་རིན་པོ་ཆེ་སོགས་རང་རེའི་དམ་པ་དག་གི་སྐུ་བརྙན་མཇལ་དུ་ཡོད་པས་སེམས་ལ་དགོན་རྙིང་དེ་རིགས་ལས་ཀྱང་མཇལ་བྲོད་པ་ཞིག་བྱུང་།

   འདུ་ཁང་ཆེན་མོའི་ནང་རྟེན་དུ། དབུས་སུ་རྗེ་ཡབ་སྲས་གསུམ།གཡས་སུ་ཇོ་བོ་རིན་པོ་ཆེ། གཡོན་དུ་སྟོན་པ་གཙོ་འཁོར་གསུམ། གཡས་གཡོན་གྱི་ལྡེབས་ངོས་སུ་གནས་བརྟན་བཅུ་དྲུག་དང་། རྗེ་རིན་པོ་ཆེའི་སྟོང་སྐུ་སོགས་བཞུགས།གནས་བརྟན་བཅུ་དྲུག་མ་གཏོགས་གཞན་རྣམས་བོད་ལུགས་ཁོ་ན་ལྟར་བཞེངས་འདུག་ལ། རང་རེའི་དགོན་པ་དག་གི་རྟེན་ཇི་བཞིན་དུ་སྐུ་བརྙན་དེ་དག་ཀྱང་ལི་དང་ཟངས་ཁོ་ནས་བཞེངས་པ་ཤ་སྟག་འདུགརྒྱ་ནག་གི་རྟེན་རྣམས་ནི་སྤྱིར་ཆེ་སྟོབས་ཅན་ཞིག་འདུག་ཀྱང་། མང་ཆེ་བ་འབག་སྐུ་དང་ཤིང་སྐུ་ལས་ལི་དང་ཟངས་སོགས་ཀྱི་རྒྱུ་ཆ་ཅན་བརྒྱ་བོ་ནང་ནས་གཅིག་མ་གཏོགས་མེད་པ་ལྟར་སྣང་ངོ་། །

   བྱམས་ཁང་ཡིད་དགའ་ཆོས་འཛིན་གྱི་ནང་དུ། དབུས་སུ་རྗེ་བཙུན་བྱམས་པ་མགོན་པོ་དང་། རྗེ་བླ་མ་རྣམ་གསུམ། གཡས་སུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་། དུས་གསུམ་སངས་རྒྱས། གཡོན་དུ་ཡང་རྗེ་བླ་མ་རྣམ་གསུམ་སོགས་བཞུགས། ལྡེབས་ངོས་སུ་འཇམ་དབྱངས་དཀར་པོའི་སྟོང་སྐུ་དང་། འཇམ་དབྱངས་སྨྲ་བའི་དབང་ཕྱུག་སེང་ཞོན་མ་སོགས་རྟེན་མང་པོ་བཞུགས། དེ་དག་ཀྱང་ལི་དང་ཟངས་ལས་གྲུབ་པ་ཁོ་ན་ཡིན་པ་འདྲ། དེའི་ལོགས་ཤིག་ཏུ་བོད་ལུགས་ལྟར་གྱི་ལྡེབ་རིང་ཅན་གྱི་གླེགས་བམ་མང་པོ་མཇལ་རྒྱུ་འདུག དེ་དག་གི་ཁ་བྱང་ལྟར་ན། སྡེ་དགེ་བཀའ་འགྱུར། ཅོ་ནེ་བཀའ་འགྱུར།རྗེ་ཡབ་སྲས་གསུམ་གྱི་བཀའ་འབུམ་སོགས་བཞུགས་ཞེས་གསལ། རྒྱ་ནག་གི་ཡུལ་དབུས་ཤིག་ཏུ་དེ་འདྲའི་བོད་ཀྱི་སྐུ་གསུང་ཐུགས་རྟེན་མང་པོ་མཇལ་རྒྱུ་ཡོད་པ་དེས་དགོས་མེད་ཀྱི་ལ་རྒྱ་འཛིན་སྐྱེན་པ་ངའི་ཡིད་དབང་ཅིག་ཅར་དུ་འཕྲོགས་པར་གྱུར།

   རྣམ་སྲས་ཁང་དུ། རྒྱལ་ཆེན་མདུང་དམར་ཅན་རྣམ་སྲས་རྟ་བདག་བརྒྱད་ཀྱིས་བསྐོར་བ་ཞིག་དང་། མགོན་ཁང་དུ། རྡོ་རྗེ་འཇིགས་བྱེད། མགོན་པོ་ཕྱག་དྲུག་པ།མ་ཅིག་དཔལ་ལྡན་ལྷ་མོ་རེ་མ་ཏི། དམ་ཅན་ཆོས་རྒྱལ་ཆེན་པོ། རྒྱལ་ཆེན་རྣམ་ཐོས་སྲས་སོགས་བཞུགས་པ་དང་། རྒྱལ་ཆེན་ཁང་དུ། རྒྱལ་ཆེན་སྡེ་བཞིའི་གྱན་ཐང་། སྲིད་པའི་འཁོར་ལོ་ཆ་ལྔ་པ། ཤམ་བྷ་ལའི་ཞིང་བཀོད། སྒྲོལ་མ་ལྗང་མོའི་ཐང་ག་སོགས་བོད་ཀྱི་དགོན་པ་ཞིག་ཏུ་ཐོན་འདུག་པ་ལྟ་བུའི་མཇལ་རྒྱུ་མང་པོ་བཞུགས། རིག་གསར་ཆེན་པོའི་རླུང་འཚུབ་མ་གཡུགས་ཡར་སྔོན་དུ་ད་རུང་དེ་ལས་ཀྱང་རྟེན་མང་པོ་ཡོད་རབས་བཤད་ཀྱི། བདེན་མིན་མ་ཤེས་མོད། གང་ལྟར་རྟེན་རྙིང་མི་རྙིང་དང་བྱིན་རླབས་ཆེ་མི་ཆེ་བའི་ཁྱད་པར་སོགས་ཕྱེ་ན་ཅི་ཆ་སྟེ། རྟེན་གྱི་རྣམ་པའི་ངོས་ནས་རྒྱ་ནག་གི་དགོན་པ་ད་སྔ་མཇལ་ཟིན་པ་ཡོད་ཚད་ཀུན་གྱི་ནང་ནས་པེ་ཅིང་གི་དགའ་ལྡན་བྱིན་ཆགས་གླིང་དང་། རི་བོ་རྩེ་ལྔའི་བརྩེ་འབར་གླིང་ཞེས་པའི་དགོན་པ་འདི་གཉིས་ཀྱི་རྟེན་རྣམས་ལས་ཡིད་ཀྱི་བརྟན་པ་གཡོ་ཐུབ་པ་ཞིག་མཇལ་མ་མྱོང་ཞེས་བཤད་ཀྱང་ཆོག ཆེན་རྒྱལ་རབས་ཀྱི་རྒྱལ་པོ་དག་ནི་བོད་བརྒྱུད་ནང་བསྟན་ལ་དད་པས་ཁོང་ཅག་གིས་བཞེངས་པའི་རྟེན་ཐམས་ཅད་བོད་ལུགས་ཤ་སྟག་ཏུ་འདུག་པས། རྒྱལ་པོ་དེ་དག་འཇམ་པའི་དབྱངས་ཀྱི་སྤྲུལ་བ་ཡིན་ཞེས་ཟེར་སྲོལ་ཡང་འདུག་མོད། བདེན་མིན་ཅི་ཆའང་། འདང་ཁ་རྒྱུ་ཕྱོགས་རེ་ལ་ཁོང་ཅག་གི་གདུག་སྤྱོད་མ་རུང་བའི་སྤྱོད་པ་དག་བོར་ཏེ་སྐད་ཅིག་མའི་དད་པ་འདྲ་རེ་སྐྱེ་ཡོང་གིན་འདུག

དགོན་འདིར་མཇལ་སྐབས་གློ་བུར་དུ་ཧྲན་ཞིའི་ཞི་ཨན(陕西西安)གྲོང་ཁྱེར་དུ་ཆགས་པའི་ཀོང་རིན་ཟི(广仁寺)ཞེས་པའི་དགོན་པ་དེའང་ཡིད་ལ་འཆར། ཁྲང་ཨན་མཁར་གྱི་ནུབ་བྱང་མཚམས་ཀྱི་བཞི་མདོ་ཞིག་ཏུ་ལམ་བྱང་སྨུག་དུང་ངེ་བ་མིག་ལ་འཚེར་བ་ཞིག་འདུག དེའི་སྟེང་དུ“ཀོང་རིན་དགོན། བླ་མའི་དགོན་པ་ཉག་གཅིག་པོ(广仁寺,唯一的喇嘛庙)”བྱ་བའི་ཁ་བྱང་ཞིག་གསལ། ལམ་བྱང་དེའི་མདའ་མགོའི་ཕྱོགས་སུ་ཆས་ན་གྲོང་ཁྱེར་གྱི་དཀྱིལ་དུ་གནས་ཆགས་པའི་ཀོང་རིན་ཟི་ཞེས་པའི་དགོན་པ་དེར་འབྱོར། དགོན་པ་དེའང་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཞིག་ཡིན་ལ། ནང་གི་རྟེན་དང་ཕྱིའི་བཀོད་པ་སོགས་ཀྱང་ཕལ་ཆེ་བ་བོད་ལུགས་ཁོ་ན་ལྟར་འདུག འོན་ཀྱང་དེར་བཞུགས་ཀྱི་གྲྭ་པ་མང་ཕྱོགས་སོག་པོའི་རིགས་ཡིན་པ་ལས་བོད་རིགས་མེད་པར་བཤད། བཤད་སྲོལ་ལ། རང་རེའི་ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོའི་སྐུ་དེར་མཚེ་མ་ཞིག་བཞུགས་ལ། མཚེ་ཡ་དེ་དགོན་པ་དེར་བཞུགས་པར་གྲགས། དངོས་གནས་མེ་ལོང་ནང་དུ་ཤར་བ་ལྟ་བུའི་ཇོ་བོའི་སྐུ་བརྙན་ཞིག་ཀྱང་བཞུགས། རང་རེའི་ཇོ་བོའི་སྐུ་བརྙན་དེ་ཁྲང་ཨན་ནས་གདན་དྲངས་པ་ཡིན་པས་དེར་བསྟུན་གྱི་རྟོག་བཏགས་ཤས་ཆེ་བའི་སྒྲུང་གཏམ་རེ་བཟོ་བ་ཡིན་སྲིད་མོད། རང་གིས་མཇལ་མྱོང་བའི་ལོ་རྒྱུས་ཀྱི་གླེགས་བམ་ཁྲོད་ནས་དེ་འདྲའི་བཤད་སྲོལ་མ་མཐོང་བས་བདེན་མིན་གྱི་ཁ་ཚོད་གཅོད་དཀའ། གང་ལྟར་དགོན་པ་དེར་བོད་ལུགས་གཙོ་ཆེ་ཞིང་བྱིན་རླབས་དང་ལྡན་པའི་སྒྲོལ་མའི་སྐུ་བརྙན་ཡིད་དབང་འཕྲོག་ནུས་པ་ཞིག་ཀྱང་མཇལ་དུ་ཡོད་པས། ཞི་ཨན་གྲོང་ཁྱེར་དུ་འབྱོན་དགོས་པ་དག་ལ་བྱ་བའི་བྲེ་བ་མ་ཆེ་ན་ཐེངས་རེར་མཇལ་དུ་འགྲོ་ན་མཇལ་རིན་འདུག་ཅེས་གསལ་འདེབས་ཤིག་ཞོར་དུ་བསྒྲགས་པ་ཡིན། དེ་བས་རི་བོ་རྩེ་ལྔའི་རྟེན་དང་འབྲེལ་བ་མེད་དོ། །

