རྣམ་སྙིང་ཕྱག་གསུམ་གྱི་དོན་ལ་སྒོམ་པ།_རྩིས་ཆེ་ལེགས་མཐོང་།

24019


རྩོས་པ་པོ། རྩིས་ཆེ་ལེགས་མཐོང་།
སྤྱི་ལོ། ༢༠༢༠ ཟླ་ ༢།
གནས་མཆོག་རྡོ་རྗེ་གདན།


དེ་ཡང་དུས་ནམ་ཞིག་གི་ཚེ་རིགས་ཀྱི་བུ་ལེགས་པར་མཐོང་བ་ཉིད་ལོ་ན་ཅུང་ལོན་ཅིང་། འཛམ་གླིང་གི་ཡུལ་གྲུ་གང་སར་ཡང་ཕྱིན། རིག་པའི་གནས་ཅི་རིགས་པ་ལ་ཡང་སྦྱངས། བཟང་ངན་གྱི་བྱ་བ་སྣ་ཚོགས་པ་དག་བྱས་པས་བདེ་སྡུག་གི་ཚོར་བ་སྣ་ཚོགས་པ་དག་ཀྱང་ཉམས་སུ་མྱངས། དེ་དག་ལ་བརྟེན་ནས་འཁོར་བའི་རང་བཞིན་ཀྱང་ཅུང་ཙམ་ཤེས། ཐར་པ་དང་བྱང་ཆུབ་ཀྱི་གོ་འཕང་ལ་ཡང་མོས་པ་མི་དམན་པ་སྐྱེས། ཁྱད་པར་དུ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ལ་བཅོས་མ་མ་ཡིན་པའི་གུས་པ་དང་། དམ་པའི་ཆོས་ལ་རྒྱུ་མཚན་ཤེས་པའི་ཡིད་ཆེས་ཀྱང་ཅུང་ཟད་རྙེད་པ་ལ་བརྟེན་ནས། བདག་ཅག་གི་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཀྱི་ཤིང་དྲུང་ག་ལ་བ་དེར་ཕྱིན་ནས་སྟན་བདེ་བར་དཀྱིལ་མོ་ཀྲུང་དང་བཅས་ཏེ་བསྡད། སེམས་དཔའ་ཆེན་པོ་རང་བྱུང་རྡོ་རྗེས་མཛད་པའི་རྣམ་ཤེས་ཡེ་ཤེས་འབྱེད་པ་དང་། སྙིང་པོ་ངེས་པར་བསྟན་པ། ངེས་དོན་ཕྱག་རྒྱ་ཆེན་པོའི་སྨོན་ལམ་བཅས་ཀྱི་དོན་ལ་མཉམ་པར་གཞག་པའི་སྒོ་ནས་ཡང་ནས་ཡང་དུ་བསམ་པ་ན་རྣམ་པར་རྟོག་པ་འདི་ལྟ་བུ་དག་ཡིད་ལ་ཤར་རོ།།

ཐོག་མར་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་གལ་ཆེ་སྟེ། དེ་ཡང་ཆོས་ཞེས་པ་ནི་བཟང་པོ་དང་། བདེན་པ། རུང་བ་བཅས་ལ་གོ་ཞིང་། ཆོས་མ་ཡིན་པ་ནི་མི་བཟང་བ། མི་བདེན་པ། མི་རུང་བ་བཅས་ལ་གོ། ཆོས་ཀྱི་མཆོག་ནི་དམ་པའི་ཆོས་ཏེ་དམ་པའི་ཆོས་ལ་བརྟེན་ནས་མི་ཚེའི་རང་བཞིན་རྟོགས་པར་འགྱུར་ཞིང་། མི་ཚེའི་རང་བཞིན་རྟོགས་ན་དམ་པའི་ཆོས་ཀྱི་དོན་རྟོགས་པར་འགྱུར་རོ།། དམ་པའི་ཆོས་ཀྱི་ཆེ་བ་རྟོགས་ན་ད་གཟོད་སངས་རྒྱས་བཅོམ་ལྡན་འདས་ལ་ཡང་བཅོས་མ་མ་ཡིན་པའི་གུས་པ་སྐྱེ་བར་འགྱུར་ཞིང་། ད་གཟོད་དམ་པའི་ཆོས་དེ་ཉིད་རྒྱུན་མ་ཆད་པར་འཛིན་པ་དང་སྤེལ་བར་བྱེད་པའི་དགེ་འདུན་དཀོན་མཆོག་གི་བཀའ་དྲིན་ཀྱང་རྗེས་སུ་དྲན་པར་འགྱུར་རོ།། དེ་ལྟར་ན་སངས་རྒྱས་ལ་གུས་པ་གལ་ཆེ་ཞིང་། ཆོས་ལ་དད་པ་གལ་ཆེ། དགེ་འདུན་ལ་བཀའ་དྲིན་རྗེས་སུ་དྲན་པ་ཉིད་གལ་ཆེའོ།། དེ་ནས་ཆོས་བྱེད་པ་ན་བདག་ཉིད་སྐལ་པ་བཟང་པོ་ཡིན་པ་དང་། སྐལ་པ་བཟང་པོ་ཙམ་མིན་པར་ནུས་པ་ཅན་ཡིན་པ་དང་། ནུས་པ་ཅན་ཙམ་མ་ཡིན་པར་འབད་པ་བྱ་འདོད་པ་ཉིད་གལ་ཆེ་སྟེ། འབད་པ་བྱ་སྙམ་པའི་འདུན་པ་མེད་ན་ཤེས་ཤིང་ནུས་ན་ཡང་ཕན་པ་མེད་པའི་ཕྱིར་རོ།།

དེ་ནས་འདི་ལྟར་བསམ་པར་བྱ་སྟེ། ཆོས་བྱེད་པ་ནི་འཁོར་བ་ལས་ཐར་པ་དང་། ཐར་པའི་གོ་འཕང་མངོན་དུ་བྱེད་པའི་ཆེད་དུ་ཡིན་ན་འཁོར་བ་ནི་ཅི་ཞིག་དང་། ཐར་པ་ནི་ཅི་ཞིག་ཡིན་པ་ཤེས་པ་གལ་ཆེའོ།། ནང་པ་སངས་རྒྱས་པའི་ལུགས་སུ་འཁོར་བ་དང་ཐར་པ་རྣམས་ནི་གནས་དང་ཡུལ་ལྟ་བུ་མ་ཡིན་པར་ཉོན་མོངས་མེད་པའི་བདེ་བ་དམ་པ་ལ་ཐར་པ་ཞེས་བརྗོད་ཅིང་། སེམས་འཁྲུལ་པ་ལ་བརྟེན་ནས་བྱུང་བའི་སྡུག་བསྔལ་ལ་འཁོར་བ་ཞེས་བརྗོད་པའོ།། མདོར་ན་དེ་གཉིས་ཀ་སེམས་ཡིན་ཅིང་། འཁོར་བ་ནི་མ་རིག་པ་དང་ཐར་པ་ནི་ཤེས་རབ་བོ།། འཁོར་བའི་རང་བཞིན་མ་རིག་པར་བཤད་པ་ཡང་། སྐྱེ་བོ་རྣམས་ཀྱིས་ཤེས་པ་དང་མི་ཤེས་པ་ནི་མི་ཤེས་པ་མང་ཞིང་། ཤེས་པ་ཡང་བཟའ་བ་དང་བཏུང་བ་ལ་སོགས་པ་འཚོ་བ་ལ་ཉེ་བར་མཁོ་བ་ཙམ་དང་། གཟའ་དང་སྐར་མའི་རྣམ་གྲངས་དང་། བཟོ་དང་གསོ་བ་སོགས་རིག་པའི་གནས་སྤྱིར་བཏང་བ་འགའ་ཞིག་ལས་སོ་སོ་རང་ཉིད་ཀྱི་ངོ་བོ་དང་གནས་ལུགས་ལྟ་ཞོག། ཐ་ན་བདེ་སྡུག་འདོར་ལེན་ཙམ་ལ་ཡང་རབ་ཏུ་རྨོངས་པས་ན་བདག་ཅག་གི་འཇིག་རྟེན་ནི་མ་རིག་པ་ལས་གྲུབ་པར་གདོན་མི་ཟའོ།།

དེའི་ཕྱིར་ན་གནས་ལུགས་ཀྱི་དོན་སེམས་པ་གལ་ཆེ་སྟེ། གནས་ལུགས་མ་རྟོགས་པར་ཐར་པ་དང་ཐམས་ཅད་མཁྱེན་པ་མི་སྲིད་པའི་ཕྱིར་རོ།། སངས་རྒྱས་ཀྱིས་དད་པ་ནི་དཀར་པོའི་ཆོས་ཐམས་ཅད་སྐྱེ་བའི་ཞིང་ས་ལྟ་བུར་གསུངས་པས་དད་པ་གལ་ཆེ་ཡང་དེ་ཙམ་གྱིས་ཤེེས་རབ་གལ་མི་ཆེ་བར་བསྟན་པ་མ་ཡིན་ཏེ། དད་པ་ཡང་རྒྱུ་མཚན་ཤེས་པའི་དད་པ་གལ་ཆེ་ཞིང་། དེ་ལ་ཡང་ཤེས་རབ་དགོས་སོ།། འཇིག་རྟེན་འདིའི་ཤེས་བྱ་ཕྲ་མོ་ཡང་མགོ་བོ་ན་ཡི་བར་དུ་བརྟགས་ཤིང་དཔྱད་ཀྱང་རྟོགས་པར་དཀའ་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་ནི་ཡིད་ཆེས་པ་ཙམ་དང་། སྨོན་ལམ་བཏབ་པ་ཙམ་གྱིས་རྟོགས་པར་ག་ལ་ནུས་ཏེ་མི་ནུས་སོ།། གནས་ལུགས་རྟོགས་པར་བློ་གྲོས་ཀྱིས་དཔྱད་པ་བཟོད་དཀའ་བ་ལྟ་བུ་མང་དུ་བྱ་དགོས་པས་ན་བཟོད་པའི་ཕར་ཕྱིན་ལ་གསུམ་དུ་འཇོག་པ་ལས་གཅིག་ནི་ཟབ་མོའི་དོན་ལ་བཟོད་པ་ཉིད་ཡིན་ནོ།། དེས་ན་འཇིག་རྟེན་འདིར་གནས་ལུགས་རྟོགས་པར་མོས་པ་ཡོད་པ་ཡང་ཤིན་ཏུ་དཀོན་ན་གནས་ལུགས་དངོས་སུ་རྟོགས་པ་ནི་དེ་བས་ཀྱང་ཅི་ལ་མི་དཀོན་ཏེ་དཀོན་པས་ན་ཅི་སྟེ་སུ་ཞིག་གིས་གནས་ལུགས་ཀྱི་དོན་སྤྱི་ཙམ་ཁོང་དུ་ཆུད་ན་ཡང་ཆེས་བསོད་ནམས་ཆེ་བར་རིག་པར་བྱའོ།།

དེ་ནས་ཆོས་སྒྲུབ་པར་ཆོས་དང་འཇིག་རྟེན་གཉིས་ཡོད་པ་འདི་ཤེས་པ་གལ་ཆེ་ཞིང་། སྐྱེ་བ་སྔ་ཕྱི་དང་། ཐར་པ་དང་ཐམས་ཅད་མཁྱེན་པ་སོགས་ཀྱི་ཆོས་ནི་འཇིག་རྟེན་ལས་འདས་པ་ཡིན་པ་ཡང་། ལུས་སེམས་གཉིས་པོ་གཅིག་མ་ཡིན་པའི་གནད་དང་འབྲེལ་བར་སྣང་བས་འདི་གཉིས་ཐ་དད་ཡིན་པའི་ཚུལ་ལ་ངེས་པ་ཡང་དག་པ་རྙེད་པ་ནི་ཤིན་ཏུ་ནས་གལ་ཆེ་བར་མངོན་ནོ།། དེ་ལྟར་ངེས་པ་ལ་ཐོག་མར་སེམས་ཞེས་པ་འདི་ཅི་འདྲ་ཞིག་ཡིན་ངེས་དགོས་པ་ལ། སེམས་ལ་བེམ་པོ་སོགས་དང་མི་འདྲ་བའི་ཁྱད་ཆོས་གཙོ་བོ་གསུམ་ཡོད་དེ། ཤེས་པར་ནུས་པ་དང་། དྲན་པར་ནུས་པ་དང་། མྱོང་བར་ནུས་པ་བཅས་སོ།། ཅི་སྟེ་དེ་དག་ནི་ཀླད་པ་ཡི་ནུས་པ་ཙམ་ཡིན་ན་ཀླད་པ་ནི་གཟུགས་ཅན་ཡིན་པས་སེམས་ཀྱང་གཟུགས་ཅན་དུ་ཐལ་ཞིང་། འདོད་ན་ཀླད་པ་ལ་མིག་གིས་ལྟ་ནུས་པ་བཞིན་དུ་སེམས་ལ་ཡང་ལྟ་ནུས་པར་ཐལ་ཞིང་། ཅི་སྟེ་སེམས་ནི་གཟུགས་ཅན་མིན་ན་ཀླད་པ་ལས་ཐ་དད་པར་གྲུབ་བོ།། དེས་ན་ལུས་སེམས་གཉིས་ཐ་དད་ཡིན་པའི་རྒྱུ་མཚན་གྱིས་སེམས་ཅན་ཞིག་འཆི་བ་ན་ལུས་ཀྱི་བྱ་བ་འགག་པ་ཙམ་ལས་སེམས་གཏན་མེད་དུ་འགྲོ་བའི་རྒྱུ་མཚན་མེད་ཅིང་། གཏན་མེད་དུ་མི་འགྲོ་ན་སྲིད་པ་གཉིས་ཡོད་དེ། བར་དོར་འཁོར་བ་དང་སྐྱེ་བ་ལེན་པ་བཅས་གཉིས་སོ།། དེ་གཉིས་གང་ལྟར་ཡང་འཁོར་བ་ལས་མ་འདས་སོ།། 

ཁ་ཅིག་གིས་སྣོད་བཅུད་ཐམས་ཅད་ལྷ་ཆེན་པོས་བྱས་པར་འདོད་ན་ཡང་། དེ་ལྟར་ན་ལྷ་ཆེན་པོ་ཉིད་འཇིག་རྟེན་བཀོད་པ་པོ་ཡིན་པར་བསྒྲུབ་ནུས་ན་བཟང་པོ་ཡིན་པར་སྒྲུབ་དཀའ་ཞིང་། ཅི་སྟེ་བཟང་པོ་ཡིན་པར་བསྒྲུབ་ནུས་ན་འཇིག་རྟེན་བཀོད་པ་པོ་ཡིན་པར་བསྒྲུབ་དཀའ་འོ།། ཡང་རྣམ་གྲངས་གཅིག་ཏུ་ན་ལྷ་ཆེན་པོ་ལ་ཡང་བྱེད་པ་པོ་གཞན་ཞིག་ཡོད་དམ་མེད། ཡོད་ན་ཐམས་ཅད་ལྷ་ཆེན་པོས་བྱས་པར་སྨྲ་བའི་དམ་བཅའ་ཉམས་པར་འགྱུར་ཞིང་། མེད་ན་སྣོད་བཅུད་གཞན་ལ་བྱེད་པ་པོ་དགོས་ལ་ལྷ་ཆེན་པོ་ལ་མི་དགོས་པའི་རྒྱུ་མཚན་བཤད་དཀའ་སྟེ། ཐམས་ཅད་ཡོད་པ་ལ་ཡོད་མཉམ་ཡིན་པའི་ཕྱིར་རོ།། ནང་པ་སངས་རྒྱས་པའི་ལུགས་སུ་དེ་ཐམས་ཅད་སེམས་ཅན་གྱི་སེམས་ལ་བརྟེན་ནས་བྱུང་ན་ཡང་། ཁོ་བོའི་རྣམ་པར་རྟོག་པ་ལྟར་ན་གཟུགས་ནི་སེམས་ལས་མི་འབྱུང་ཞིང་། སེམས་ཀྱང་གཟུགས་ལས་མི་འབྱུང་བ་དང་། གཟུགས་ཀྱང་གཟུགས་མེད་པ་ལས་མི་འབྱུང་ཞིང་། སེམས་ཀྱང་སེམས་མེད་པ་ལས་མི་འབྱུང་བས་ན་གཟུགས་དང་སེམས་ཐམས་ཅད་ཐོག་མ་མེད་པ་ནས་ཡོད་པས་ན་དེ་དག་ལ་ཐོག་མ་ཞེས་པ་མེད་མོད་ཀྱི། སེམས་ལ་རང་གིས་རང་རིག་པའི་ནུས་པ་ཁྱད་པར་ཅན་ཞིག་ཡོད་པ་ལ་བརྟེན་ནས་ནམ་ཞིག་སེམས་ཀྱིས་རང་ངོ་ཤེས་སྲིད་ཅིང་། རང་ངོ་ཤེས་པ་ནི་ཐར་པ་ཡིན་པས་འཁོར་བ་ལ་ཐོག་མ་མེད་ཀྱང་ཐ་མ་ཡོད་པའི་ཚུལ་དེ་ལྟར་ཡིན་ནམ་སྙམ་མོ།།

དེ་ལས་གཞན་ཆོས་རྗེ་རང་བྱུང་རྡོ་རྗེས་ནི་སྙིང་པོ་བསྟན་པ་ལས། དུས་ནི་སྐད་ཅིག་དེ་ཉིད་དེ།། གཞན་ནས་བརྒྱུད་དེ་འོང་པ་མིན།། ཞེས་དང་། ཐོག་མཐའ་ཀུན་རྟོག་ཉིད་ལ་བརྟེན།། ཞེས་སོགས་གསུངས་པ་ལྟར་རྨི་ལམ་ནང་དུ་དུས་ཐུང་ངུའི་ནང་དུ་ཡང་དུས་རིང་པོའི་བྱ་བ་བྱེད་པའི་ཚུལ་སྣང་ཆོག་པ་ནི་རྨི་ལམ་དུ་སྣང་བའི་དུས་ནི་འཁྲུལ་པ་ཡིན་པའི་རྒྱུ་མཚན་གྱིས་ཡིན་པ་ལྟར་འཁོར་བར་དུས་སྐད་ཅིག་མ་འདི་རང་ལ་ཡང་སྐྱེ་བ་དཔག་ཏུ་མེད་པ་འབྱུང་བ་ནི་དུས་འཁྲུལ་པ་ཡིན་པའི་རྒྱུ་མཚན་གྱིས་ཡིན་ཅིང་། དེས་ན་རང་རེ་རྣམས་འཁོར་བར་འཁོར་བ་དང་། འཁོར་བ་ལས་ཐར་པ་སོགས་དེ་ཐམས་ཅད་ད་ལྟའི་སྐད་ཅིག་མ་འདི་རང་ཡིན་ནོ།། འོན་ཀྱང་འཁྲུལ་ཏེ་དེ་ལ་བདེན་འཛིན་གྱི་བག་ཆགས་ཟབ་མོ་ཞུགས་པས་ན་འཁོར་བར་ཡུན་རིང་པོ་འཁོར་ཞིང་། ལས་བཟང་ངན་ཀྱང་མང་པོ་ཞིག་བསགས། བག་ཆགས་ཀྱང་མང་པོ་བཞག་པས་ན། དེ་ལ་ལྟོས་པའི་ལས་དགེ་བ་ཡང་མང་པོ་གསོག་པར་བྱ་དགོས་སོ།། འོན་ཀྱང་གཙོ་བོ་གནས་ལུགས་རྟོགས་པ་ནི་མི་དགེ་བ་བཤག་པའི་ཐབས་ནུས་པ་ཆེ་ཤོས་ཏེ། མཐར་གཏུགས་ན་མི་དགེ་བའི་ལས་ཞེས་པ་ཡང་འཁྲུལ་སྣང་གི་བག་ཆགས་ཙམ་ཡིན་པའི་ཕྱིར་དང་། མི་དགེ་བའི་ལས་རྣམས་རེ་རེ་བཞིན་སྦྱོང་བར་བྱ་དགོས་ན་འཁོར་བ་ཐོག་མ་མེད་པ་ནས་མི་དགེ་བ་བསགས་པས་དེ་ཐམས་ཅད་མ་ལུས་པར་སྦྱོང་བའི་སྐལ་པ་ནམ་ཡང་མེད་པའི་ཐལ་བ་ཡོད་པའི་ཕྱིར་རོ།།

ད་ནི་ཆོས་རྗེ་རང་བྱུང་རྡོ་རྗེས་མཛད་པའི་རྣམ་སྙིང་ཕྱག་གསུམ་སྟེ། རྣམ་ཤེས་དང་ཡེ་ཤེས་འབྱེད་པའི་བསྟན་བཅོས་དང་། སྙིང་པོ་བསྟན་པའི་བསྟན་བཅོས། ངེས་དོན་ཕྱག་རྒྱ་ཆེན་པོའི་སྨོན་ལམ་བཅས་གསུམ་པོ་ལ་བརྟེན་ནས་གནས་ལུགས་རྟོགས་ཐབས་ལ་འཇུག་པར་བྱ་སྟེ། འཇུག་པའི་ཚུལ་ཡང་དྭགས་པོ་བཀའ་བརྒྱུད་པའི་ལུགས་འདི་རུ་སྣང་བ་སེམས་དང་། སེམས་སྟོང་པ། དེ་ཡང་གསལ་སྟོང་ཟུང་འཇུག དེ་ཉིད་སེམས་མ་བཅོས་རང་བབས་སུ་འཇོག་པའི་སྒོ་ནས་མངོན་དུ་བྱེད་པ་ལ། སྣང་བ་ཐམས་ཅད་སེམས་དང་། སེམས་སྟོང་པ་ཉིད་ཀྱི་ཚུལ་ནི་རྣམ་ཤེས་དང་ཡེ་ཤེས་འབྱེད་པའི་བསྟན་བཅོས་ལས་གསལ་པོར་བསྟན་ཅིང་། སེམས་གསལ་སྟོང་ཟུང་འཇུག་ཡིན་པའི་ཚུལ་ནི་སྙིང་པོ་བསྟན་པ་ལས་བསྟན་པ་དང་། དེ་མངོན་དུ་བྱེད་པའི་ཐབས་ནི་ངེས་དོན་ཕྱག་རྒྱ་ཆེན་པོའི་སྨོན་ལམ་ལས་བསྟན་པའོ།། དེ་ལྟར་ན་བསྟན་བཅོས་གསུམ་པོ་འདི་དག་སོ་སོ་ནས་རང་རྐང་ཚུགས་པའི་བསྟན་བཅོས་ཡིན་ཀྱང་སྔ་མ་ཕྱི་མར་འབྲེལ་ཆེ་བས་ན་རྗེ་རང་བྱུང་རྡོ་རྗེའི་ལུགས་ཀྱི་གཞན་སྟོང་དང་། ངེས་དོན་ཕྱག་རྒྱ་ཆེན་པོ་བཅས་ལ་མོས་པ་དག་གིས་བསྟན་བཅོས་གསུམ་པོ་འདི་དག་ཕན་ཚུན་གོ་རིམ་ལྟར་སྦྱར་ནས་ཐོས་བསམ་སྒོམ་གསུམ་ནན་ཏུ་བྱེད་པ་ཉིད་མཆོག་ཏུ་གལ་ཆེའོ།།

