འགོས་ལོའི་སློབ་དཔོན་པཎྚི་ཏ་ནགས་ཀྱི་རིན་ཆེན་སྐོར་གྱི་ཟིན་ཐོ།

34567


    རྩོམ་པ་པོ།  ནགས་ཚལ་སྐྱབས།

ལོ་ངོ་དུ་མ་ཞིག་གི་སྔོན་དུ་སྐྱེས་བུ་དམ་པ་ཞིག་གི་མདུན་ནས་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མའི་དཔེ་ཁྲིད་ལན་གཅིག་གི་བསྐལ་བཟང་མངོན་དུ་བྱུང་། ཡིན་ནའང་དེ་དུས་ཀྱི་བདག་བློ་ནི་ཆར་ཆུ་དང་མ་འཕྲད་པའི་མེ་ཏོག་བཞིན་ཉམས་ཆུང་ཞིང་མཚར་སྣང་གིས་ཁེངས་པས་ད་ལྟའི་ཆར་མང་པོ་ཞིག་དྲན་ངོགས་ནས་ཡལ་འདུག་པའང་མང་ཚོད་ཅིག་ཏུ་འདུག་ལ། དེ་དག་གི་རིགས་ལ་སློབ་གྲོགས་དང་སློབ་མའི་མིང་འཛིན་པ་དག་གིས་དྲིས་པ་ལ། ཡང་དང་བསྐྱར་དུ་ཤེས་མ་སོང་ཤེས་མ་སོང་ཞེས་ཉམས་ཆུང་ཁ་སྟབས་ཞེ་འགྱོད་དང་བཅས་ཏེ་ལན་དེ་ལྟར་བཏབ། དེ་ནི་གཏམ་རྒྱུད་གསེར་ཐང་དུ་བྱུང་བའི་རྒྱལ་སྲས་ཤིག་ཡིན་ལ།རྒྱལ་སྲས་དེ་ཉིད་ཀྱི་རྣམ་ཐར་ཡང་དཔེ་ཆ་དག་གི་ཁྲོད་མང་དུ་མི་སྣང་བས་ཁག་ཀྱང་ལར་མེད་དོ།། 

དགེ་འདུན་ཆོས་འཕེལ་སིངྒ་ལའི་ཡུལ་དུ་ཕེབས་པའི་སྐབས་གསེར་ཐང་དུ“འདིར་སིངྒ་ལའི་སྐོར་གྱི་དཔེ་རིས་ཀྱང་མང་ཙམ་བྱུང་ཞིང་། སྤྱིར་སིངྒ་ལའི་ལོ་རྒྱུས་ནི་ནགས་རིན་གྱི་རྣམ་ཐར་ན་ཅུང་ཞིག་གསལ་བ་དེ་ལས་གཞན་རང་ཅག་རྣམས་ལ་རྒྱུས་ཅུང་ཟད་ཙམ་ཡང་མེད་པ་དང་། ནང་པའི་རྒྱལ་ཁམས་ཆེན་པོ་རྣམས་ནི་ཕན་ཚུན་གཅིག་གིས་གཅིག་ལ་རྒྱུས་ཡོད་ཙམ་ཞིག་བྱུང་ན་ཅི་མ་རུང་སྙམ་པ་དང་། རྗེས་སོར་ཡང་གླིང་འདིར་སླེབས་མཁན་ཙམ་ནི་མང་དུ་འོང་ངེས་མོད། ཡུལ་གྱི་རྒྱུས་དང་རྒྱལ་རབས་སོགས་དཔྱིས་ཕྱིན་པ་ཞིག་ཤེས་པ་ནི་ཅུང་ཟད་བྱ་དཀའ་བར་ངེས་སྙམ་ནས། འདིར་གླིང་དེའི་རྣམ་པ་དང་། ཆོས་ཇི་ལྟར་བྱུང་བའི་ལོ་རྒྱུས་སོགས་མདོར་བསྡུས་ཤིག་བྲི་བ་ལགས། བྲིས་པ་དེ་ཡང་། བསྟན་བཅོས་དང་། རྩོམ་དང་། གཞུང་ལ་སོགས་པ་ཅི་ཡང་མ་ཡིན་གྱི། ཁྱེད་ཅག་གི་རྣ་བ་དང་། ང་ཡི་ཁ་བར་ན་དཔག་ཚད་དུ་མས་ཆོད་པའི་རྒྱུ་མཚན་གྱིས། ལབ་ཏུ་མ་བདེ་བའི་སྐད་ཆ་ཁ་ཏ་རྣམས་ཡི་གེ་བྲིས་པ་ཡིན། དེས་ན་ཁ་ཏ་རིང་མོ་ཞིག་ཡི་གེར་བྲིས་པ་ཙམ་ལ། ཁ་མཆུ་ཆེན་པོ་ཞིག་མགོ་ལ་བཙུགས་ཏེ། ཉེས་པ་མེད་པར་སྡིགས་མོ་མང་པོ་མི་མཛད་པར་ཞུ།”ཞེས་སེམས་སྐྱོ་དུང་ངེ་བ་ཞིག་བྱས་ཏེ་རྩོམ་གྱི་མཇུག་བསྐྱངས་ཡོད་པ་དང་། ཡང་སྐབས་རེར་ཁོང་གི་གཤིས་ཀར་དམིགས་ནས་ངུ་སྤྲོ་བ་དང་ཡང་དགོད་སྤྲོ་བའི་རྣམ་འགྱུར་སྣ་ཚོགས་སྟེ། བྱ་དངོས་དུ་མ་དང་། མི་སྣ་དུ་མ། ཆོས་ལུགས་སྣ་ཚོགས། དད་མོས་འདྲ་མིན་དག་དང་འཕྲད་པས་ཡི་གེའི་སྦྱོར་བ་དེ་ཡིས་ཁོང་གི་གཤིས་སྤྱོད་ཀྱང་རྟོགས་བཏགས་ཙམ་ཞིག་འཆར་འོང་བར་འདུག་གོ། 

སྐབས་སུ་བབས་པའམ་གླེང་འདོད་པའི་མི་སྣ་ནི་པཎྚི་ཏ་ནགས་ཀྱི་རིན་ཆེན་ཡིན་ཞིང་། དགེ་ཆོས་ཀྱི་ཚིག་ཟུར་ཙམ་ལས་པཎྚི་ཏ་ཁོང་གི་རྣམ་ཐར་དང་རྣམ་ཐར་ཡང་རྒྱ་བོད་སུ་ཞིག་གིས་བརྩམས་པ་ཡིན་མིན་སོགས་རྒྱས་པར་མེད་པས་ཕྱིས་སུ་པཎྚི་ཏ་འདི་ཉིད་བོད་པ་ཞིག་དང་རྒྱ་གར་བ་ཞིག་གམ་ཡང་ན་བལ་བོ་ཞིག་ཡིན་མིན་ཕྱོགས་ནས་ཀྱང་མ་ཤེས་ལ། ཕལ་ཆེར་བོད་པ་ཞིག་ཡིན་ཡིན་སྙམ་ནས་བཞག་པ་ཡིན། བྲེལ་བྲེལ་ཚུབ་ཚུབ་ཀྱི་དུས་འདིར་དཔེ་དེབ་ཁ་ཤས་བམ་ཀློག་ཁྲོད་ནས་ཁོང་ཉིད་དང་མཇལ་བ་ནི། ཁོང་གི་སློབ་མ་མཁས་མཆོག་འགོས་ལོ་གཞོན་ནུ་དཔལ་གྱིས་མཛད་པའི་«པཎྚི་ཏ་ནགས་ཀྱི་རིན་ཆེན་གྱི་རྣམ་ཐར།»ཞེས་པར་པཎྚི་ཏ་ཁོང་ནི་དུས་རབས་བཅུ་བཞིའི་ནང་དུ་བྱོན་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཞིག་ཡིན་ཞིང་། ཁོང་ནི་རྒྱ་གར་ཤར་ཕྱོགས་སུ་སྐུ་འཁྲུངས་ཤིང་། ཉི་མའི་རིགས་ལས་ཡང་དག་པར་བྱུང་བའི་རྒྱལ་རིགས། ལོངས་སྤྱོད་ཆེ་བ། ཡབ་རྒྱལ་པོ་ཨུ་ད་མ་ཀིརྟི་ཞེས་བྱ་བ་དང་། ཡུམ་ཆང་མ་ཀུ་མ་རི་བྱ་ཞེས་བྱ་བ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བརྒྱད་བཞེས་པའི་སྐབས་སུ་གནས་དེར་མ་ཧཱ་ཙི་ཏྱ་ཞེས་བྱ་བའི་དགེ་འདུན་གྱི་གནས་གཞི་ཆེན་པོ་ཡོད་པ་དེར།རབ་ཏུ་བྱུང་བ་འབུམ་ཕྲག་བཞི་ཙམ་མཆིས། ཁོང་གི་གསུང་དུའང་ཁོང་ཉིད་ཆོས་ལ་སྐུལ་མི་ནི་མ་ཡུམ་མ་ཡིན་པར། མ་ཡུམ་ནི་ཆང་དད་ཤིན་ཏུ་ཆེ་བས་སྲས་སྐྱོང་ཚུལ་མི་ཤེས་པ་ལྟ་བུར་ཆགས་ཡོད། དེ་བས་རྨོ་མོ་ལགས་ཀྱིས་པཎྚི་ཏ་དུ་མའི་མདུན་སར་ཁྲིད་དེ་ཐོག་མར་སྒྲ་རིག་པ་ལ་བློ་སྦྱོང་བྱེད་དུ་བཅུག དེ་ཙམ་དུ་མ་ཟད། རྒྱལ་སྲས་ཞི་བ་ལྷས་བརྩམས་པའི་སྤྱོད་པ་ལ་འཇུག་པ་ལ་ཉམས་ལེན་ཆེས་ཆེར་གནང་དུ་བཅུག  རིམ་བཞིན་གསང་སྔགས་ཀྱི་གཞུང་ལུགས་ལ་ཐོས་བསམ་རྒྱ་མི་ཆུང་བ་བྱས་ཤིང་། དཔལ་དུས་ཀྱི་འཁོར་ལོ་དང་རྡོ་རྗེ་ཕྲེང་བ་ལ་སོགས་པའི་དཀྱིལ་འཁོར་དུ་དབང་བསྐུར། དེ་ནས་མངོན་པ་དང་ས་སྡེ་ལྔ་ལ་སོགས་པ་དང་བྱམས་པས་ཐོགས་མེད་ལ་གསུངས་པའི་ཆོས་ཀྱང་མང་དུ་གསན། ཕྱིས་སུ་རྒྱལ་སྲིད་རྩ་བཞིན་དོར་ནས་གནས་དང་གནས་མེད་དུ་ཕེབས་ནས་གཤེགས་ཟིན་པའི་སངས་རྒྱས་དང་བྱང་སེམས་རྣམས་ཀྱི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་དག་ཏུ་ལུང་བསྟན་ལྟར་བྱོན་ཞེས་གྲགས། 

ཐོག་མར་ལྷོ་ཕྱོགས་སིངྒ་ལའི་ཡུལ་དུ་བགྲོད་པའི་ཚོང་པ་དག་དང་འགྲོགས་ནས་གཟིངས་ལ་ཞུངས་ཏེ་སིངྒ་ལར་ཕེབས། སིང་གྷ་ལ་ནི་སངས་རྒྱས་སྐུ་བཞུགས་དུས་ནས་ཐག་ཉེ་རིང་གི་ཚོང་པ་ཀུན་རྒྱ་མཚོ་བརྒལ་ནས་རིན་ཆེན་ལེན་དུ་འགྲོ་ས་གཅིག་ཡིན་པ་དང་ལྷག་པར་དུང་དང་མུ་ཏིག་གཉིས་ཀའི་འབྱུང་གནས་སུ་གྲགས། མིང་གཞན་ལ་ལྷོ་ཕྱོགས་རྒྱ་མཚོའི་མུ་ཏིག་སོགས་སུ་ཡང་བརྗོད་ཅེས་དགེ་ཆོས་ཀྱིས་གསུངས། གནས་འདི་ནི་རྒྱ་བོད་གཉིས་ཀྱི་བསྟན་ཆོས་ཁྲོད་གྲགས་ཆེ་བའི་སྲིན་པོ་ལིང་ཀའི་ཡུལ་བྱ་བ་ཡིན་པ་དང་། རཱ་མ་ཎས་འཛམ་བུའི་གླིང་(རྒྱ་གར) ནས་ལང་ཀའི་གླིང་བར་དུ་རྡོའི་ཟམ་པ་བཙུགས་པ་རྣམས་ཀྱང་རྒྱ་མཚོའི་ནང་ན་རྡོའི་ཕུང་པོ་འདུག་པ་དངོས་སུ་སྣང་ཞེས་བྲིས་འདུག  