བཅུ་གཉིས་པ། དུང་དཀར་ཏོག་ལ་མཇལ་བ།

   དུང་དཀར་ཏོག(黛螺顶)ནི་རི་བོ་ཞིག་གི་རྩེ་རུ་ཆགས་ཡོད་ཅིང་། སྐས་ཐེམ་སྟོང་ཕྲག་གཅིག་དང་བརྒྱད་ཅུ་ཙམ་ལ་འགོ་དགོས་པས། བྱང་ཆུབ་སྤོ་ནས་བལྟས་ན་ཕྱིའི་རྣམ་པ་ཕལ་ཆེར་མཇལ་ཐུབ་ཀྱི། དྲིན་ཕ་མ་གཉི་ག་ལོ་ན་མཐོ་བས་ངལ་བ་ལ་འཛེམས་ཏེ་འགྲོ་བའི་འཆར་གཞི་མེད་མོད། རི་བོ་རྩེ་ལྔར་འགྲོ་མ་ཐུབ་ན་དུང་དཀར་ཏོག་གི་འཇམ་དབྱངས་རིགས་ལྔར་མཇལ་ན་རྩེ་ལྔར་མཇལ་དུ་སོང་བ་དང་ཕན་ཡོན་གཅིག་ཅེས་བཤད་སྲོལ་འདུག་པས། བསྐྱུར་མ་བྲ་བར་མཇལ་དུ་སོང་། སྤྱིར་སྒོར་ལྔ་བཅུ་བྱིན་ན་འབྲེང་ལམ་ཡོད་པས་སྐས་ཐེམ་དུ་འགོ་མི་དགོས་མོད། ང་ཚོ་འགྲོ་དུས་ནི་ནམ་ཟླ་དགུན་ཁར་ཁེལ་བས་འབྲེང་ལམ་གཏོང་གིན་མེད་པའི་ཚོད་ཅིག་རེད། དེ་ཡིས་ན་སྐས་ཐེམ་སྟོང་ཕྲག་ལྷག་ཅིག་ཡོད་པ་དེར་མི་འགོ་ཐུ་མེད་དུ་གྱུར། ལོ་གཞོན་དར་ལ་བབས་པ་ཤ་སྟག་ཡིན་ཚེ། སྐར་མ་བཞི་བཅུ་ལྔ་བཅུ་ཙམ་གྱིས་འབྱོར་མི་ཐུབ་བམ་སྙམ་པ་འདྲ་ཡང་། དྲིན་ཕ་མ་གཉི་ག་ངལ་བར་དོགས་ཏེ་ང་ཚོ་བྲེལ་བ་མེད་པར་དལ་གྱིས་འགོ་བས། རྩེ་མོར་ཐོན་ཚེ་དུས་ཚོད་ལ་བལྟས་པ་ཡིན་མོད་སྐས་ཐེམ་དེ་ནས་ཏག་ཏག་དུས་ཚོད་གཅིག་དང་ཕྱེད་ཀ་ལྷག་ཅིག་འགོར་འདུག སྐས་ཐེམ་དེ་ལ་ཤེས་རབ་ཆེན་པོའི་ལམ(大智路)ཞེས་ཀྱང་བྱ་ལ། སྐས་ཐེམ་དེ་བརྒལ་བ་ན་མ་རིག་པ་སངས་ཏེ་ཤེས་རབ་འཕེལ་བར་འགྱུར་ཞེས་བཤད་སྲོལ་ཡང་འདུག

   དེས་ན་དུང་དཀར་ཏོག་ཅེས་པའི་གནས་དེ་ནི། སྔོན་ཆད་ཧྭ་ཤང་བསམ་གཏན་པ་ཞིག་ཡེ་ནས་མི་ཉལ་བར་ནམ་རྒྱུན་ཡར་འགྲེང་སྟེ་བསམ་གཏན་ཁོ་ན་བསྒོམས་ནས་འདུག་མཁན་ཞིག་གི་གནས་ཡིན་པར་བཤད། དགོན་པ་འདི་མིང་རྒྱལ་རབས་ཀྱི་རྒྱལ་ཐོག་བརྒྱད་པ་མིང་ཞན་ཙོང་ཀྲུའུ་ཅན་ཧྲིན(༡༤༤༧~༡༤༨༩)གྱི་ཁྲི་ལོ་དང་པོ(明宪宗朱见深成化初年)རབ་བྱུང་བརྒྱད་པའི་ཤིང་མོ་བྱ་སྟེ་ཕྱི་ལོ༡༤༦༥ནས་བཞེངས་འགོ་བརྩམས་ཤིང་། ཕྱིས་སུ་རྒྱལ་པོ་མིང་ཧྲིན་ཙོང་གི་ཁྲི་ལོ་ཉི་ཤུ་པ(明神宗万历二十年)རབ་བྱུང་བཅུ་པའི་ཆུ་ཕོ་འབྲུག་སྟེ་ཕྱི་ལོ༡༥༩༢ལོར་བསྐྱར་བཞེངས་བྱས། རྗེས་སུ་ཆེན་རྒྱལ་རབས་ཀྱི་གོང་མ་ཆན་ལུང་གི་ཁྲི་ལོ་བཅོ་ལྔ་པ་རབ་བྱུང་བཅུ་གསུམ་པའི་ལྕགས་ཕོ་རྟ་སྟེ་ཕྱི་ལོ༡༧༥༠ལོར་ཡང་བསྐྱར་བཞེངས་ཤིང་། དགོན་པ་འདིའི་གནའ་མིང་ཧྥོ་ཏེན་ཨན(佛顶庵)ཞེས་པ་བསྒྱུར་ཏེ། ཏ་ལོ་ཏེན(大螺顶)ཞེས་པའི་མིང་གསོལ།

   གོང་མ་ཆན་ལུང་རི་བོ་རྩེ་ལྔར་གནས་མཇལ་དུ་ཕེབས་དུས་རི་རྩེ་ལྔ་དང་གནས་ཡོངས་རྫོགས་ལ་རེ་རེ་བཞིན་གནས་མཇལ་ཡིད་ཚིམས་པ་ཞིག་མ་ཐུབ་པས། སྐབས་དེའི་དུང་དཀར་ཏོག་གི་དགོན་བདག་ཧྭ་ཤང་ཆེན་ཡོན(青云和尚)ལགས་ལ། ལོ་ལྔའི་རྗེས་སུ་ང་རང་སླར་ཡང་རི་བོ་རྩེ་ལྔར་མཇལ་དུ་ཡོང་དུས་ཁྱེད་ཀྱིས་ཐབས་བརྒྱ་ཇུས་སྟོང་འཐེན་ཏེ་འཇམ་དབྱངས་རིགས་ལྔར་མཇལ་སླ་མོ་ཞིག་བྱ་དགོས་ཞེས་བཀའ་ཕབ། དེ་ནས་ཧྭ་ཤང་ཆེན་ཡོན་གྱིས་འཇམ་དབྱངས་རིགས་ལྔའི་སྐུ་བརྙན་ལོ་ལྔའི་རིང་བཞེངས་ཏེ་གྲུབ་པར་བྱས། ཕྱིས་སུ་གོང་མ་ཆན་ལུང་ཁྲི་ལོ་ཞེ་དགུ་པ་རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་འབྲུག་སྟེ་ཕྱི་ལོ༡༧༨༤ལོར་ཡང་བསྐྱར་རི་བོ་རྩེ་ལྔར་མཇལ་དུ་ཕེབས་དུས། གོང་མའི་ཐུགས་ཤིན་ཏུ་དགྱེས་ནས་སྔར་གྱི་དགོན་མིང་ཡང་བསྐྱར་བརྗེས་ཏེ“黛螺顶”ཞེས་བཏགས། དེ་ནས་བཟུང་སྟེ་རི་བོ་རྩེ་ལྔ་སོགས་གནས་ཐམས་ཅད་ལ་མཇལ་ལོངས་མེད་པ་དག་གིས་དུང་དཀར་ཏོག་ལ་མཇལ་ན་རྩེ་ལྔ་དང་གནས་ཐམས་ཅད་ལ་མཇལ་བ་ལྟར་ཕན་ཡོན་གཅིག་གོ་ཞེས་ཡོངས་སུ་གྲགས་པར་གྱུར།

   འདུ་ཁང་ཆེན་མོའི་ནང་རྟེན་དུ། དབུས་སུ་སྟོན་པ་བཅོམ་ལྡན་འདས།གཡས་སུ་འོད་དཔག་མེད། གཡོན་དུ་སྨན་གྱི་བླ།གཡས་གཡོན་གྱི་ལྡེབས་སུ་གནས་བརྟན་བཅུ་དྲུག་སོགས་བཞུགས། འདུ་ཁང་གི་སྒོར་གསོམ་སྡོང་ཞིག་དང་། ཤུག་སྡོང་ཞིག་འདུགསྡོང་བོ་དེ་གཉིས་ནི་སྔོན་ཐང་རྒྱལ་རབས་སྐབས་ཀྱི་ཧྭ་ཤང་དག་གིས་བསམ་གཏན་ཉམས་ལེན་བྱ་སའི་གནས་ཡིན་པར་བཤད། གོང་མ་ཆན་ལུང་གི་སྙན་ངག“ཐེམ་འོག་གསོམ་སྡོང་སྟོང་ལོར་རྒས་པ་མེད”(阶下千年不老松)ཅེས་པ་དེའང་སྡོང་བོ་འདི་གཉིས་ལ་བལྟས་ཏེ་བྲིས་པ་ཡིན་རབས་བཤད། དེ་རུ་ཡུལ་སྐོར་སྣེ་ཤན་པ་ཞིག་གིས་སྡོང་བོ་དེ་གཉིས་ཙནྡན་གྱི་སྡོང་བོ་རེད་ཅེས་བཤད་ཀྱིན་འདུག《གཏམ་རྒྱུད་གསེར་ཐང》དུ།རྭ་སྒྲེང་གི་དཀོན་གཉེར་བ་ཞིག་གིས་ཤུག་སྡོང་གཉིས་ལ་མཛུབ་མོ་བཙུགས་ནས་དེ་གཉིས་ཙནྡན་དཀར་དམར་གྱི་སྡོང་བོ་རེད་ཅེས་བཤད་དུས། པཎྜི་ཏ་ར་ཧུ་ལས་ཁྲེལ་དགོད་བྱེད་བཞིན། ཙནྡན་ནི་ས་ཤིན་ཏུ་དྲོད་ཆེ་ས་དགོས་པས་རྒྱ་གར་ཡུལ་དབུས་ནའང་མེད་པར་ལྷོ་ཕྱོགས་འབའ་ཞིག་ན་ཡོད་པས་འདིར་ག་ལ་སྐྱེ་ཞེས་གསུངས་ཡོད་པ་དེ་ཡིད་ལ་དྲན་ཞིང་། ངས་ཀྱང་པཎྜི་ཏ་ར་ཧུ་ལའི་ལྟ་བྱས་ཏེ་སྣེ་ཤན་པ་དེར་སྣ་དགོད་ཅིག་བྱས་ནས་ཐོན་ཡོང་།

   འཇམ་དབྱངས་ལྷ་ཁང་དུ། གོང་དུ་བཤད་པའི་ཧྭ་ཤང་ཆེན་ཡོན་གྱིས་བཞེངས་པའི་འཇམ་དབྱངས་རིགས་ལྔའི་སྐུ་བརྙན་དག་བཞུགས་ལ།ཙནྡན་ལྷ་ཁང་ཞེས་པ་རུ་ཙནྡན་གྱིས་གྲུབ་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་བརྙན་ཡིད་དབང་འཕྲོགས་པ་ཞིག་ཀྱང་བཞུགས། དགོན་པ་འདིའི་སྒོ་ཆེན་གྱི་ནང་ཕྱོགས་ཙ་ན་རྡོ་རིང་གཉིས་འདུག རྡོ་རིང་གཅིག་དེ་མིང་རྒྱལ་རབསས་ཀྱི་རྒྱལ་པོ་མིང་ཧྲིན་ཙོང་གི་ཁྲི་ལོ་ཉི་ཤུ་པ་རབ་བྱུང་བཅུ་པའི་ཆུ་ཕོ་འབྲུག་སྟེ་ཕྱི་ལོ༡༥༩༢ལོར་བཙུགས་ཤིང་། རྡོ་རིང་དེའི་ཁ་བྱང་ལ་རི་བོ་རྩེ་ལྔའི་ཧྥོ་ཏེན་ཨན་བསྐྱར་བཞེངས་བྱས་པའི་དྲན་རྟེན་རྡོ་རིང(五台山重建佛顶庵碑记)ཞེས་ཀྱང་གསལ། གཞན་གཅིག་དེ་གོང་མ་ཁང་ཞིའི་སྐབས་ཤིག་ཏུ་བཙུགས་པར་གསལ་ལ། དེའི་ཁ་བྱང་དུ་ཆེན་ཧྥེང་ཏེན་སྐུ་བརྙན་ལྡིང་ཁང་བཞེངས་པའི་དྲན་རྟེན(青峰顶造像建亭记)ཞེས་བྲིས་འདུག་ཅིང་། སྟེང་དུ་རི་བོ་རྩེ་ལྔའི་གནས་བཤད་བསྡུས་པ་ཞིག་ཀྱང་བརྐོས་འདུག

   རི་འདིའི་གཡོན་ཕྱོགས་ཙ་ནས་ཕར་བལྟས་ན་ཤར་རིའི་རྒྱུད་ཀྱི་ཐག་མི་རིང་བའི་ས་ཞིག་ན་རི་སྡིངས་ངོས་སྙོམས་པ་ཞིག་འདུག དེ་ནི་སྔོན་བྱམས་ཆེན་ཆོས་རྗེས་རྗེ་ཙོང་ཁ་པ་ཆེན་པོའི་ཞལ་གཟིགས་པའི་གནས་དེ་ཡིན་པར་བཤད། ད་ལྟ་རི་དེའི་མིང་ལ་ཞལ་གཟིགས་བ་གམ་རི(现见宗喀巴山)ཞེས་འབོད། རི་དེ་ལ་མཇལ་བའི་སྐབས། ཐེ་ཝན་ནས་ཡིན་ཟེར་བའི་རྒྱ་རྒན་ཞིག་གིས་མཉམ་དུ་པར་ཞིག་བཏབ་ན་འགྲིག་གམ་ཞེས་ཟེར་བཞིན་ངའི་སར་བཅར།ངས་ང་ཚོ་ཚང་མ་པགས་སེར་གྱི་རིགས་ཡིན་པ་འདྲ་བས། ཁྱོད་ཀྱིས་མཚར་སྣང་སྐྱེ་ས་དེ་ང་མ་ཡིན་ལ་ངའི་ཆས་གོས་རེད་འདུག་མོད། དེ་བས་ངའི་ཆས་འདི་ཁྱོད་ལ་གཡར། ཁྱོད་ཀྱིས་ངའི་ཆས་འདི་སྤྲས་ཏེ་པར་ཞིག་བསྐྱོན་དང་ཡག་པོ་རེད་ཅེས་བཤད། རྒྱ་རྒན་དགའ་སྟེ་ཁ་ཡང་ཟུམ་མི་ཐུབ་པ་ལྟར་གྱུར། དེ་ནས་ངའི་གཟན་དེ་ཁོ་ཅག་གིས་རེས་སྐོར་ཏེ་སྤྲས་ནས་འདྲ་པར་མང་པོ་ཞིག་བཏབ་སོང་། སྔོན་ཆད་ཡིན་ན་མི་རིགས་རེ་ལ་སོ་སོའི་ཁྱད་ཆོས་མངོན་པའི་ཐུན་མིན་གྱི་ཆས་དང་ཆ་ལུགས་རེ་ཡོད་མོད། དེང་སང་ཡོད་ཚད་ནུབ་ལུགས་ལྟར་དུ་གྱུར་འདུག་ཅེས་ཟེར་ཡང་ཐལ་མི་ཆེ་བའི་ཚད་ཙམ་དུ་སྣང་། ད་ལྟ་ཆས་མི་འདྲ་བ་གྱོན་པའི་མི་རེ་མཐོང་དུས་མཚར་སྣང་སྐྱེས་ཤིང་། རང་གི་རྒྱབ་ཀྱི་ཆས་དེ་གཞན་ལུགས་ཡིན་པ་ཤེས་ཀྱིན་མེད་པའི་ཚོད་ཅིག་ཏུ་སླེབས་པ་དེའང་ངོ་མཚར་སྐྱེ་དགོས་ས་ཞིག་མིན་ནམ་སྙམ།

   སུམ་པ་པཎྜི་ཏ་ཡེ་ཤེས་དཔལ་འབྱོར་གྱིས་གནས་འདི་ནས་མཚན་མོར་བལྟས་ན་ལུང་པའི་ནང་དུ་སྒྲོན་མེ་འདྲ་བ་པ་སངས་མདོག་ལྡན་གཉིས་ལས་བཞི་དང་། བཞི་ལས་བརྒྱད་དུ་གྱེས་ཏེ་ཡར་འགྲོ་མར་འགྲོ་ལན་འགའ་ཞིག་བྱས་ནས་སླར་གཅིག་ཏུ་ཐིམ་འགྲོ་བ་ཕལ་ཆེར་གྱིས་མཐོང་ཐུབ་ཅེས་ཁོང་གི་རྣམ་ཐར་དང《འཛམ་གླིང་སྤྱི་བཤད》གཉིས་ཀྱི་ནང་དུ་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཡང་ཡང་གསུངས་པས། མཚན་མོའི་དུས་ལ་བསྒུགས་ཏེ་ལྟ་འདོད་ཡོད་ཀྱང་། རི་རྩེ་དེ་ན་ཙག་རླུང་རྒོད་པ་དང་། དགོན་པའི་སྒོའང་གཏན་འགྲོ་ཞེས་ཟེར་བས་སྒུག་མ་ཐུབ། གཅིག་ཤེས་ན་བསྒུགས་ཀྱང་མཐོང་བའི་སྐལ་བ་ཡོད་མེད་ཀྱང་ཅི་ཆའོ། །

བཅུ་གསུམ་པ། མཚར་སྡུག་སྐུ་བརྙན་གླིང་ལ་མཇལ་བ།

   མཚར་སྡུག་སྐུ་བརྙན་གླིང(殊像寺)ནི།རི་བོ་རྩེ་ལྔའི་བསམ་གཏན་བསྒོམ་གནས་ཆེན་པོ་ལྔ་དང་། མདོ་སྡེའི་དགོན་ཆེན་བཅུ་ཡོད་པའི་ནང་གི་ཡ་གྱལ་དུ་བགྲངས། གནའ་བོའི་ཅིན་ཤར་མའི(东晋)རྒྱལ་ཁབ་ཚུགས་འགོ་ཙམ་ཞིག་སྟེ། མེ་མོ་གླང་ཕྱི་ལོ༣༡༧ཙམ་ཞིག་ལ་བཞེངས་པར་གྲགས། ད་ལྟའི་བར་ལོ་ངོ༡༧༠༣ཡས་མས་ཤིག་ཟིན་པའི་དགོན་རྙིང་ཞིག་རེད། དེ་རྗེས་ཐང་རྒྱལ་རབས་སྐབས་སུའང་བསྐྱར་བཞེངས་བྱས། ཡང་ཡོན་རྒྱལ་རབས་ཀྱི་རྒྱལ་ཐོག་དྲུག་པ་ཡོན་ཐེའེ་ཏེན(༡༢༩༣~༡༣༢༨)གྱི་ཁྲི་ལོ་གཉིས་པ(元泰定二年)རབ་བྱུང་ལྔ་པའི་ཤིང་མོ་གླང་སྟེ་ཕྱི་ལོ༡༣༢༥ལོར་ཞིག་གསོ་བྱས་ཤིང་།དེ་རྗེས་ཙ་ན་དགོན་པར་མེ་སྐྱོན་ཆེན་པོ་ཞིག་ཤོར། དེ་ནས་མིང་རྒྱལ་རབས་ཀྱི་རྒྱལ་ཐོག་དགུ་པ་མིང་ཞོའོ་ཙོང་གི་ཁྲི་ལོ་དགུ་པ་རབ་བྱུང་བརྒྱད་པའི་མེ་ཕོ་འབྲུག་སྟེ་ཕྱི་ལོ༡༤༩༦ལོར་སླར་ཡང་བཞེངས་ཏེ་སྔར་ལས་བརྗིད་ཉམས་དང་ལྡན་པར་གྱུར། རྒྱལ་པོ་མིང་ཧྲིན་ཙོང་གི་སྐབས་སུའང་ཉམས་པ་ཞིག་གསོ་མཐིལ་ཕྱིན་པ་བྱས།