ཐོག་མར་སྣང་བ་སེམས་སུ་འདོད་པའི་ཚུལ་ལ་གཉིས་ཏེ། གང་རི་སེར་པོ་ནི་ལོག་ཤེས་ཙམ་ཡིན་པ་ལྟར་སྣང་བ་ཐམས་ཅད་འཁྲུལ་སྣང་ཙམ་ཡིན་པས་སེམས་སུ་འདོད་པ་དང་། མེ་ལོང་ནང་གི་གཟུགས་བརྙན་ནི་མེ་ལོང་གི་རང་བཞིན་ལས་མ་འདས་པ་བཞིན་སྣང་བ་ཐམས་ཅད་སེམས་ཡིན་པར་འདོད་པ་བཅས་གཉིས་སོ།། དེ་གཉིས་ལས་རང་བྱུང་རྒྱལ་བས་རྣམ་ཤེས་ཡེ་ཤེས་འབྱེད་པའི་བསྟན་བཅོས་ཀྱི་ནང་དུ་ལུགས་ཕྱི་མ་ལྟར་སྣང་བ་དང་སེམས་གཉིས་ལ་འབྲེལ་བ་མེད་ན་ཕན་ཚུན་ཡུལ་ཡུལ་ཅན་དུ་འགྱུར་མི་སྲིད་ཅིང་། འབྲེལ་བ་ཡོད་ན་དེ་ལས་དེ་བྱུང་གི་འབྲེལ་བ་མེད་པས་ན་བདག་ཉིད་གཅིག་པའི་འབྲེལ་བ་ལས་གཞན་མེད་པའི་རྒྱུ་མཚན་གྱིས་སྣང་བ་ཉིད་སེམས་ཡིན་པར་གསུངས་སོ།། དེ་ལྟར་སྣང་བ་སེམས་ཡིན་མིན་ཅི་ལྟར་ཡང་སྣང་བ་འཁྲུལ་སྣང་ཡིན་པར་གདོན་མི་ཟ་ལ། འཁྲུལ་སྣང་ཐམས་ཅད་ཡུལ་ཅན་འཁྲུལ་པ་ལ་བརྟེན་ནས་བྱུང་བས་ན་སྣང་བ་སེམས་སུ་འདོད་པ་ལ་ཉེས་པ་མེད་ཅིང་། དེ་ལྟར་ངེས་པ་ན་རང་བྱུང་རྒྱལ་བས་རྣམ་ཤེས་ཡེ་ཤེས་འབྱེད་པ་ལས། སྣང་བ་སེམས་ཏེ་དེ་ཡི་དོན།། ཕྱི་རོལ་གཞན་དུ་གྲུབ་མེད་ཕྱིར།། ཚངས་སོགས་བྱེད་པོ་མིན་པར་རྟོགས།། ཞེས་གསུངས་པ་ལྟར་སྣང་བ་སེམས་ཙམ་ཡིན་པར་རྟོགས་པ་ན་ཚངས་པ་དང་ལྷ་ཆེན་པོ་སོགས་འཇིག་རྟེན་བཀོད་པ་པོ་གཞན་མེད་པར་རྟོགས་ཤིང་། དེ་རྟོགས་པས་འཇིག་རྟེན་ཐམས་ཅད་འཁྲུལ་སྣང་ཙམ་དུ་རྟོགས་པའི་སྒོ་ནས་ཡང་དག་པའི་ལམ་ལ་འཇུག་པའི་དགེ་མཚན་ཆེ་བར་ཡོད་དོ།།

སེམས་ལ་བརྟེན་ནས་འཁྲུལ་པའི་ཚུལ་ནི། རང་བྱུང་རྒྱལ་བ་ཉིད་ཀྱིས་ཟབ་མོ་ནང་གི་དོན་ལས་ཐོག་མར་སེམས་ཀྱིས་རང་ངོ་རང་གིས་མ་རིག་པས་ཡུལ་དང་ཡུལ་ཅན་གཉིས་སུ་སྣང་བ་དང་། དེ་ལས་ཕུང་པོ་ལྔ་རྣམས་རིམ་གྱིས་གྲུབ་པའི་ཚུལ་གསུངས་ཤིང་། ངེས་དོན་ཕྱག་རྒྱ་ཆེན་པོའི་སྨོན་ལམ་ལས་ཀྱང་། ཡོད་མ་མྱོང་བའི་རང་སྣང་ཡུལ་དུ་འཁྲུལ།། མ་རིག་དབང་གིས་རང་རིག་བདག་ཏུ་འཁྲུལ།། གཉིས་འཛིན་དབང་གིས་སྲིད་པའི་ཀློང་དུ་འཁྱམས།། མ་རིག་འཁྲུལ་པའི་རྩད་བདར་ཆོད་པར་ཤོག ཅེས་རང་ངོ་རང་གིས་མ་རིག་པས་གཉིས་སུ་འཛིན་པ་ཉིད་བྱུང་བར་གསུངས་སོ།། སེམས་དེ་ཉིད་ཀྱང་སེམས་ཙམ་པ་ལྟར་བདེན་གྲུབ་ཏུ་འདོད་པ་ནི་མ་ཡིན་ཏེ། རང་བྱུང་རྒྱལ་བས་རྣམ་ཤེས་དང་ཡེ་ཤེས་འབྱེད་པ་ལས། ཆོས་རྣམས་རྟེན་ཅིང་འབྲེལ་འབྱུང་སྟེ།། དེ་ཉིད་རང་གི་ངོ་བོས་སྟོང་།། གཅིག་དང་ཐ་དད་རྣམ་བྲལ་བ།། རྫུན་དང་བདེན་པ་རྣམ་སྤངས་ཤིང་།། སྒྱུ་མ་ཆུ་ཟླ་ལ་སོགས་ལྟར།། མཁྱེན་ནས་སེམས་ཅན་རྣམས་ལ་གསུངས།། ཞེས་གསུངས་པ་ལྟར་སེམས་བདེན་གྲུབ་ཏུ་མེད་དེ་གཅིག་དང་ཐ་དད་གང་ཡིན་སོགས་རིགས་པས་བརྟགས་ཤིང་དཔྱད་ན་བདེན་གྲུབ་ཏུ་མི་རྙེད་པའི་ཕྱིར་དང་། མེད་པ་ཡང་མ་ཡིན་ཏེ་འཁོར་འདས་ཀུན་གྱི་གཞི་ཡིན་པས་ན་སྒྱུ་མ་དང་ཆུ་ཟླ་ལ་སོགས་པ་ལྟར་བདེན་པར་མ་གྲུབ་ཀྱང་སྣང་རུང་ཙམ་གྱི་སྒོ་ནས་ཡོད་པའོ།།