རཱ་མ་ཎས་སྲིན་པོ་ལིང་ཀ་མགྲིན་བཅུ་གསོད་པའི་གནས་ཉིད་ཀྱང་འདི་ཡིན་ཉིད་ཡིན་ཞེས་གྲགས། ཞང་ཞུང་ཆོས་དབང་གྲགས་པའི་རཱ་མ་ནའི་རྟོགས་བརྗོད་དུ། གང་ཚེ་རང་གི་ཕ་ཡི་གྲོགས།། གོམས་པ་དམར་སེར་ཅན་དབང་གིས།། མགྲོགས་འགྲོས་མགོ་བྲལ་སྒྲ་སྒྲོགས་ནི།། འཆི་བར་གྱུར་པ་དེ་དེ་བསྙད།། གཞུ་འཛིན་དབང་པོ་རཱ་མ་ཎའི།། གཞུ་རྒྱང་མཐེབ་ལོང་སྦྱོར་བ་བྱས།། མཚུན་གྱི་ལྷ་ཡི་མཚོན་རྣོན་ནི།། མཆོག་གི་མགྲིན་འཁྱུད་རྫུ་འཕྲུལ་འཛིན།། རྔ་ཡབ་གླིང་རྗེ་མཐོ་རིས་ཀྱི།། ཐེམ་སྐས་ཞབས་ཀྱིས་བརྟེན་པ་ཐོབ།། བ་ཤི་ཥྠ་ཡི་དུས་སྦྱོར་ནི།། བསླུ་མེད་རིག་པར་ངེས་པ་བྱས།། ཁྲག་གིས་དམར་བའི་རྒྱ་མཚོ་ནི།། བ་ལང་རྗེས་བཞིན་འགོངས་བྱས་ཏེ།། རང་གི་ཡུལ་དང་བཀྲ་ཤིས་དང་།། མཆིས་བྲང་ལྷན་ཅིག་ཐོབ་པར་འགྱུར།། ཞེས་གནས་འདི་ཉིད་སིང་གྷ་ལའི་ཡུལ་དུ་ངོས་འཛིན་པར་སྣང་། 

བྱ་བཏང་པ་ནགས་ཀྱི་རིན་ཆེན་མཆོག་མ་གྷ་དྷ་དང་ན་ལནྟྲ་སོགས་སུ་ཕེབས་ནས་སློབ་དཔོན་ཞི་བ་ལྷའི་ལྷ་ཁང་ཆུང་ངུ་ཡོད་པ་དེར་མཇལ་བས་རླུང་དབུ་མར་ཚུད་ཅེས་གསུངས་པ་དང་། ཉམས་རྟོགས་དུ་མ་སད་ཡོད་པར་སྣང་། བྱ་རྒོད་ཕུང་པོའི་རིར་ཕེབས་ནས་ཟླ་གསུམ་བཞུགས་ནས་ཨ་ར་པ་ཙ་བཟླས་པ་མཛད་པ་ན། ཉིན་ཞིག་ནམ་མཁའ་ནས་སྒྲ་མཐོན་པོས་“ནཱ་ཏི་ཤ་ནེརྭ་ཏི་ཤི་གྷྲཾ”ཞེས་སྒྲ་འབྱུང་ཞིང་། དེ་བོད་སྐད་དུ་བསྒྱུར་ན་ཤིན་ཏུ་དལ་བ་མིན་ལ་བྲེལ་བའང་མིན་ཞེས་བྱ། ནམ་རྒྱུན་ཁོང་གིས་གསུངས་ན་སྔགས་ཀྱི་བཟླས་པ་མྱུར་པ་དང་གྲངས་ཀ་སོང་བ་ཙམ་གྱིས་ཅི་བྱ། འབྲས་བུ་ནི་མི་འབྱིན། ཞེས་གསུངས། འདིར་དྲན་པར་བྱ་བ་ཞིག་ལ། ཇོ་བོ་རྗེ་ཡིས་“བོད་ལྷ་བརྒྱ་བསྒྲུབས་ཀྱང