   དགོན་པ་འདིའི་ཕྱི་སྒོ་ནི་དེ་འདྲའི་རྫིག་ཉམས་ཅན་ཞིག་མ་རེད་ཀྱང་། དགོན་པའི་ནང་དུ་ཐོན་དུས། ཕྱིའི་རྡོ་ཡི་ཐེམ་སྐས་ཕྱོགས་གཉིས་ཅན་དང་། གཡས་གཡོན་གྱི་ཅོང་ཁང་དང་།རྔ་ཁང་། ལྷ་ཁང་སོགས་ཤིན་ཏུ་བརྗིད་ཉམས་དང་ལྡན་པ་ཞིག་བཞེངས་འདུགགོ་ཐོས་སུ་རི་བོ་རྩེ་ལྔའི་དགོན་པ་ཡོངས་ལས་རྟེན་གྱི་བཀོད་པ་ལ་མཚར་སྡུག་སྐུ་བརྙན་གླིང་འདིའི་བརྗིད་ཅིག་མེད་རབས་བཤད་ཀྱང་བདེན་མཆིས། ལྷག་ཏུ་འཇམ་དབྱངས་ལྷ་ཁང་དེའི་ཕྱི་ནང་གཉིས་ཀྱི་བཀོད་པར་ང་རང་ངོ་མཚར། ཆེས་རྗེས་མར་བསྐྱར་བཞེངས་བྱེད་མཁན་ནི་གནམ་བསྐོས་གོང་མ་བདེ་སྐྱོང་ཡིན་རབས་འདུག་པས། སྐབས་དེ་ཙ་ནས་འདི་འདྲའི་ལག་རྩལ་ཕུན་སུམ་ཚོགས་པ་ཞིག་མཆིས་པར་བསམས་ན། མི་བྱ་བའི་རྐང་གཉིས་དེའི་ནུས་པ་བསམ་མི་ཁྱབ་པར་ཡང་བསྐྱར་ངོས་ཟིན་ཅིག་བྱུང་།

   འཇམ་དབྱངས་ལྷ་ཁང་ལ་ཕྱི་ནས་བལྟས་ན་བརྩེགས་གསུམ་བཞི་ཞིག་མེད་དམ་སྙམ་པ་འདྲ། ནང་དུ་འཇམ་དབྱངས་སྨྲ་བའི་སེངྒེའི་སྐུ་བརྙན་གནམ་ལ་ཟུག་འདྲ་ཞིག་བཞུགས། དེ་ནི་མཚར་སྡུག་སྐུ་བརྙན་བྱ་བ་དེ་རེད་ལ། མིང་གཞན་འཇམ་དབྱངས་ཟན་མགོ་མ(文殊骑狻貌圣像)ཞེས་ཀྱང་བྱ།སྔོན་ཆད་ཅིན་རྒྱལ་པོས་འཇམ་དབྱངས་ཀྱི་སྐུ་བརྙན་བཞེངས་དགོས་ཞེས་ལྷ་བཟོ་ཞིག་ལ་བཀའ་ཕབ། ལྷ་བཟོས་ཇི་ལྟར་བཞེངས་དགོས་མ་ཤེས་པར་ལག་ཏུ་ཟན་རིལ་ཞིག་བཟུང་སྟེ་གསོལ་བ་བཏབ་པའི་སྐབས།འཇམ་དབྱངས་དམར་སེར་སེངྒེ་ལ་ཆིབས་པ་ཞིག་གི་ཞལ་གཟིགས་པས། ལྷ་བཟོས་དེ་མ་ཐག་ལག་གི་ཟན་རིལ་གྱིས་སྐུ་འདྲ་བཅས།འཇམ་པའི་དབྱངས་ཀྱིས་ང་དང་འདྲའོ་ཞེས་གསུངས་ནས་མི་སྣང་བར་གྱུར། དེ་ནས་བཟུང་འཇམ་དབྱངས་ཟན་མགོ་མ་ཞེས་ཀྱང་གྲགས། ད་དུང་འཇམ་དབྱངས་སྨྲ་སེང་འདིའི་སྐུ་བརྙན་བཞེངས་ཚུལ་ལ་གཏམ་རྒྱུད་འགའ་རེ་མཆིས་མོད། འདིར་སྤྲོས་པའི་ངལ་བ་མ་བྱས།ཤེས་འདོད་ཅན་གྱི་གང་ཟག་ཚོས་གཞན་ནས་གཟིགས་འཚལ།འཇམ་དབྱངས་སྨྲ་སེང་འདིའི་སྐུ་བརྙན་གྱི་མཐོ་ཚད་ལ་སྨི༡༣ལྷག་ཅེས་ཡོད་ཟེར་མོད། སེངྒེ་དང་བཅས་ཚད་ན་སྨི༡༣གྱིས་མི་ཚད་པ་འདྲ་བ་ཞིག་བཞུགས།གཡས་གཡོན་གྱི་ལྡེབས་ངོས་སུ།འཕགས་པའི་གནས་བརྟན་བཅུ་དྲུག་གི་མཛད་པ་ཆ་ཚང་རྡོ་ཡིས་འབུར་ཐོད་དུ་བརྐོས་འདུག་པས། གལ་ཏེ་གནས་བརྟན་དག་གི་རྣམ་ཐར་དང་སྦྱར་ནས་མཇལ་ལོངས་ཤིག་ཡོད་ཚེ། གློག་བརྙན་ལ་བལྟས་པ་འདྲ་བ་ཞིག་མིན་ནམ་སྙམ་པའང་བྱུང་། རང་རེའི་བྲག་ཡེར་པ་སོགས་སུ་ཧྭ་ཤང་གི་ཆས་སྤྲས་པའི་གནས་བརྟན་དག་གི་འཇིམ་སྐུ་བཞུགས་པ་དེའང་། སྔོན་ཆད་བླ་ཆེན་པོའི་དངོས་སློབ་ཀླུ་མེས་ཆེན་པོ་རི་བོ་རྩེ་ལྔ་སོགས་སུ་ཕེབས་ཏེ། རྒྱ་ནག་གི་བཟོ་ལུགས་ཕྱི་མོ་བྱས་ནས་བོད་ཡུལ་དུ་གནས་བརྟན་དག་གི་སྐུ་བརྙན་གྱི་བཟོ་རྒྱུན་སྤེལ་བ་ལོ་རྒྱུས་སུ་འདུག་པ་དེའང་འདི་ག་རང་ཨེ་ཡིན་བསམས།

   དགོན་པ་དེར་ད་དུང་ལྷ་ཁང་ཡང་རེ་འགའ་བཞུགས་ལ། དགོན་དེའི་ནུབ་བྱང་གི་མཚམས་ཤིག་ན། ཆེན་རྒྱལ་རབས་ཀྱི་ཀོང་ཇོ་ཞིག་གི་བརྩེ་དུང་གི་གཏམ་རྒྱུད་མཚར་ལ་སྙན་པ་ཞིག་འབྱུང་སའི་ལྷ་ཁང(善静室)ཞིག་ཀྱང་ཡོད་རབས་འདུག་ལ། མདུན་ཕྱོགས་ཤིག་ན་ཤེས་རབ་ཀྱི་ཆུ་མིག(般若泉)ཅེས་དབྱར་དགུན་མེད་པར་རྟག་ཏུ་འཁྱིལ་འདུག་ཅིང་།བཏུང་ན་ཤེས་རབ་འཕེལ་བར་བཤད་སྲོལ་འདུག་པ་ཞིག་ཀྱང་མཆིས་ཞེས་ཟེར། སྔོན་གྲུབ་ཆེན་ཨུ་རྒྱན་པ་བྱོན་པའི་སྐབས་སུ་ཆུ་མིག་ཅིག་སྐམ་ཡོད་པ་དེ་ཁོང་བྱོན་པས་སླར་ཡང་བརྡོལ་ཞེས་བཤད་པ་དེ་ཆུ་མིག་འདི་མིན་ནམ་སྙམ་སྟེ་མཇལ་འདོད་ཚ་ཡང་།པེ་ཅིང་ལ་འགྲོ་བའི་རླངས་འཁོར་གྱི་འཛིན་བྱང་ཉོས་ཟིན་པས། དུས་ཚོད་ཀྱི་དབང་གིས་དེ་ཙམ་ཞིག་ལས་མཇལ་ལོངས་མ་བྱུང་།

   མདོར་ན། དགོན་པ་འདི་ནི་ཕྱི་ལོ༡༩༨༣ནས་བཟུང་སྟེ་རྒྱ་ནག་གི་ནང་བསྟན་དགོན་པ་དག་གི་མཆོག་ཏུ་བཞག་འདུག་ཅེས་བཤད། རི་བོ་རྩེ་ལྔར་མཇལ་བ་ཆེས་མང་ས་དེ། དགོན་པ་འདི་དང་། གོང་དུ་བཤད་ཟིན་པའི་ཀླུ་རྒྱལ་ལྷ་ཁང་བྱ་བ་དེ་གཉིས་རེད་འདུག་ཅིང་། དགོན་པ་འདི་ལ་མཇལ་ན་ཤེས་རབ་འཕེལ་ལ།ཀླུ་རྒྱལ་ལྷ་ཁང་ལ་མཇལ་ན་འབྱོར་བ་རྒྱས་ཞེས་པའི་བཤད་སྲོལ་འདུག་པས། རྒྱ་མི་དད་ལྡན་ཚོས་རྒྱ་སྤོས་འདོམ་གང་ཙམ་ཡོད་པ་རེ་ཅི་ཐེག་ཅིག་པང་ནས་འཚུབ་ཆ་དང་བཅས་མཇལ་གྱིན་འདུག འདིར་ཕ་ཡུལ་ཁམས་ཡུལ་ཤུལ་ནས་ཡིན་པའི་མཇལ་བ་སྐོར་ཞིག་དང་ཡང་ཐུག་མོད། ཁོང་ཅག་གིས་ཅི་ཞིག་མཇལ་དགོས་པ་དང་ཇི་ལྟར་མཇལ་དགོས་པ་ཤེས་ཀྱིན་མེད་པས། བརྡ་འཕྲོད་མི་འཕྲོད་ཀྱི་ངང་རང་གི་ཤེས་ཚོད་ཅིག་ཀྱང་ངོ་སྤྲོད་བྱས་མོད། ཁོང་ཅག་གིས་གོ་ཡོད་མེད་ཅི་ཆ། གོ་ཡོད་མདོག་འདྲ་ཞིག་བསྟན་ཏེ་ང་ཚོ་རང་རང་ས་རུ་བཞུད། སྐད་རིགས་མི་གཅིག་པའི་རྒྱ་ནག་པོའི་ཡུལ་དབུས་ཤིག་ཏུ་ཐོན་ཡང་གཞན་ལ་བརྡ་མི་འཕྲོད་པའི་དཀའ་ངལ་ཆེན་པོ་མེད་ཀྱང་། རང་དང་རིགས་རུས་གཅིག་པའི་སྤུན་ཟླ་ཞིག་དང་ངོ་འཕྲད་ན་ཕན་ཚུན་བར་ལ་བརྡ་མི་འཕྲོད་པ་དེ། གཞན་སྔུན་དུ་ངོ་ནོངས་དགོས་པ་དང་། རང་སྔུན་དུ་ཞེ་མེར་དགོས་པའི་གནས་ཤིག་མ་རེད་དམ་སྙམ་བཞིན་གནས་འདི་དང་གྱེས་སོ། །

བཅུ་བཞི་པ། རྩེ་ལྔའི་གནས་བཤད་དང་འབྲེལ་རྒྱ་ནག་གི་དགོན་པ་སྤྱིའི་ཆགས་རིམ་རགས་ཙམ་བཤད་པ།