སེམས་འཁྲུལ་པ་ལ་བརྟེན་ནས་རྣམ་ཤེས་དང་། དེ་ལ་བརྟེན་ནས་འཁོར་བ་གྲུབ་ཅིང་། སེམས་མ་འཁྲུལ་པ་ལ་བརྟེན་ནས་ཡེ་ཤེས་དང་། དེ་ལ་བརྟེན་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་གྲུབ་པ་ལ། རྣམ་ཤེས་དང་ཡེ་ཤེས་གཉིས་པོའི་ཁྱད་པར་ནི་རང་བྱུང་རྒྱལ་བས་རྣམ་ཤེས་དང་ཡེ་ཤེས་འབྱེད་པ་ལས། སེམས་ཡིད་རྣམ་པར་ཤེས་པ་ཡི།། དྲི་མར་ལྡན་གང་ཀུན་གཞི་ཡིན།། དྲི་མེད་རྒྱལ་བའི་སྙིང་པོར་བརྗོད།། ཅེས་གསུངས་པ་ལྟར་ལ། དྲི་མ་དང་ལྡན་མི་ལྡན་ཀྱང་འཁྲུལ་དང་མ་འཁྲུལ་གྱི་དོན་ཡིན་ཅིང་། འཁྲུལ་མ་འཁྲུལ་ཀྱང་རང་ངོ་ཤེས་པ་དང་མི་ཤེས་པའི་ཁྱད་པར་རོ།། འོ་ན་རྣམ་ཤེས་ནི་འཁྲུལ་པ་ཡིན་ཅིང་། འཁྲུལ་པའི་ཤེས་པས་མི་ཤེས་ཤིང་མི་རིག་ན་དེ་ལ་རྣམ་ཤེས་སུ་བརྗོད་པ་ནང་འགལ་ཅན་གྱི་ཚིག་ཏུ་མི་འགྱུར་རམ་སྙམ་ན། མི་འགྱུར་ཏེ། ཆོས་གང་ཞིག་གི་རྣམ་པ་ཙམ་ཤེས་པ་ལ་རྣམ་ཤེས་ཞེས་བརྗོད་ཅིང་། དེ་ཡི་ཡེ་གདོད་མའི་རང་བཞིན་ཤེས་པ་ལ་ཡེ་ཤེས་བརྗོད་པ་སྟེ། དཔེར་ན་སྐྱེ་བོ་ཐ་མལ་པས་མེ་དམར་པོ་ཙམ་ཤེས་ཀྱང་མེ་གྲུབ་བྱེད་ཀྱི་རྫས་ཕྲ་ཞིང་ཕྲ་བ་མི་ཤེས་པ་དང་། འཕགས་པ་རྣམས་ཀྱིས་ནི་མེ་ཡི་རྣམ་པ་ཙམ་མིན་པར་མེ་ཡི་རང་བཞིན་ཕྲ་མོ་དག་ཀྱང་རྟོགས་པའི་ཕྱིར་རོ།།

རྗེ་རང་བྱུང་རྡོ་རྗེས་རྣམ་ཤེས་ཡེ་ཤེས་འབྱེད་པ་ལས་རྣལ་འབྱོར་སྤྱོད་པ་བས་འདོད་པ་ལྟར་རྣམ་ཤེས་ཚོགས་བརྒྱད་ཀྱི་རྣམ་གཞག་གསུངས་པ་ལ། ཐོག་མར་ཀུན་གཞི་རྣམ་ཤེས་ནི་རྣམ་ཤེས་ཀྱི་ནུས་པ་ཀུན་འབྱུང་བའི་གཞི་ཡིན་པས་ན་ཀུན་གཞི་ཞེས་བྱའོ།། རྒྱ་མཚོ་ལས་རླབས་ཐ་དད་དུ་མེད་ཀྱང་རྒྱ་མཚོ་དང་རླབས་ཐ་དད་དུ་བཤད་དུ་ཡོད་པ་བཞིན་རྣམ་ཤེས་གཞན་དག་ཀྱང་ཀུན་གཞི་རྣམ་ཤེས་ལས་ཐ་དད་པ་མིན་ན་ཡང་། རྣམ་ཤེས་ཚོགས་བརྒྱད་ཀྱི་རྣམ་གཞག་བྱེད་པ་ན་ཀུན་གཞི་རྣམ་ཤེས་ནི་སེམས་ཀྱི་ནུས་པ་དང་སེམས་ཀྱི་རྒྱུན་ལ་གོ་བའོ།། དེ་ལྟར་ཀུན་གཞི་རྣམ་ཤེས་ནི་ཤེས་པ་ཡིན་མོད་ཀྱི་དེའི་ཆ་ཤས་ཕལ་མོ་ཆེ་ཅུང་མི་གསལ་བའི་ཚུལ་དུ་ཡོད་པ་ལས་གསལ་རིག་གི་ནུས་པ་མངོན་དུ་ལྡང་བར་བྱེད་པ་ལ་དེ་མ་ཐག་ཡིད་ཅེས་བྱའོ།། དེ་མ་ཐག་ཡིད་ཀྱིས་ཀུན་གཞི་ལས་རྣམ་པར་ཤེས་པའི་ཚོགས་གཞན་རྣམས་ལྡང་བར་བྱེད་ན་ཡང་། ཀུན་གཞི་རྣམ་ཤེས་ཀྱི་ངོ་བོ་ལ་རྨོངས་པས་ན་ཕྱིན་ཅི་ལོག་ཏུ་རྟོག་པར་བྱེད་པའི་ཆ་ནས་དེ་ལ་ཉོན་ཡིད་ཅེས་བྱའོ།། དེ་མ་ཐག་ཡིད་དང་ཉོན་ཡིད་གཉིས་པོར་ཀུན་གཞི་ལ་གནས་པའི་ཡིད་ཅེས་བྱ་ཞིང་། དེ་གཉིས་ཡོན་ཏན་དང་བྱ་བའི་སྒོ་ནས་ཐ་དད་པ་ལས་རྫས་ཐ་དད་པ་མ་ཡིན་ནོ།།

ཚོགས་དྲུག་གི་ཤེས་པ་འབྱུང་བའི་ཚུལ་ནི་ལུས་ཐམས་ཅད་ལ་རྩ་ཡིས་ཁྱབ་ཅིང་། རྩ་ཐམས་ཅད་ལ་ཁམས་དཀར་པོས་ཁྱབ། གང་དུ་རྩ་སྐྱོན་མེད་ཅིང་ཁམས་དཀར་པོ་ཡོད་པ་ལ་རྣམ་པར་ཤེས་པ་ཡང་ཆུ་ལ་རླན་གྱི་ཚུལ་དུ་ཡོད་པ་ལ། མིག་རྣ་སྣ་ལྕེ་ལུས་བཅས་དབང་པོ་ལྔ་པོ་གང་དག་ཡོད་པ་ལ་དེ་མ་ཐག་ཡིད་ལ་བརྟེན་ནས་ཀུན་གཞི་རྣམ་ཤེས་ཀྱི་ནུས་པ་ཁྱད་པར་ཅན་འབྱུང་བའི་སྒོ་ནས་མིག་གིས་གཟུགས་མཐོང་བ་སོགས་བྱེད་པས་ན་དེ་དག་ལ་དབང་ཤེས་ཞེས་བརྗོད་པའོ།། གྲུབ་མཐའ་སྨྲ་བ་འགའ་ཞིག་གིས་ཡིད་ལས་ཡིད་དབང་གཞན་དུ་སྨྲ་བར་བྱེད་ཀྱང་དེ་གཉིས་ཐ་དད་དུ་མེད་པར་ཕྲ་རགས་ཀྱི་རྣམ་རྟོག་སྣ་ཚོགས་པ་འཕྲོ་བར་བྱེད་པ་ཉིད་ལ་བརྗོད་པའོ།། འོ་ན་ཡིད་ཀྱི་དབང་པོ་དང་ཀུན་གཞི་ལ་གནས་པའི་ཡིད་གཉིས་པོའི་ཁྱད་པར་ཡོད་དམ་མེད་ཅེ་ན་ཡོད་དེ། ཀུན་གཞི་ལས་ནུས་པ་ཅུང་འབུར་དུ་ཐོན་པ་ལ་དེ་མ་ཐག་ཡིད་ཅེས་བྱ་ཞིང་། དེའི་ནུས་པ་ཆེས་ཆེར་མངོན་གྱུར་དུ་ལྡང་བ་ལ་ཡིད་ཀྱི་དབང་པོ་ཞེས་བྱ་དགོས་སམ་སྙམ་མོ།། ལུས་ཐོག་མར་འགྲུབ་པ་ན་སྙིང་གི་རྩ་འགྲུབ་པས་ན་ཀུན་གཞི་རྣམ་ཤེས་ནི་གཙོ་བོ་སྙིང་ལ་གནས་ཀྱང་། དེའི་ནུས་པ་གཙོ་བོ་སྟེ་ཡིད་ཀྱི་དབང་པོ་ནི་གཙོ་བོ་ཀླད་པར་གནས་པ་སྟེ། ཁམས་དཀར་པོའི་ཆ་གཙོ་བོ་སྤྱི་བོ་ལ་གནས་ཤིང་། རྩ་ཡི་ཕུང་པོ་ཡང་དེ་བཞིན་ཡིན་པའི་ཕྱིར་རོ།།