་ལྷ་གཅིག་མི་འགྲུབ། རྒྱ་ལྷ་གཅིག་བསྒྲུབས་པས་ལྷ་བརྒྱ་འགྲུབ་”ཅེས་གསུང་བ་བཞིན་ཏན་ཏན་བསྙེན་པ་བགྲངས་པ་དང་དམིགས་པ་བསྒོམ་པ་སོགས་ཀྱིས་ལྷག་པའི་ལྷ་མཆོག་དེ་ཉིད་འགྲུབ་པ་ངེས་གཏན་དང་། དེ་ལ་བརྟེན་ནས་རང་རྒྱུད་ཀྱི་ཤེས་རབ་གོང་དུ་འཕེལ་བའི་གདམས་པ་ཁྱད་པར་ཅན་ཡོད་པ་དེ་བཞིན། གོང་གི་པཎྚི་ཏར་ལུང་དུ་བསྟན་པ་འདི་ཉིད་ཀྱིས་ཀྱང་ཁོང་གི་རྗེས་འཇུག་པ་དང་ཕྱི་རབས་པའི་རང་རང་གི་ལྷག་པའི་ལྷ་མཆོག་སྒྲུབ་མཁན་དག་ལ་བསྙེན་བསགས་ཕྱོགས་ཀྱི་གདམས་པ་གལ་ཆེན་ཞིག་ཀྱང་ཡིན་ནམ་སྙམ། བོད་པའི་སྐྱ་སེར་བྱིངས་ཀྱིས་མ་ཎིའི་གཟུངས་སྔགས་ཀྱིས་མཚོན་གཟུངས་སྔགས་སྣ་ཚོགས་ཉིན་དང་མཚན་ལ་བགྲངས་ཤིང་། མདོར་ན་གཟུངས་སྔགས་འདྲེན་པའི་མི་རིགས་ཞེས་བརྗོད་ན་ཐལ་མི་ཆེ་བའི་བོད་པ་བྱིངས་ཀྱིས། གཙོ་བོ་གཟུངས་སྔགས་དེ་དག་གི་གྲངས་ཀ་དམིགས་བསལ་དུ་འགྲོ་ཐུབ་ཀྱིས་འབད་དང་འབུངས་པ་འདི་ཡང་ནེ་ཙོས་མ་ཎི་སྒྲོག་པ་བཞིན་དུ། སྔགས་ཀྱི་ནུས་པ་དེ་ཉིད་མི་འབྱུང་བའི་གནད་ཤས་ཀྱང་མེད་དམ་སྙམ། གང་ལྟར་སྔགས་བགྲངས་པ་འདི་ཡང་ཆོས་ཀྱི་ཉམས་ལེན་དམིགས་བསལ་བ་ཞིག་ཡིན་པས་འདི་ལ་ཆོག་པ་དང་མི་ཆོག་པ་རྟེན་གྱི་ཁྱད་པར་སོགས་དུ་མ་མཆིས་པས་ཚིག་དང་དམིགས་པ་མ་བྲལ་བ། སྒྲ་དང་དོན་སོགས་མ་བྲལ་བའི་སྒོ་ནས་འགྲོ་ཐུབ་པ་ནི་ཆེས་དམིགས་བསལ་གྱི་ཉམས་ལེན་ཞིག་ཀྱང་ངོ། ། 

གསང་སྔགས་ཀྱི་ལྷ་དང་ཁྲོ་བོ་སོགས་ཀྱིས་མཚོན་རྣམ་པ་དང་བྱད་གཟུགས་འདྲ་མིན་སྣ་ཚོགས་ལ་བཞད་གད་དང་འཆལ་གཏམ་སོགས་ཀྱང་སྨྲ་ག་ལ་རུང་སྟེ། སྨྲས་པ་ལའང་ཉེས་པ་ཤིན་ཏུ་འགྱུར་བ་གཞུང་དུ་མ་ལས་ཀྱང་གསུངས་པ་དང་། དྲན་དབང་དགེ་ཆོས་ཉིད་ཀྱིས་ཀྱང་ཐ་ན་ཕྱག་རྒྱའི་མཛུབ་མོ་གཅིག་ལེན་སྟངས་ཚུན་ཆད་ནས་ཆེས་གལ་འགངས་ཆེ་བ་དང་ལྷ་དང་ཁྲོ་བོ་སོགས་ལ་ཅེར་ནས་རྣམ་པ་མི་ལེགས་ཚུལ་བརྗོད་