   རྒྱ་ནག་གི་དགོན་པ་དག་ཆགས་སའི་གཞི་ལ་བསམ་ན། རང་རེ་བཞིན་རྒྱ་གར་གྱི་ཤན་ཞུགས་ཏེ། རི་རྩེའམ། རི་སྐེད་དམ། ཡང་ན་རི་སྡིངས་རེ་ཡི་ངོར་ཆགས་པའམ། ཐ་ན་རི་རྩ་རེ་ལ་ཆགས་མེད་པའི་དགོན་པ་ཕལ་ཆེར་ཉུང་མཐའ་ཙམ་དུ་ཟད། ལྷ་ཁང་སོགས་བཞེངས་ཚུལ་གྱི་ཐད།བོད་ཀྱི་ལྷ་ཁང་ནང་བཞིན་ས་ཆུ་མེ་རླུང་སོགས་ཤིང་བརྐོས་བྱས་པ་དང་། སྒྲ་གཅན་གྱི་མགོ་དང་། མཆོད་པའི་ལྷ་དང་ལྷ་མོ་སོགས་འབུར་ཐོད་དུ་བཏོན་པ་དང་། ཚོན་རིས་སུ་ཕབ་སྟེ་ཁྲ་ཁྲ་ཤིག་ཤིག་མིག་ལ་འཚེར་བ་ཁོ་ན་བཟོས་པའི་སྲོལ་དེ་སོགས་མེད་པ་འདྲ་ལ། རྒྱ་ཕིབས་ཀྱི་ཁ་དོག་ལའང་གཏན་ཁེལ་འདུག་ཅིང་། དམིགས་བསལ་རེ་གཉིས་མ་གཏོགས་ཕལ་ཆེར་གཡུ་འགེབས་ཞེས་བརྗོད་དེ་སྔོ་ལྗང་གི་རིགས་ཁོ་ནར་སྣང་།

   རྒྱ་ནག་གི་དགོན་པ་དག་ལ་ཕྱིའི་རྣམ་པ་སྒྲིག་ལུགས་ཀྱི་ཆ་ནས་སྤྱི་འགྲོས་ཤིག་མཆིས་ཏེ། ར་སྐོར་གཅིག་ཏུ་དགོན་པ་ཡོངས་ཚུད་པར་བྱ་བ་འདུལ་བའི་དཔེ་རིས་སུ་སྣང་བ་ཇི་བཞིན་བཞེངས་ལ། ཕྱིའི་སྒོ་ཆེན་ལའང་དབུས་སྒོ་གཅིག་དང་མཐའ་སྒོ་གཉིས་ཅན་ཞིག་བཞེངས་ཏེ། དམིགས་བསལ་གྱི་བྱེད་སྒོ་རེ་མེད་ཚེ་ནམ་རྒྱུན་མཐའ་སྒོ་གཉིས་པོ་ཕྱེ་བ་ལས་དབུས་སྒོ་ཕྱེ་བའི་སྲོལ་མེད། སྒོ་ཆེན་ནས་ཡར་འཛུལ་ན་ཐོག་མར་མཇལ་ཡོང་བ་དེ་རྒྱལ་ཁང(天王殿)ཡིན་ལ།དེའི་ནང་དུ་གཙོ་ལྷར་བྱམས་སྐུ(弥勒菩萨)ཞིག་བཞེངས།

རྒྱ་ནག་གི་བྱམས་སྐུ་དེ་ལྟོ་བ་ལུག་པ། མགོ་རེག་པ། དཀྱིལ་ཀྲུང་ཕྱེད་པར་བཞུགས་པ། སྙན་ཤལ་དཔྱངས་པ། ཕྱག་གཡོན་པར་ཕྲེང་བ་འཛིན་ཅིང་གཡས་པས་མཉམ་བཞག་གི་ཕྱག་རྒྱའི་ཚུལ་གྱིས་པུས་མགོར་ཕབ་པ།ཞལ་འཛུམ་དང་ལྡན་པ་ཞིག་བཞེངས་སྲོལ་ཡོད་པས། མཇལ་མ་ཐག་ཏུ་སྤྲོ་བ་སྐྱེད་ཐུབ་པ་ཞིག་ཡིན།བོད་པ་ལ་ལས་རྒྱ་ནག་ཧྭ་ཤང་དུ་འཁྲུལ་ལ།ཁ་ཅིག་ཛམ་བྷ་ལར་ནོར་ཏེ་གཡང་འབོད་དུའང“རྒྱ་ནག་ཧྭ་ཤང་བུ་ཡིས་གཡང”ཞེས་བཏོན་ཏེ་བྱམས་སྐུ་ཡིན་པར་ངོས་ཟིན་མཁན་ཉུང་ཉུང་ཡིན།འདི་ལའང་འགྲེང་བཞུགས་དང་བྱིས་པ་མང་པོས་བསྐོར་བ་སོགས་བཞེངས་སྟངས་ཅི་རིགས་ཤིག་མཆིས་ཀྱང་།ཕལ་ཆེ་བ་གོང་དུ་བཤད་པ་ལྟར་བཞེངས་ལ་ལྷག་ཏུ་རྒྱལ་ཁང་ནང་གི་བྱམས་སྐུ་དེ་གོང་བཞིན་ནོ། །

རྒྱལ་ཁང་གི་ཕར་ཚུར་གྱི་རྩིག་འགྲམ་དུ་རྒྱལ་ཆེན་སྡེ་བཞི་རང་རེའི་བཟོ་རྒྱུན་དང་གཅིག་འདྲར་སྣང་བ་དག་བཞེངས་ལ། ཅུང་ཟད་མི་འདྲ་བ་ནི་རང་རེའི་འདུ་ཁང་གི་སྒོ་འཕྱོར་ནང་དུ་བཞེངས་པའི་རྒྱལ་ཆེན་གྱི་སྐུ་ནི་བྲིས་སྐུ་ཡིན་པ་དང་། རྒྱ་ནག་གིས་ནི་འབག་སྐུར་བཞེངས་པ་དེའོ།  །བྱམས་སྐུའི་རྒྱབ་ཏུ་གནའ་བོའི་རྒྱ་གར་ལྷོ་ཕྱོགས་ཀྱི་དམག་དཔོན་ཞིག་སངས་རྒྱས་ཀྱི་ལུང་གིས་ཟིན་པའི་ཆོས་སྐྱོང་ཞིག་ཡིན་ཞེས་བརྗོད་ཅིང་། ཝེའུ་ཐོ་ཕུ་སཱ(韦驮菩萨)ཞེས་འབོད་པའི་རྒྱ་ནག་རང་གི་དམག་ཁྲབ་སོགས་མནབས་པ་ཞིག་བཞེངས་སྲོལ་མཆིས། དེ་ནི་ཧྭ་ཤང་དག་གིས་ཧ་ཅང་གཙིགས་ཆེར་འཛིན་པར་བྱེད་ཅིང་། མཆོད་འབུལ་བྱེད་པའི་སྐབས་ཐམས་ཅད་དུ་ཐོག་མར་འདི་ལ་མཆོད་འབུལ་བྱེད་སྲོལ་འདུག

   རྒྱལ་ཁང་དེའི་ལྟག་སྒོ་ནས་ཡར་འཛུལ་ན་འདུ་ཁང་ཆེན་མོའི་སྒོ་རྩར་སླེབས།འདུ་ཁང་ནང་དུ་ཕྱོགས་བཞིའི་སངས་རྒྱས་དག་འཇིམ་པ་དང་།ཡང་ན་ཤིང་གིས་བཟོས་ཏེ་བསོད་ནམས་ཆེ་བའི་མཚོན་དོན་དུ་དབུ་དང་བྲང་སོགས་ཞེང་ཆེ་བ་རེ་བཞེངས་པ་དང་། འཕགས་པའི་གནས་བརྟན་བཅུ་དྲུག་སོགས་གསོན་ཉམས་དང་ལྡན་པ་རེ་བཞེངས་སྲོལ་འདུག འདུ་ཁང་གི་ལྟག་རྒྱབ་ན“祖师殿”ཞེས་དགོན་པ་སོ་སོའི་བརྒྱུད་པའི་བླ་མ་དག་གི་སྐུ་འདྲ་བཞུགས་པའི་ལྷ་ཁང་ཞིག་མཆིས་ལ། དེའི་ནང་དུ་བླ་བརྒྱུད་དག་འཇིམ་བཟོ་དང་ཤིང་བཟོ་ཞིག་བཞེངས་ཐུབ་ན་རབ་དང་། མ་ཐུབ་ནའང་ཤིང་བྱང་ཞིག་ཏུ་བླ་མ་དག་གི་མཚན་བྲིས་ཏེ་སྐབས་རེར་མཆོད་འབུལ་རེའང་བྱེད་སྲོལ་འདུག དགོན་པའི་གཡས་གཡོན་ཕར་ཚུར་དུ་ཅོང་ཁང་དང་། རྔ་ཁང་ཞེང་ཕྲ་ཞིང་བརྩེགས་མཐོ་བ་རེ་བཞེངས་ཏེ། ནངས་མོར་མལ་ནས་ལྡང་བ་དང་། ནུབ་མོར་མལ་དུ་འཇུག་པའི་ཚོད་དུ་གྲྭ་པ་གཉིས་ཀྱིས་འདོན་དབྱངས་རྟ་དང་བཅས་ཏེ་རྡུང་བར་བྱེད། རང་རེའི་ཞོགས་དུང་དང་གཟིམ་དུང་གི་ཚབ་མིན་ནམ་སྙམ།

   མདོར་ན། སྒོ་ཆེན་སུམ་སྒོ་ཅན་དང་། རྒྱལ་ཁང་། འདུ་ཁང་། བླ་བརྒྱུད་ལྷ་ཁང་གསུམ་སོགས་གཅིག་གི་རྒྱབ་ཏུ་གཅིག་བཞེངས་ཏེ་ཕྲེང་བསྒྲིགས་པ་ལྟར། དཔེར་ན། པེ་ཅིང་གི་གནམ་བདེ་སྒོ་མོ་ཆེ་སོགས་འཕྲོ་རིམ་འཕྲོར་བསྒྲིགས་པ་བཞིན་ནོ། །དགོན་པའི་གཡས་གཡོན་དུ་ཅོང་ཁང་དང་རྔ་ཁང་གཉིས་བཞེངས་པའི་སྲོལ་དེ་སོགས་ནི་རྒྱ་ནག་གི་དགོན་པ་སྤྱིའི་ཆགས་ལུགས་སུ་སྣང་། ད་དུང་མཁར་དབྱིབས་ཅན་གྱི་མཆོད་རྟེན་རེའང་དགོན་པ་རེར་ཕལ་ཆེར་མེད་ཚོད་མི་འདུག དེ་མིན་དགོན་པ་སོ་སོའི་དམིགས་བསལ་གྱི་ལྷ་ཁང་རེ་བཞེངས་པ་མ་གཏོགས་དགོན་པའི་ཆགས་དབྱིབས་ཕལ་ཆེར་གཅིག་མཚུངས་སུ་གྱུར། དེ་རིགས་ནི་རི་བོ་རྩེ་ལྔའི་དགོན་པ་ཁོ་ནའི་ཆགས་ཚུལ་ཙམ་མ་ཡིན་ལ། རྒྱ་ནག་གི་དགོན་པ་ཡོངས་ཀྱི་སྤྱི་འགྲོས་སུ་གྲགས།