དེ་ཡང་རྣམ་ཤེས་ཚོགས་བརྒྱད་པོ་དག་པའི་ཆ་ལ་ཡེ་ཤེས་ལྔ་ཡོད་པ་ནི་ཆོས་དབྱིངས་ཡེ་ཤེས། མེ་ལོང་ཡེ་ཤེས། མཉམ་ཉིད་ཡེ་ཤེས། སོར་རྟོག་ཡེ་ཤེས། བྱ་གྲུབ་ཡེ་ཤེས་རྣམས་སོ།། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ནི་ཆོས་ཉིད་ཀྱི་གནས་ལུགས་ཡིན་པས་ན་ཆོས་དབྱིངས་ཡེ་ཤེས། དེས་ཆོས་ཐམས་ཅད་མཁྱེན་པའི་ཆ་ནས་མེ་ལོང་ཡེ་ཤེས། དེ་ལ་བཟང་ངན་དང་མཚན་འཛིན་སོགས་མེད་པས་ན་མཉམ་ཉིད་ཡེ་ཤེས། དེ་ལྟར་ན་ཡང་མ་འདྲེས་པར་སོ་སོར་མཁྱེན་པས་ན་སོར་རྟོག་ཡེ་ཤེས། མཁྱེན་པ་ཙམ་མིན་པར་དེ་ལ་གཞན་དོན་གྱི་ཕྲིན་ལས་ལྷུན་གྲུབ་ཏུ་འབྱུང་བས་ན་བྱ་གྲུབ་ཡེ་ཤེས་སོ། ཡེ་ཤེས་ལྔ་ཞེས་པ་ཡང་དོན་དུ་སངས་རྒྱས་ལ་ཡེ་ཤེས་ཐ་དད་པ་ལྔ་ཡོད་པའི་དོན་མིན་པར། སེམས་ཅན་རེ་རེར་རྫས་ཀྱི་ཆ་ནས་རྣམ་ཤེས་རེ་རེ་ལས་མེད་ཀྱང་བྱ་བ་མི་འདྲ་བའི་ཆ་ནས་རྣམ་ཤེས་ཚོགས་བརྒྱད་དུ་འཇོག་པ་ལྟར་སངས་རྒྱ་བ་ན་ཡེ་ཤེས་ཀྱང་གཅིག་ལས་མེད་ཀྱང་བྱ་བའམ་ཡོན་ཏན་མི་འདྲ་བའི་ཆ་ནས་ལྔར་བཞག་པའོ།། ཡེ་ཤེས་དེ་དག་སྐུ་གསུམ་དུ་འཇོག་པ་ནི་ཆོས་དབྱིངས་ཡེ་ཤེས་དང་མེ་ལོང་ཡེ་ཤེས་ནི་ཆོས་སྐུ་དང་། མཉམ་ཉིད་ཡེ་ཤེས་དང་སོར་རྟོག་ཡེ་ཤེས་ནི་ལོངས་སྐུ། བྱ་གྲུབ་ཡེ་ཤེས་ནི་སྤྲུལ་པའི་སྐུའོ།།

རྣམ་ཤེས་ཚོགས་བརྒྱད་པོ་དག་པའི་ཆ་ལ་ཡེ་ཤེས་ལྔ་ཞེས་བརྗོད་པ་ན་ཀུན་གཞི་རྣམ་ཤེས་དག་པའི་ཆ་མེ་ལོང་ཡེ་ཤེས་སུ་འགྱུར་བ་ཡང་། སེམས་ཀྱི་མཚན་ཉིད་གསལ་ཞིང་རིག་པ་ནི་ཀུན་གཞི་རྣམ་ཤེས་ཡིན་ཅིང་། དེ་ཉིད་རྣམ་པར་དག་པའམ་མཐར་ཐུག་པ་ནི་མེ་ལོང་ཡེ་ཤེས་སོ།། ཉོན་ཡིད་རྣམ་པར་དག་པའི་ཆ་ནི་མཉམ་ཉིད་ཡེ་ཤེས་སུ་འགྱུར་བ་ཡང་ཉོན་ཡིད་ལ་བརྟེན་ནས་བདག་འཛིན་དང་། དེ་ལ་བརྟེན་ནས་བདག་གཞན་རིས་སུ་གཅོད་པ་ལ་དེ་ཉིད་འཁྲུལ་པར་རྟོགས་པས་བདག་གཞན་མཉམ་ཉིད་དང་། དེ་ལ་བརྟེན་ནས་མཉམ་ཉིད་ཡེ་ཤེས་འབྱུང་བའོ།། འཁོར་བའི་སྐབས་སུ་དེ་མ་ཐག་ཡིད་ཀྱིས་ཡུལ་སོ་སོར་འཇུག་པའི་རྣམ་ཤེས་སོ་སོར་སྐྱེ་བར་བྱེད་པ་ལ་དེ་རྣམ་པར་དག་པས་སངས་རྒྱས་ཀྱི་སྐབས་སུ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་ཀྱང་སོ་སོར་མ་འདྲེས་པར་མཁྱེན་པར་བྱེད་པའོ།། འཁོར་བའི་སྐབས་སུ་སྒོ་ལྔའི་རྣམ་ཤེས་ལ་བརྟེན་ནས་འདོད་པའི་དོན་སྒྲུབ་པར་བྱེད་པ་ལ་དེ་རྣམ་པར་དག་པས་བྱ་བ་གྲུབ་པའི་ཡེ་ཤེས་འབྱུང་བའོ།། ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པ་ནི་ཆོས་དབྱིངས་ཡེ་ཤེས་སུ་འགྱུར་བ་ནི་སངས་རྒྱ་བ་ནི་ཡུལ་ཆོས་དབྱིངས་དང་ཡུལ་ཅན་ཡེ་ཤེས་གཉིས་པོ་མཉམ་པ་ཉིད་དུ་འགྱུར་བའི་རྒྱུ་མཚན་གྱིས་སོ།།