པ་འདི་དག་ནི་ཚེ་འདིར་རྐྱེན་དང་གེགས་ངན་སྣ་ཚོགས་ལ་འཕྲད་པའི་རྒྱུ་རུ་འགྲོ་བ་དང་། ཚེ་ཕྱི་མར་ཡང་བཟང་པོ་མེད་ཚུལ་སོགས་ཁོང་གི་རྣམ་ཐར་དག་གི་ཁྲོད་ནས་མཇལ། ཏན་ཏན་དགེ་ཆོས་ཀྱིས་གསུང་བ་ཚད་མར་རློམ་པ་མ་ཡིན་ཏེ། ཁོང་ནི་ཡོད་ཚད་ལུང་ཙམ་ལ་བརྟེན་ནས་སྐད་ཆ་ལབ་མཁན་ཞིག་དང་ལུང་ཙམ་ལ་ཡིད་ཆེས་པའི་མི་བུ་ཞིག་མ་ཡིན་པར་མྱོང་བ་དངོས་སྟོབས་ཀྱི་རིགས་པའི་ལམ་ནས་མཐར་ཐུག་གི་བདེན་པ་བརྗོད་ཐུབ་པའི་མི་སྣ་ཞིག་གི་ངག་ནས་ཐོན་པའི་གཏམ་ཡིན་པའི་ན། ཁོ་བོས་ཀྱང་ཆུ་བུར་མིག་གིས་དཔྱད་ཐབས་བྲལ་བའི་གསང་བ་སྔགས་ཀྱི་ལུགས་ནས་ཐོན་པའི་འབྲས་བུ་འབྱུང་ཚུལ་འདི་ལ་ཡང་དམིགས་བསལ་གྱིས་དང་བ་བླ་མེད་པ་ཞིག་ཀྱང་འཁྲུངས་སོང་ངོ།། 

པཎྚི་ཏ་ཁོང་ཉིད་ནང་པའི་གནས་ཆེན་དུ་མར་བྱོན་པའི་མཐར་བལ་བོ་ན་མཁས་པ་ཆེན་པོ་ཤཱི་ལ་སཱ་ག་ར་ཡོད་པ་དེར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལུགས་ཀྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཆོ་ག་དང་བཅས་ཏེ་ལེགས་པར་གསན། བོད་དུ་འབྱོན་པར་དགོངས་ནས་མི་ཏྲ་ཛོ་གི་ལ་དྲིས་པས། ཛོ་གིས“བོད་ཤིན་ཏུ་ས་རྩུབ་པ་དང་ལམ་བགྲོད་པར་དཀའ། ཤིན་ཏུ་གྲང་། ཁ་ཟས་ཀྱང་འཇུ་དཀའ། མི་རྣམས་ཀྱང་ཨ་ཙ་ར་ཟེར་ནས་བརྙས་པ་ཆེན་པོ་བྱེད་པར་སྣང་” ཞེས་གསུངས་པས་རྒྱ་གར་དུ་ལོག་ཀྱང་རིང་པོ་མ་ལོན་པར་ལུང་བསྟན་ལྟར་བོད་དུ་འབྱོན། ( མི་ཏྲ་ཛོ་གི་བྱ་བ་ཁྲོ་ཕུ་ལོ་ཙཱ་བས་བོད་དུ་གདན་དྲངས།)ཐོག་མར་ཚ་མདའི་ཡུལ་དུ་ཕེབས་པས་ཞབས་ཏོག་ལེགས་པོ་བྱས་པ་དང་རིན་བཞིན་ས་སྐྱ་དང་སེང་གེ་རྩེ་ཕྱོགས་སུ་ཕེབས། ཆོས་རྗེ་ཀུན་དགའ་བཟང་པོ་ལས་གཞན་ཞབས་ཏོག་བཟང་པོ་སྒྲུབ་མཁན་མ་བྱུང་། ཁོང་ལ་ཕལ་ཆེར་ལོ་ཙཱ་བ་ཡང་མེད་ཚོད་རེད། ཕྱིས་སུ་ཁོང་གི་ཡོན་ཏན་དང་གཤིས་ཀར་མཁས་པའི་ང་རྒྱལ་གྱིས་