   རྒྱ་ནག་གི་དགོན་པ་དག་ནི་རང་རེ་བོད་ཀྱི་དགོན་པ་ཚོ་ལྟར། ཕྱིའི་ར་སྐོར་མེད་ལ། གང་ན་སྟབས་བདེ་ན་དེ་རུ་ལྷ་ཁང་སོགས་བཞེངས་པ་ལས། གོ་རིམ་དང་འཆར་གཞི་སོགས་གང་ཅིའང་མེད་དེ་མཇལ་ན་སྟབས་མི་བདེ་བའི་ཉ་ཉོག་ཅིག་མ་ཡིན་ལ། ཐ་ན་ལྷ་ཁང་དག་གི་སྒོ་གདན་འགོམ་སྟངས་ཙམ་ལའང་ཐུན་མོང་མ་ཡིན་པའི་འགྲོ་ལུགས་རེ་མཆིས། བློ་གཟུ་བོར་གནས་ཏེ་སྨྲ་ན། དགོན་པའི་ཆགས་སྟངས་དང་། གྲྭ་པའི་འཚོ་གནས་དང་། ལམ་ལུགས་སྒྲིག་སྲོལ་སོགས་ཀྱི་ཐད་ནས་བོད་ཀྱི་དགོན་ཆེན་ཞིག་གིས་ཀྱང་རྒྱ་དགོན་ཆེས་ཆུང་བ་ཞིག་ལ་ཡང་དོ་བསྡོ་བར་མི་ནུས། ནང་གི་ཉམས་རྟོགས་སོགས་བཤད་པ་མིན། དེ་འདྲ་སྨྲ་ན་དོན་མེད་ཀྱི་ཁོང་ཁྲོ་ལངས་སྐྱེན་པའི་སྨྲ་ཁམས་ཅན་རྣམ་པས་བཀའ་བཀྱོན་གྱི་དྲག་ཆར་འབེབས་ཡོང་ངེས་ཀྱང་། གནས་ལུགས་ལ་བློ་མིག་ལྡོངས་པ་དག་ལ་བཤད་པ་མིན་གྱི། ཅུང་ཙམ་བློ་རྒྱ་སྐྱེད་ཐུབ་པ་དག་གིས་ཞིབ་ཀྱིས་གཞལ་ཏེ་འགྲིག་མིན་གྱི་འཁྲུན་ཐག་གཅོད་པའི་རེ་བ་ལྕིའོ། །

   སྤྱིར་ཡིན་ན། རྒྱ་ནག་གི་དགོན་པ་སྤྱི་ལ་ཁྱབ་པའི་སྒྲིག་ཡིག་ཐང་རྒྱལ་རབས་སྐབས་ཀྱི་བསམ་གཏན་པ་ཆེན་པོ་པེའེ་ཀྲང་ཏ་ཏྲིས(百丈大智禅师)བཞག་པའི《དབེན་དགོན་གྱི་གཙང་ཁྲིམས་ཉི་ཤུ་པ》(《二十条丛林清规》)སོགས་ལ་ཞིབ་ཀྱིས་བརྟགས་ཏེ།བོད་དགོན་དང་རྒྱ་དགོན་གྱི་ཁྱད་པར་སོགས་ཅུང་ཙམ་གླེང་འདོད་ཡོད་མོད།རྒྱུ་ཆ་མ་འཛོམས་པ་དང་།དུས་ཚོད་ཀྱི་བྲེལ་བ་སོགས་ལ་བརྟེན་རེ་ཞིག་མཚམས་གཅད་པར་བྱ།གཞུག་ཕྱོགས་སྐབས་དང་ལྡན་ན་ཀློག་པ་པོར་སྤྱན་བསྟར་ཞུ་ཡོང་བའི་སྨོན་པ་ཆེ། འདིར་ཉུང་ཙམ་བྲིས་པ་ནི་རགས་རིམ་ནང་གི་རགས་རིམ་ཞིག་གོ །

   ཆེས་ཡ་མཚར་བ་ཞིག་ལ།རྒྱ་ནག་ནི་སྤྱན་རས་གཟིགས་ཀྱི་སྐུ་ལ་ལྷག་ཏུ་དད་པ་ཡོད་མཁན་ཞིག་ཏུ་སྣང་ལ། འབྲུག རྨ་བྱ། སེངྒེ། གླང་ཆེན། སྟག་སོགས་ཆིབས་པ་སྣ་ཚོགས་ཅན་དང་། གནམ་ལ་འཕུར་བ། ས་ལ་བཞུགས་པ། ཉལ་སྟབས་སུ་གནས་པ། གྱེན་དུ་འགྲེང་བ། འཕྲེད་དུ་འཁོར་བ་སོགས་སྤྱོད་པ་སྣ་ཚོགས་ཅན་དང་། དཀར་སེར་དམར་ལྗང་སོགས་ཁ་དོག་སྣ་ཚོགས་པ་དང་། ཕྱག་གཉིས་ཅན། བཞི་ཅན། བརྒྱ་ཅན། སྟོང་ཅན་སོགས་དང་། སྤྱན་ཡང་དེ་བཞིན་ཏེ་སྐུ་སྣ་ཚོགས་པ་དང་། བུམ་པ་དང་། མེ་ཏོག་དང་། ཁ་ཊཱཾ་དང་། རལ་གྲི་སོགས་ཕྱག་མཚན་སྣ་ཚོགས་པ་དང་། སང་རས། བེར། གོས་ཆེན་སོགས་ན་བཟའ་སྣ་ཚོགས་མནབས་པ་སོགས་སུ་བཞེངས་སྲོལ་འདུག་པས།རང་རེའི་སྤྱན་རས་གཟིགས་ཕྱག་བཞི་པ་ཞི་བའི་མདངས་ཅན་ཞིག་བཞེངས་སྲོལ་དེ་ལྷ་དབང་ཕྱུག་ཆེན་པོ་དང་འཁྲུལ་ཞེས་བརྗོད་མོད། ཞིབ་ཀྱིས་བལྟས་ན་ཕྱག་མཚན་སོགས་ཀྱི་ཆ་ཕྲ་མོ་རེ་ལ་ཁྱད་མཆིས་ཀྱང་། རྒྱ་ནག་གི་སྤྱན་རས་གཟིགས་ཀྱི་སྐུ་འགའ་རེ་ནི་ཕྱག་ན་ཁ་ཊཱཾ་འཛིན་པ་སོགས་དངོས་གནས་ལྷ་ཆེན་དབང་ཕྱུག་གི་སྐུ་མཚན་ཉིད་པ་རེ་མིན་ནམ་སྙམ་པ་བྱུང་།

བཅོ་ལྔ་པ། མཇུག་བསྡུ་བའི་བཤད་པ།

   ལྕང་སྐྱ་རོལ་བའི་རྡོ་རྗེ་ལྟར་ན་རི་བོ་རྩེ་ལྔར་བསྡོམས་པའི་གནས་བརྒྱ་དང་བདུན་ཡོད་ཅེས་གསུངས་མོད།ཁོང་གི་གནས་བཤད་ལ་ཞིབ་ཀྱིས་བལྟས་ན།རི་བོ་ལྔའི་ཕྱི་སྐོར་དང་ནང་སྐོར་ཐམས་ཅད་ཀྱི་གཙུག་ལག་ཁང་སོགས་གནས་ཡོད་ཚད་ལྷག་ལུས་མེད་པར་བརྩིས་ན་བརྒྱ་དང་བདུན་གྱིས་མི་ཚད་སྙམ། གང་ལྟར་གནས་ཅི་ཡོད་གཅིག་གྱུར་ཅིག་མི་འདུག གནས་བཤད་དག་གི་ནང་དུའང་སོ་སོས་གྲངས་རེ་བགྲང་འདུག་ལ། ལ་ལས་བརྒྱད་ཅུ་རྩ་དྲུག་ལས་མེད་ཅེས་བཤད་ཀྱི། ལ་ལས་བརྒྱ་དང་ཉེར་ལྔ་ཡོད་ཅེས་ཟེར། འགའ་རེས་བརྒྱ་རྩ་བརྒྱད་ཡོད་ཅེས་ཟེར་ཏེ་གནས་བཤད་རེའང་བརྩམས་འདུག སྣེ་ཤན་པ་ཞིག་གིས་བཤད་ན་གནས་བརྒྱ་དང་ལྔ་བཅུ་ལྷག་ཅིག་ཡོད་ཟེར། གནས་འདིའི་མི་རྣམས་ཀྱིས་ཀྱང་དེ་མཚུངས་ཤིག་བགྲང་གིན་འདུག བཤད་སྲོལ་ལ་རིག་གསར་མ་བྱུང་ཡར་སྔོན་དུ་གནས་ལྔ་བརྒྱ་ལ་ལོངས་ཙམ་ཞིག་ཡོད་རབས་འདུག གལ་ཏེ་བྲེལ་བ་མེད་པའི་མཇལ་སྐོར་བ་རེ་ཡོད་ན། དབྱར་ངོ་གཅིག་གི་དུས་ཚོད་དཔྱད་དེ། རེ་རེ་བཞིན་ཞིབ་མཇལ་ཞིག་བྱས་ཐུབ་ཚེ། ད་ལྟའི་གནས་ཅི་ཡོད་ཀྱི་གྲངས་དེ་ངོས་ཟིན་ངེས་ཀྱི། དེ་མིན་འདི་ཡོད་ཀྱི་ཁ་ཚོན་གཅོད་དཀའོ། །

   ད་རེབ་རང་ཅག་དག་མཇལ་དུ་སོང་བའི་དུས་ནི་དགུན་ཁར་ཁེལ་ཞིང་།གནས་དེར་ཙག་ངར་ཆེ་བས་མཇལ་སྟབས་ཀྱང་བདེ་བོ་མེད་ལ། སྤྱིར་དུས་ཚོད་དང་ཆ་རྐྱེན་གང་ཅིའི་ཐད་ནས་ཡུན་རིང་འདུག་པའི་འཆར་གཞི་མེད་པས། ཉིན་ཞག་བཞི་ཙམ་སྤྱད་དེ་མཇལ་མོད།གོང་དུ་བཤད་པའི་གནས་དེ་དག་ལས་མཇལ་མ་ཐུབ། ཉིན་མོར་མཇལ་ཞིང་། ནུབ་མོར་ཕ་མ་གཉིས་ལ་རི་བོ་རྩེ་ལྔའི་གནས་བཤད་ཉུང་ཙམ་པ་རེ་བྱས་པ་ཡིན་མོད། ཁོང་གཉིས་ཀས་དབྱར་ཁ་ཞིག་ཡིན་ན་ད་རུང་ཉིན་ཁ་ཤས་ལ་མཇལ་ན་ཅི་མ་རུང་ཞེས་ཟེར། གང་ལྟར་དེ་འདྲ་ཞིག་ལས་མཇལ་མ་ཐུབ་ཀྱང་། མཇལ་ཐུབ་པ་དག་ནི་རི་བོ་རྩེ་ལྔའི་གནས་ཀྱི་མཆོག་རྣམས་ཡིན་པར་བཤད། དཔེར་ན། བྱང་ཆུབ་སྤོ་དང་། སྒྲ་གཅན་འཛིན་གྱི་ལྷ་ཁང་། མངོན་གསལ་གླིང་། ནོར་བུ་ཆེན་པོའི་མཆོད་རྟེན་གླིང་། མཚར་སྡུག་སྐུ་བརྙན་གླིང་སོགས་ཀྱི་འཇམ་དཔལ་དབྱངས་ཀྱི་སྐུ་རྣམས་ནི་འཇམ་དབྱངས་རིགས་ལྔར་གྲགས་ལ། གནས་འདིའི་རྟེན་གྱི་མཆོག་ཡིན་པས་དེ་རྣམས་ནི་མཇལ་ཐུབ་པར་མ་ཟད། དུང་དཀར་ཏོག་སོགས་གནས་འགངས་ཆེན་འགའ་རེའང་མཇལ་ཐུབ་སོང་།