དེ་ལྟར་རྣམ་ཤེས་དང་ཡེ་ཤེས་གཉིས་པོའི་ཁྱད་པར་བཤད་ཟིན་ནས་ཡེ་ཤེས་ཀྱི་ངོ་བོ་སྟེ་བདེ་བར་གཤེགས་པའི་སྙིང་པོ་ནི་རྗེ་རང་བྱུང་རྡོ་རྗེས་སྙིང་པོ་བསྟན་པ་ལས་གསལ་པོར་གསུངས་སོ།། དེ་ལ་བདེ་བར་གཤེགས་པའི་སྙིང་པོ་ནི་དེ་ཉིད་ལས། ཐ་མལ་ཤེས་པ་དེ་ཉིད་ལ།། ཆོས་དབྱིངས་རྒྱལ་བའི་སྙིང་པོ་ཟེར།། བཟང་དུ་འཕགས་པས་བཏང་བ་མེད།། ངན་དུ་སེམས་ཅན་གྱིས་མ་བཏང་།། ཞེས་གསུངས་པ་ལྟར་སེམས་བདེན་པར་མ་གྲུབ་པ་ཙམ་མིན་པར་སེམས་ཀྱི་རང་བཞིན་ལ་ཡེ་གདོད་མ་ནས་དྲི་མ་གང་གིས་ཀྱང་མ་གོས་པས་རྟག་ཏུ་རྣམ་པར་དག་པའི་ཚུལ་གྱིས་གནས་པར་གོ་བའོ།། སེམས་ཀྱི་རང་བཞིན་རྣམ་པར་དག་པ་ཡིན་ཀྱང་དེ་ཉིད་སྟོང་པ་ཉིད་ཡིན་པ་ལས་བདེན་པར་གྲུབ་པ་མ་ཡིན་ཏེ་སྙིང་པོ་ངེས་པར་བསྟན་པ་ལས། ཐམས་ཅད་བདེན་མིན་རྫུན་མིན་ཏེ།། ཆུ་ཟླ་བཞིན་དུ་མཁས་རྣམས་འདོད།། ཅེས་གསུངས་པ་ལ། བདེན་མིན་ཞེས་པ་དོན་དམ་པར་དགོངས་པ་སྟེ་དོན་དམ་དུ་བདེན་པར་གྲུབ་པ་མེད་པའི་ཕྱིར་དང་། རྫུན་མིན་ཞེས་པ་ཀུན་རྫོབ་ལ་དགོངས་ནས་གསུངས་པ་སྟེ། ཀུན་རྫོབ་ཏུ་འཁོར་འདས་ཐམས་ཅད་ཀྱི་གཞི་ཡིན་པས་ན་རི་བོང་གི་རྭ་དང་མི་འདྲ་བའི་ཕྱིར་རོ།།

བདེ་བར་གཤེགས་པའི་སྙིང་པོ་ཡང་སེམས་ཀྱི་རང་བཞིན་ཡིན་ཅིང་། སེམས་ཀྱི་རང་བཞིན་ཀྱང་ཤེས་པའི་བདག་ཉིད་ཡིན་པས་ན་དེ་ལ་གསལ་བའི་ཆ་དང་ཤེས་པའི་ཆ་གཉིས་ཡོད་པ་ལས། གསལ་བ་ནི་རྣམ་པར་དག་པ་ལ་གོ་ཞིང་དེ་ནི་རང་བཞིན་གནས་རིགས་དང་། རིག་པ་སྟེ་ཤེས་པའི་ཆ་ནི་རྒྱས་འགྱུར་གྱི་རིགས་སོ།། དེ་ཡང་ཤེས་པ་ཡིན་ཙམ་གྱི་ཆ་ནས་མིན་པར་ཡང་དག་པའི་དོན་རྟོགས་པའི་ནུས་པ་སྟེ། དཔེར་ན་ཐ་མལ་པའི་བྱམས་པ་དང་། སྙིང་རྗེ་ལ་སོགས་པ་ཡང་གནས་ལུགས་དང་ཕྱོགས་ཙམ་མཐུན་པས་ན་དགེ་བའི་བློ་སྐྱེད་པ་དང་། ཡང་དག་པའི་དོན་རྟོགས་ནུས་པ་འདི་ལ་ཐོས་པའི་བག་ཆགས་ཞེས་ཀྱང་བརྗོད་དོ།། དེ་ཉིད་གོང་དུ་སྤེལ་བས་ཤེས་རབ་རྒྱས་པར་འགྱུར་ཞིང་། ཤེས་རབ་རྒྱས་པས་ཉོན་མོངས་སེལ། ཉོན་མོངས་སེལ་བས་རང་བཞིན་གནས་རིགས་ཀྱི་ཆ་མངོན་དུ་བྱེད་ཅིང་། རྒྱས་འགྱུར་གྱི་རིགས་ཀྱང་རྒྱས་པར་འགྱུར་བའོ།། དེ་ལས་གཞན་སེམས་ཀྱི་རང་བཞིན་སྟོང་པ་ཉིད་ཡིན་པ་ཙམ་ལ་ཆོས་སྐུར་སྨྲ་བ་ནི་མི་འཐད་དེ། ཤེས་རབ་རིན་ཆེན་གྱིས་གངྒཱ་མའི་འགྲེལ་པ་ལས། དེས་ན་སེམས་ནི་རིག་སྟོང་དབྱེར་མེད་པ་ཞིག་ཡིན། རིག་པ་མེད་ན་སྟོང་པ་ཁོ་ནས་སངས་རྒྱས་ཀྱི་རྟོགས་པ་ཕུན་སུམ་ཚོགས་པ་མི་འབྱུང་། སྟོང་པ་མེད་ན་སངས་རྒྱས་ཀྱི་སྤངས་པ་ཕུན་སུམ་ཚོགས་པ་མི་འབྱུང་སྟེ། ཞེས་གསུངས་པ་ལྟར་རོ།།

དེས་ན་སེམས་ཀྱི་གནས་ལུགས་གསལ་སྟོང་ཟུང་དུ་འཇུག་པ་ཉིད་སོ་སོ་རང་རིག་པའི་ཚུལ་གྱིས་རྟོགས་པ་ལ་ཆོས་སྐུ་མངོན་དུ་བྱས་ཞེས་པའི་ཐ་སྙད་བྱེད་ཅིང་། བྱེ་བྲག་ཏུ་སེམས་ཀྱི་རང་བཞིན་གསལ་བ་དང་དབྱེར་མེད་པའི་ཚུལ་དུ་ཡོད་པའི་དགེ་བའི་སེམས་གོང་དུ་སྤེལ་བ་ལས་གཟུགས་སྐུ་གཉིས་པོ་འབྱུང་བ་ཡང་། གནས་ལུགས་རྟོགས་ཤིང་། དགེ་བའི་བག་ཆགས་རྒྱ་ཆེར་བསགས་པས་སེམས་ལ་ལྷན་སྐྱེས་སུ་ལུས་ཀྱི་རྣམ་པ་ཕྲ་མོ་ཞིག་ཡོད་པ་ལ། མ་དག་པའི་སྐབས་སུ་དེ་ལ་བརྟེན་ནས་བར་དོའི་ལུས་དང་གདོས་བཅས་ཀྱི་ལུས་སོགས་འགྲུབ་ཅིང་། དག་པའི་སྐབས་སུ་དེ་ལས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུའི་བདག་ཉིད་ཀྱི་རྣམ་པ་མངོན་པར་འགྱུར་ཅིང་། དེ་ཡང་ཚོགས་གཉིས་དང་སྨོན་ལམ་རྒྱ་ཆེན་པོ་ལ་བརྟེན་ནས་གྲུབ་པས་ན་གཟུགས་ཅན་གྱི་ལུས་གཞན་དང་མི་འདྲ་བར་གདུལ་བྱ་སོ་སོའི་དོན་བྱེད་པར་གང་ལ་གང་འདུལ་གྱི་རྣམ་པ་འཆར་བར་འགྱུར་བས་ན་སངས་རྒྱས་ཀྱི་གཟུགས་སྐུ་ཞེས་བརྗོད་པའོ།། དེས་ན་གཟུགས་སྐུ་གཉིས་པོ་ནི་གཙོ་བོ་སེམས་ལས་ཀྱང་སེམས་ཀྱི་རྣམ་པ་ལུས་སུ་སྣང་བ་ལས་གྲུབ་པ་ཡིན་ཅིང་། རྣལ་འབྱོར་བླ་མེད་ཀྱི་རྒྱུད་གསང་བ་འདུས་པ་སོགས་སུ་སྒྱུ་ལུས་ལ་བརྟེན་ནས་སངས་རྒྱས་ཀྱི་གཟུགས་སྐུ་བཙན་ཐབས་སུ་མངོན་དུ་བྱེད་པའི་ཚུལ་གསུངས་པ་ཡང་ཡིད་ཀྱི་རང་བཞིན་གྱི་ལུས་ཕྲ་བ་འདི་ཉིད་ལ་བརྟེན་པའོ།།