གྱིས་བཟི་པའི་མི་སྣ་དུ་མ་ཞིག་ཀྱང་དད་གུས་ཚད་མེད་སྐྱེས། ལྷ་སར་ཕེབས་ནས་ཇོ་བོའི་མདུན་ནས་ཊོ་ཊ་ཀའི་རྒྱུད་ཀྱི་ཚིགས་སུ་བཅད་པའི་བསྟོད་པ་མཛད་པ་དང་། པཎྚི་ཏ་འདི་ཉིད་ཉིད་ཀྱི་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་སྐྱེས་བུ་དམ་པ་ཞིག་ཡིན་ཀྱང་རུང་སྟེ། གཞུང་གང་དང་ཆོས་སྐོར་གང་ལ་སྦྱངས་པ་བྱས་ཚུལ་སོགས་ལོ་རྒྱུས་ཀྱི་ཤོག་ལྷེ་དག་གི་ཁྲོད་ནས་ཅུང་མི་སྣང་ནའང་གཙོ་བོ་ནི་ཁོང་ཉིད་སྐུ་ན་ཕྲ་དུས་ནས་བཟུང་དགུང་ལོ་མཐོན་པོ་མ་སླེབས་ཀྱི་བར་དུ་བྱང་སེམས་སྤྱོད་འཇུག་གི་ཉམས་ལེན་དམིགས་བསལ་ཞིག་གནང་བའི་ཚོད་རེད།

 ཏན་ཏན་དེར་བརྟེན་བོད་དུ་མཁས་པའི་གྲགས་པ་ཕྱོགས་བཞིར་ཁྱབ་པའི་ང་རྒྱལ་གྱིས་འགྱིང་བའི་མི་ཆེན་དུ་མ་ཞིག་ཀྱང་ཁོང་གི་རྒྱལ་སྲས་ཀྱི་སྤྱོད་པར་མི་ཕྱེད་པའི་དང་བ་ཐོབ་ནས་རང་རྒྱུད་ཆོས་དང་མ་འདྲེས་པ་དུལ་བར་བྱས་པ་སོགས་བྱུང་བའི་ཁོང་ནི་ཆོས་པ་རྣམ་དག་ཅིག་དང་། རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་གི་ཉམས་ལེན་ལ་གནས་པའི་ཁོང་ནི་གནས་ངེས་མེད་དང་དུས་ངེས་མེད་ཀྱི་ཡུལ་གྱར་པ་བཞིན་ཆོས་ཀྱི་སླད་དུ་རྒྱལ་ཁམས་གང་སར་བསྐོར་ནས་འགྲོ་འོང་ངེས་མེད་ཀྱི་མི་བུ་ཞིག་ཀྱང་ངོ།། པཎྚི་ཏ་འདི་ནས་བརྩིས་པའི་ལོ་ངོ་སུམ་བརྒྱ་ཡས་མས་ཀྱི་ཡར་སྔོན་དུ་རྒྱ་བོད་གང་དུ་མཚན་སྙན་གྱི་འབྲུག་སྟོང་ཕྱོགས་བཞིར་ལྡིར་བའི་ཇོ་བོ་ཨ་ཏི་ཤ་(982-1054)བོད་ལ་ཕེབས་པའི་སྐབས་སུ་ཡང་ཁོང་གི་སློབ་མ་གཙོ་གྲས་ཁུ་རྔོག་འབྲོམ་གསུམ་ལས་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གིས་ཐོག་མར་བསྙེན་བཀུར་ཡག་པོ་མ་བྱས་པ་སོགས་བྱུང་བ་འདི་དག་གིས་མཚོན། བོད་ཀྱི་མཁས་ཆེན་གྱི་མི་བུ་དུ་མ་ཞིག་ཀྱང་ལར་ཕྲག་དོག་དང་ང་རྒྱལ་གྱིས་གདན་ཐོབ་རྩོད་པའི་སྣང་ཚུལ་དག་རྟག་པར་རྣམ་ཐར་དག་ལས་ཝ་ལེར་འཆར་འོང་། དབུ་ནག་བོད་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་སྐྱེས་བུ་དམ་པ་གང་ཉིད་དེས་ཀྱང་གྲུབ་མཐའ་རིས་མེད་ཀྱི་དགོན་ཁག་སོ་སོར་རྟག་པར་གསུང་བ་ནི་ཆུང་དུས་ནས་སྤྱོད་འཇུག་དང་ལམ་རིམ་གྱིས་མཚོན་བློ་སྦྱོང་གང་འཚམས་ཆུང་དུས་བྱོས་པར་སྐུལ་བ་འདི་ཉིད་ཀྱང་མི་ཚེའི་ལམ་ཁ་དང་སྒེར་གྱི་སྤྱོད་པ་དག་མི་ཚེ་ཆོས་ལ་བསྟིམས་ཀྱང་རྟག་པར་འགྲན་སེམས་དང་ཕྲག་དོག་གིས་ཁེངས་པའི་ཆོས་པའི་སྣང་ཚུལ་དག་ལས་ལྡོག་པར་དགོས་པའི་བཀའ་མིན་ནམ་སྙམ་པ་བྱུང་། 

པཎྚི་ཏ་ཁོང་ཉིད་གདན་ས་བསམ་ཡས་དང་ཁྲ་འབྲུག་སོགས་སུ་སོགས་སུ་ཕེབས་ནས་རྟེན་ཁྱད་པར་ཅན་དག་དང་མཇལ་བ་དང་། རོང་སྟོན་སྨྲ་བའི་སེངྒེ་སོགས་ཀྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དུ་མ་རྗེས་སུ་བཟུང་ཞིང་ཀ་ལཱ་པའི་མདོ་ཞིག་ཁོང་གིས་དངོས་སུ་ཕྱག་བྲིས་བྱས་པ་ཞིག་རོང་སྟོན་ལ་གནང་། ཁོང་ནི་འགོས་ལོ་གཞོན་ནུ་དཔལ་སོགས་མཁས་པ་ཕུལ་དུ་ཕྱིན་པ་དུ་མས་བླ་མར་བསྟེན་པ་དང་འགོས་ལོ་གཞོན་ནུ་ལ་བླ་མ་ནགས་ཀྱི་རིན་ཆེན་གྱིས་ཀྱང་བསྟོད་པ་ཕུལ་དུ་ཕྱིན་པ་མཛད་ཡོད་དེ། “ང་འཛམ་བུའི་གླིང་གི་སུམ་གཉིས་ཙམ་དུ་ཕྱིན་པ་ལས་པཎྚི་ཏ་ཆེན་པོ་མིའི་ཉི་མ་དང་འགོས་ལོ་ཙཱ་བ་གཉིས་ལས་ཤེས་རབ་ཆེ་བ་མེད་ཅེས་གསུངས། ” དེ་ལྟ་དེ་ལྟར་བོད་དུ་ཐེངས་གཉིས་ཙམ་ལ་ཕེབས་ནས་སྤྱི་ལོ(1469)ལོར་བྱང་ཆུབ་སེམས་དཔའ་ཆེན་པོ་པཎྚི་ཏ་ནགས་ཀྱི་རིན་ཆེན་དགོངས་པ་ཆོས་དབྱིངས་སུ་ཐིམས་པའི་ཚུལ་མཛད་པའོ།།

འབྲེལ་ཡོད་དཔེ་ཀློག 


 «ལོ་པཎ་གྱི་རྣམ་ཐར་ཕྱོགས་བསྒྲིགས།»«གཏམ་རྒྱུད་གསེར་ཐང་།»རཱ་མ་ནའི་རྟོགས་བརྗོད།» «བཀའ་གདམས་ཕ་ཆོས།»«དགེ་ཆོས་རྣམ་ཐར།»

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།