   སྤྱིར་དེ་གའི་གནས་ཐམས་ཅད་མཇལ་བའི་རེ་བ་ཆེ་ལ། ལྷག་ཏུ་ད་རུང་མཇལ་འདོད་ཆེ་བའི་གནས་རེ་གཉིས་ཡོད་པ་ནི། རིག་འཛིན་ཚངས་དབྱངས་རྒྱ་མཚོ་ལོ་ངོ་དྲུག་ཙམ་གྱི་ཡུན་དུ་བཞུགས་སའི་སྤྱན་རས་གཟིགས་ཀྱི་སྒྲུབ་ཕུག(观音洞)དང་། ལྕང་སྐྱ་ཚང་གི་གདུང་རྟེན་བཞུགས་སའི་རྒྱ་མཚོ་འདུལ་བའི་གླིང(镇海寺)དང་། སློབ་དཔོན་བི་མ་ལ་མི་ཊའི་སྒྲུབ་ཕུག་ཏུ་གྲགས་པའི་སྲེད་མེད་བུའི་ཕུག་པ(那罗延窟)དང་། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་རྣམ་རྒྱལ་མའི་གཟུངས་གདན་དྲངས་པའི་གནས་རྡོ་རྗེའི་ཕུག(金刚窟)དང་། རྗེ་བཙུན་འཇམ་པའི་དབྱངས་དང་བྱང་སེམས་གཞོན་ནུ་ནོར་བཟང་རྣམ་གཉིས་ཀྱིས་བགྲོ་གླེང་མཛད་པའི་གནས་ནོར་བཟང་སྒྲུབ་ཕུག(善财洞)དང་། ཏ་ལའི་ལོ་མར་བྲིས་པའི་མདོ་སྡེའི་རྒྱ་དཔེ་རྙིང་བ་བཞུགས་གནས་འཇམ་དཔལ་སྡེ་ཆེན་གླིང(大文殊寺)དང་། རང་ནི་རྒྱལ་རབས་གླེབས་བམ་ཁྲོད་ཀྱི་མི་སྣ་གྲགས་ཅན་དག་ལ་དགའ་བས་སུང་རྒྱལ་རབས་སྐབས་ཀྱི་དམག་དཔོན་གྲགས་ཅན་དབྱང་ཡེ(杨业)ལ་བུ་སྟག་འདྲ་གཟིག་འདྲ་བརྒྱད་ཡོད་པ་ལས་བུ་ལྔ་པ་དབྱང་ཝོས་ལང(杨五郎)དགྲ་བོའི་མཚོན་ཁ་ལས་ཐར་ཏེ་རབ་ཏུ་འབྱུང་བའི་གནས་ཀླུའི་ཆུ་ཀླུང་དགོན(龙泉寺)ལ་ཡང་མཇལ་འདོད་ཆེ་བ་དང་། ས་པཎ་དང་མན་ལུང་གུ་རུ་གཉིས་ཀྱིས་ནུབ་རིའི་ངོས་ཤིག་ན་བློན་པོ་མགར་གྱིས་བཙུགས་པའི་རྡོ་རིང་ཆེན་པོ་ཞིག་ཡོད་རབས་གསུངས་པ་དེ་སོགས་དང་། རི་བོ་ལྔའི་རྩེ་སོགས་སུ་འགྲོ་འདོད་མཆིས་ཀྱང་། དུས་ཚིགས་ཀྱིས་སྟབས་མ་ཁེལ་བ་སོགས་རྐྱེན་སྣ་ཚོགས་ཀྱིས་ད་ཐེངས་དེ་ཙམ་ལས་མཇལ་མ་ནུས་མོད། ཐུའུ་བཀན་བློ་བཟང་ཆོས་ཀྱི་ཉི་མས་གནས་དབེན་པའི་དགའ་ཚལ་འདི་ལྟ་བུར་མི་ཚེ་བློ་ཡིས་བཏང་སྟེ་སྒྲུབ་པ་ཁོ་ནར་རྩེ་གཅིག་ཏུ་གཞོལ་བར་སྨོན་ལམ་བཏབ་པ་ལྟ་བུའི་བློ་སྟོབས་མེད་ཀྱང་རུང་། གནས་ཐམས་ཅད་མཇལ་བའི་སྐལ་ལྡན་ཞིག་ཏུ་འགྱུར་འདོད་ཤིན་ཏུ་ཚ་བས། དེ་ལྟར་འགྱུར་བར་སྨོན་ལམ་ལན་བརྒྱར་བཏབ་པ་ལགས་སོ། །

   ད་ནི་ཟིན་བྲིས་འདིའི་མཇུག་གྲུབ་པ་ཡིན་ཏེ། ཅིག་ཤེས་ན་ཟིན་བྲིས་འདི་ཉིད་བྱ་རོག་སོར་རྟོག་གི་བསྟན་བཅོས་ལྟ་བུ་ཞིག་ཏུ་གྱུར་ཀྱང་ཡོད་ངེས། གང་ལྟར། ཧོར་བྲག་མགོ་ཕྱོགས་ཀྱི་རྙིང་མའི་མཁན་པོ་ཞིག་གིས་བྲིས་པའི་གནས་བཤད་དང་། ཙོང་ཁའི་བ་ཡན་ཕྱོགས་ཀྱི་དགེ་ལུགས་པའི་གྲྭ་བ་ཞིག་གིས་བྲིས་པའི་གནས་བཤད་དག་དང་མི་འདྲ་བར། ཕྱོགས་སུ་འཐེན་པའི་ཀུན་སློང་རྩིང་པོ་སྤུ་རྩེ་ཙམ་གྱིས་ཀྱང་བསླད་མེད་པ་མཆོག་གསུམ་བདེན་པའི་རྒྱལ་པོ་དཔང་དུ་བཞག་ཆོག ཕྱོགས་རིས་ཀྱི་དགོས་པའང་མི་འདུག་སྟེ། གུས་པ་རང་ནི་ཇོ་ནང་པའི་བསྟན་ཞབས་སུ་ལས་ཀྱི་སྐྱེ་བ་བླངས་པའི་མིའུ་ཐུང་ཞིག་ཏུ་ལགས་ན། ཇོ་ནང་པ་ལ་གནས་འདི་ཕྱོགས་སུ་འཐེན་འོས་པའི་ལོ་རྒྱུས་ཀྱི་རྒྱུ་ཆ་ཕྲ་མོ་ཙམ་ཡང་ཡོད་པ་མཐོང་ཐོས་ཀྱི་ཡུལ་དུ་གྱུར་མ་མྱོང་བས། བརྒྱ་ལ་ཁོ་ཚོ་ནང་བཞིན་རིས་གཅོད་ཀྱི་བསམ་བློ་ཞིག་ཡོད་པའི་དབང་དུ་ནའང་། རྒྱབ་དཔུང་གང་ཅིའང་མེད་པས་སྟོང་བསམ་རིང་ལུགས་ཀྱི་རྗེས་སུ་འཛིན་པ་ཁོ་ནའོ། །མི་ལ་ལས་ཇོ་ནང་རྗེ་བཙུན་གྱི་སྐུ་གདུང་ཞིག་ཀྱང་རི་བོ་རྩེ་ལྔའི་གནས་ག་ཤེད་ཅིག་ཏུ་ཡོད་ཅེས་ཟེར་ཏེ་ཁུངས་མེད་ཀྱི་གཏམ་འཆལ་རེ་སྒྲོག་གིན་འདུག་མོད། མ་མཐོང་ཕྱིར་ན་མེད་པ་མིན་པས། ཅིག་ཤེས་ན་ཡོད་སྲིད་ཀྱང་། ཕྲན་ནི་བློ་རྒྱ་དོག་པས་ཁུངས་གང་ཡང་རྙེད་པར་མ་གྱུར་ཅིང་། ཁུངས་མེད་ཀྱི་རྫུན་ཚིག་སྒྲོག་པའི་སྤོབས་པ་ཡང་མ་མཆིས་སོ། །

   གཞན་ཡང་།སློབ་དཔོན་པདྨ་འབྱུང་གནས་དང་། རྗེ་བཙུན་ཙོང་ཁ་པ་སོགས་ཀྱང་སྤྲུལ་བསྒྱུར་གྱི་གར་ལ་རོལ་ཏེ་གནས་འདིར་བྱོན་པའི་བཤད་རྒྱུན་རེ་མཆིས་མོད། “བདེན་རྫུན་ཇི་ལྟ་བུས་ཀྱང་རུང་གིངོ་མཚར་ཧ་ཅང་ཐལ་ཆེ་བའི་གཏམ་རྒྱུད་རྣམས་ལོ་རྒྱུས་དཀྱུས་མ་དང་མ་བསྲེས་པར་ཟུར་དུ་བཤད་ན། དད་པ་མི་ཉམས་པ་དང་། རྒྱལ་རབས་མི་འཇིག་པ་དང་། བླུན་པོ་སྨྲ་ཁམས་ཅན་རྣམས་ལང་ལ་མི་འཆོར་བ་སོགས་ཀྱི་དགོས་པ་རྒྱ་ཆེན་པོ་མཆིས”ཞེས《དེབ་དཀར》མཁན་པོས་གསུངས་པར་བརྟེན། ཐུན་མོང་གི་སྣང་ངོར་འཆར་ཐུབ་པ་ཤ་སྟག་ལས། ཐུན་མིན་གྱི་མཛད་པ་རླབས་ཆེ་བ་དག་རེ་ཞིག་ལོགས་སུ་དོར་བ་ཡིན།

   མདོར་ན། གནས་འདིར་འཇམ་དཔལ་དཔའ་བོའི་ཞལ་གཟིགས་རབས་ཀྱི་གཏམ་རྒྱུད་མཚར་ལ་རིང་བ་གནའ་དུས་ནས་བཤད་དུ་ཡོད་ལ། དེང་སང་ཡང་སྤོབས་པའི་མཆོག་མངའ་བའི་རྒྱ་བོད་ཀྱི་སེར་མོ་བ་རེ་གཉིས་དང་། གཏེར་སྟོན་དང་ཌཱ་ཀིའི་གྲུབ་པ་བརྙེས་པར་རློམ་པ་ཁ་ཅིག་གིས་ཀྱང་ཞལ་དངོས་སུ་མཇལ་རབས་ཀྱི་བཤད་པ་ཇི་སྙེད་ཅིག་འདུག་མོད། ཕྲན་གྱི་ལས་མ་དག་པའི་སྣང་བ་ཐལ་འཚུབ་བཞིན་འཕྱུར་བ་ཡིན་ཤས་ཆེ་སྟེ། རྒྱ་གར་རིག་བྱེད་ཀྱི་གཏམ་རྒྱུད་དང་འདྲ་བ་དག་ནི་ཉི་མ་འགྲོ་ཐབས་ཀྱི་རིགས་པར་བརྩི་བ་ལས། ཐང་མ་སྐམ་ཐབས་ཀྱི་ཚད་མའི་རིགས་པ་ཞིག་ཡིན་པར་བློ་རྟོན་ཐུབ་མཁན་ཞིག་ནི་གུས་པ་མ་ཡིན་པས། འདི་ནའང་སྤྲོས་པའི་ངལ་བ་ཐོད་དུ་མ་བླངས། གཏམ་རྒྱུད་ལ་ཐུགས་དགྱེས་པ་དག་གིས་གཞན་ནས་གཟིགས་ན་རྒྱས་མ་ཆེ་ན་བསྡུས་མི་ཆེ་བ་ཞིག་བཞུགས་པས། ཁྱེད་ཀྱི་མགུ་ཁ་གཏིང་ནས་གང་སྟེ་ཁ་རུ་འཕྱུར་བ་ཞིག་ཡོང་བ་ཁོ་ཐག་ཆོད། དེ་ཡིས་ན་འདིར་ཟློས་བརྗོད་ཀྱི་བྲོ་གར་འཁྲབ་པ་དོར་ཞིང་། སྔོན་ཆད་ཡོད་པ་ཞིག་མེ་ལོང་ནང་དུ་མངོན་པ་བཞིན་བྱེད་བློའང་མ་མཆིས་པས། འདིར་དཔེ་ཐོག་བྲོ་རྡུང་ཞིག་ཏུ་མི་འགྱུར་བར་རང་ཤུགས་ཅི་ཡོད་བཏོན་ཏེ་བྲིས་པ་ཡིན་མོད། བྲིས་ཚར་དུས་ཕྱི་མིག་ཅིག་འཕངས་ཏེ་བསྐྱར་ཀློག་ཅིག་བྱས་པ་ན། དཔེ་ཐོག་བྲོ་རྡུང་དངོས་གནས་པ་ཞིག་ཏུ་གྱུར་མི་འདུག་གམ་སྙམ་པའི་དོགས་པ་རང་ལའང་སྐྱེས། གལ་ཏེ། དུས་ཚོད་ཆུད་གཟོན་པའི་བསྐྱར་ཟློས་ཀྱི་སྙིགས་རོས་ཁེངས་པའི་ཡིག་ཉོབ་ཅིག་ཏུ་གྱུར་ཡོད་ན། ཕྲན་གྱི་བློ་གྲོས་ཀྱིས་མ་ལྕོགས་པ་ཡིན། འོན་ཀྱང་། “ཤེས་པས་མཁས་པར་འགྲོ་བ་དང་། མ་ཤེས་པས་བླུན་པོར་འགྲོ་བ་ཞིག་ནི་མ་ཡིན”ཞེས་གསུངས་པ་ཇི་བཞིན། རང་གི་འདོད་པ་ལྟར་དུ་བྲིས་ཏེ་གྲུབ་པས། མ་ཤེས་པར་ངོ་ནོངས་པ་དང་། མ་ལྕོགས་པར་འགྱོད་པ་སྐྱེ་བའི་བསམ་ཚུལ་ནི་ཏིལ་གྱི་ཕུབ་མ་ཙམ་ཡང་མ་བྱུང་ལ། འབྱུང་བར་མི་འགྱུར་རོ། །

“ལར་ངེད་ཀྱིས་བཤད་པ་འདི་ཕལ་ཆེར་བོད་ཀྱི་བློ་ངོ་ན་རྒྱ་ཆུང་དྲགས་པ་དང་ངོ་མཚར་ཉུང་དྲགས་པ་རྐྱང་དུ་སོང་བ་བདེན་མོད། ཁྱེད་རྣམས་གནས་མཇལ་བྱེད་པ་དང་། ལོ་རྒྱུས་དཔྱོད་པ་སོགས་གང་གི་སྐབས་སུ་ཡང་ངེད་ཀྱིས་སྨྲས་པ་འདི་དག་ལ་ཆ་རེ་ཞོག་དང་། ཅུང་ཟད་མི་ནོར་བ་ཡོང”ཞེས་དྲན་དབང་དགེ་ཆོས་མཆོག་གི་གསུང་དུམ་འདིས་གཞུང་བསྡུས་ཏེ་རེ་ཞིག་གནས་བཤད་དམ་ཡུལ་སྐོར་ཟིན་བྲིས་འདིའི་མཇུག་རྫོགས་པར་གྱུར་ཅིག


༢༠༢༠/༣/༡ཉིན་དབུ་བརྩམས།
༢༠༢༠/༣/༡༤ཉིན་ཡོངས་སུ་གྲུབ།
རི་བོ་རྩེ་ལྔར་གནས་མཇལ་དུ་སོང་བའི་དུས་ཚོད་ནི༢༠༡༩/༡༢/༢༦~༢༨བར།

   ཟུར་བལྟས་ཡིག་ཆ།


ལྕང་སྐྱ་རོལ་བའི་རྡོ་རྗེས་བརྩམས་པའི《ཞིང་མཆོག་རི་བོ་དྭངས་བསིལ་གྱི་གནས་བཤད་དད་པའི་པདྨོ་རྒྱས་བྱེད་ངོ་མཚར་ཉི་མའི་སྣང་བ།》

དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར་བའི《ཐང་ཡིག་གསར་མ་ལས་བྱུང་བའི་ཐུ་བྷོད་ཀྱི་གླེགས་བམ།》

བདེ་སྐྱིད་ཀྱིས་བསྒྲིགས་པའི《རྦ་བཞེད་ཕྱོགས་བསྒྲིགས།》

མན་ལུང་གུ་རུས་བརྩམས་པའི《མན་ལུང་གུ་རུའི་ལམ་ཡིག》

བཙན་པོ་སྐུ་ཕྲེང་བཞི་པ་བསྟན་འཛིན་འཕྲིན་ལས་ཀྱིས་བརྩམས་པའི《འཛམ་གླིང་ཆེན་པོའི་རྒྱས་བཤད་སྣོད་བཅུད་ཀུན་གསལ་མེ་ལོང་།》

སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་གྱིས་བརྩམས་པའི《འཛམ་གླིང་སྤྱི་བཤད་ངོ་མཚར་གཏམ་སྙན།》

སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་གྱིས་བརྩམས་པའི《པཎྜི་ཏ་སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་མཆོག་གི་སྤྱོད་ཚུལ་བརྗོད་པ་སྒྲ་འཛིན་བཅུད་ལེན།》

ལྷ་བཙུན་ངག་དབང་རྡོ་རྗེས་བརྩམས་པའི《ཚངས་དབྱངས་རྒྱ་མཚོའི་གསང་རྣམ།》

པྲ་ཏི་རིན་ཆེན་དོན་གྲུབ་ཀྱིས་བརྩམས་པའི《བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་དཔལ་བཟང་པོའི་རྣམ་པར་ཐར་བ་མདོར་བསྡུས།》

ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་བརྩམས་པའི《གསུང་མགུར་བསླབ་བྱ་དང་ཆབ་ཤོག》

ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་བརྩམས་པའི《ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར།》

ཛྙཱ་ན་ཤྲཱི་མན་གྱིས་བརྩམས་པའི《རི་བོ་རྩེ་ལྔའི་དཀར་ཆག་རབ་གསལ་མེ་ལོང་།》

དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི《དུང་དཀར་ཚིག་མཛོད་ཆེན་མོ།》

རིན་སྤུངས་ངག་དབང་འཇིགས་མེད་གྲགས་པས་བརྩམས་པའི《འཇམ་དབྱངས་མིའི་སྲིད་པ་འཛིན་པ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་བརྗོད་པ་བསྐལ་བཟང་ལེགས་ལམ།》

དམར་སྟོན་ཆོས་ཀྱི་རྒྱལ་པོས་བརྩམས་པའི《བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།》

ཡར་ཀླུང་གྲགས་པ་རྒྱལ་མཚན་གྱིས་བརྩམས་པའི《ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་འབྲིང་པོ།》

ཡར་ཀླུང་གྲགས་པ་རྒྱལ་མཚན་གྱིས་བརྩམས་པའི《ཆོས་རྗེ་ས་སྐྱ་པཎྜི་ཏའི་རྣམ་པར་ཐར་པ་མདོར་བསྡུས་ཡན་ལག་བདུན་ལྡན།》

བློ་གྲོས་རྒྱལ་མཚན་གྱིས་བརྩམས་པའི《མཁྱེན་རབ་དབང་ཕྱུག་དཔལ་ལྡན་ས་སྐྱ་པཎྜི་ཏ་ཆེན་པོའི་རྣམ་ཐར་གསུང་སྒྲོས་མ།》

ལྷོ་པ་ཀུན་མཁྱེན་རིན་ཆེན་དཔལ་གྱིས་བརྩམས་པའི《ཆོས་རྗེ་ས་སྐྱ་པཎྜི་ཏ་ཆེན་པོའི་རྣམ་ཐར་ལྷོ་པ་ཀུན་མཁྱེན་རིན་ཆེན་དཔལ་གྱིས་སྦྱར་བ།》

ཞང་རྒྱལ་བ་དཔལ་གྱིས་བརྩམས་པའི《དཔལ་ས་སྐྱ་པཎྜི་ཏ་ཆེན་པོའི་རྣམ་པར་ཐར་པ།》

བསོད་ནམས་འོད་ཟེར་གྱིས་བརྩམས་པའི《གྲུབ་ཆེན་ཨུ་རྒྱན་པའི་རྣམ་པར་ཐར་པ་བྱིན་རླབས་ཀྱི་ཆུ་རྒྱུན།》

ཀུན་མཁྱེན་རོང་སྟོན་ཆེན་པོས་བརྩམས་པའི《རྒྱ་ནག་རི་བོ་རྩེ་ལྔ་ལ་བསྟོད་པ་ཕུལ་དུ་བྱུང་བའི་སྒྲ་དབྱངས།》

རྩེ་ལྔ་པ་དཔལ་ལྡན་གྲགས་པས་བརྩམས་པའི《རྩེ་ལྔའི་དཀར་ཆག》

ས་སྐྱའི་བདག་ཆེན་ཨ་མེས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་བརྩམས་པའི《ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད།》

陈庆英著作的《元朝帝师八思巴》

侯文正著作的《五台山志》

乔世宁著作的《五台山志》

司马光著作、柏杨译作的《资治通鉴》(白话版)



0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།