སེམས་སམ་བདེ་བར་གཤེགས་པའི་སྙིང་པོ་ནི་ངོ་བོ་སྟོང་པ། རང་བཞིན་གསལ་བ། རྣམ་པ་འགག་མེད་ཀྱི་རང་བཞིན་ཡིན་པ་ལ། ངོ་བོ་སྟོང་པ་ནི་བདེན་པར་མ་གྲུབ་པ།  རང་བཞིན་གསལ་བ་ནི་སེམས་དེ་ཉིད་ཀྱིས་ཡུལ་རིག་པ་སོགས་ནུས་པས་ན་སྟོང་པ་ཉིད་ཡིན་ཀྱང་མེད་པ་མ་ཡིན་པའི་དོན་ནོ།། རྣམ་པ་འགག་མེད་ནི་ཅི་ཡང་འཆར་དུ་རུང་བའི་དོན་ནོ།། སེམས་ཀྱི་གནས་ལུགས་དེ་རྟོགས་པར་ཕྱག་རྒྱ་ཆེན་པོ་ལ་འཇུག་པར་བྱ་ཞིང་། དེ་ཡང་ཕྱག་རྒྱ་ཆེན་པོ་དངོས་ནི་བདེ་སྟོང་ཟུང་དུ་འཇུག་པའི་ཡེ་ཤེས་ཡིན་པ་ལ་དེ་ཆ་ཚང་བ་ཉམས་སུ་ལེན་པར་དབང་བཞི་སྔོན་དུ་འགྲོ་བའི་སྒོ་ནས་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པར་བྱའོ།། ཆོས་རྗེ་སྒམ་པོ་པའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱིས་གཙོ་བོ་སེམས་ཀྱི་རང་བཞིན་སྟོང་པའི་ཆ་ཉིད་མངོན་དུ་བྱེད་ཅིང་། དེ་ཉིད་རྗེ་རང་བྱུང་རྡོ་རྗེས་ངེས་དོན་ཕྱག་རྒྱ་ཆེན་པོའི་སྨོན་ལམ་གྱི་ནང་དུ་གསལ་པོར་གསུངས་ཤིང་། ཕྱག་ཆེན་གངྒཱ་མའི་འགྲེལ་པ་རང་བྱུང་རྒྱལ་བའི་ཐུགས་སྲས་ཤེས་རབ་རིན་ཆེན་གྱིས་མཛད་པ་ཡང་དེ་ཉིད་རྟོགས་ཐབས་ཀྱི་ཆ་ལག་ཏུ་མངོན་ནོ།།

ཐོག་མར་ལྷན་ཅིག་སྐྱེས་སྦྱོར་ལ་ཕྱག་རྒྱ་ཆེན་པོ་ཞེས་པའི་རྒྱུ་མཚན་ཡོད་དེ། བླ་མེད་ཀྱི་རྒྱུད་སྡེ་མང་པོ་ནས་སེམས་ཀྱི་གནས་ལུགས་སྟོང་པ་ཉིད་ལ་ཡང་ཕྱག་རྒྱ་ཆེན་པོ་བརྗོད་ཚུལ་ལན་གཅིག་མིན་པར་ཡང་ཡང་གསུངས་པའི་ཕྱིར་དང་། བྱེ་བྲག་ཏུ་ལམ་གྱི་རིམ་པ་འདི་རུ་ཐོག་མར་སྣང་བ་ཐམས་ཅད་སེམས་སུ་བསྒྲུབས་པའི་སྒོ་ནས་སྣང་བ་ལ་སེམས་ཀྱི་རྒྱ་འདེབས་ཤིང་། དེ་ནས་སེམས་ཀྱང་བདེན་པར་མ་གྲུབ་པའི་ཚུལ་གཏན་ལ་ཕབ་ནས་སེམས་ལ་སྟོང་པ་ཉིད་ཀྱི་རྒྱ་འདེབས་པ་དང་། སྟོང་པ་ཉིད་དེ་ཡང་སྟོང་ཉིད་མེད་དགག་ཙམ་མིན་པར་གསལ་སྟོང་ཟུང་དུ་འཇུག་པ་ཡིན་པས་སེམས་ཀྱི་རང་བཞིན་ལ་གསལ་སྟོང་ཟུང་འཇུག་གི་ཕྱག་རྒྱ་འདེབས་པས་ན་ཕྱག་རྒྱ་ཆེན་པོ་ཞེས་བརྗོད་ཅིང་། དེ་ལྟའི་རྒྱ་འདེབས་ཚུལ་ནི་རང་བྱུང་རྒྱལ་བས་ངེས་དོན་ཕྱག་རྒྱ་ཆེན་པོའི་སྨོན་ལམ་ལས། ཆོས་རྣམས་ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་ཏེ།། སེམས་ནི་སེམས་མེད་སེམས་ཀྱི་ངོ་བོས་སྟོང་།། སྟོང་ཞིང་མ་འགག་ཅིར་ཡང་སྣང་བ་སྟེ།། ལེགས་པར་བརྟགས་ནས་གཞི་རྩ་ཆོད་པར་ཤོག །ཅེས་པས་བསྟན་པའོ།།

ཕྱག་རྒྱ་ཆེན་པོའི་ཆོས་སྐད་ལྟར་ན་རྗེ་ཤེེས་རབ་རིན་ཆེན་གྱིས་གངྒཱ་མའི་འགྲེལ་པ་ལས། འོ་ན་སངས་རྒྱས་ཀྱི་སྙིང་པོ་དེ་ཅི་ལྟ་བུ་ཞེ་ན། སེམས་ཀྱི་ངོ་བོ་སྟོང་། རང་བཞིན་གསལ། ཐུགས་རྗེ་འགག་པ་མེད་པར་ཅིར་ཡང་འཆར་བ་ཞིག་ཡིན། ཞེས་གསུངས་པ་ལྟར་ལ། སེམས་ཀྱི་ངོ་བོ་སྟོང་པ་ནི་རང་བྱུང་རྒྱལ་བས་ཕྱག་ཆེན་སྨོན་ལམ་ལས། ཡོད་པ་མ་ཡིན་རྒྱལ་བས་ཀྱང་མ་གཟིགས།། མེད་པ་མ་ཡིན་འཁོར་འདས་ཀུན་གྱི་གཞི།། འགལ་འདུ་མ་ཡིན་ཟུང་འཇུག་དབུ་མའི་ལམ།། མཐའ་བྲལ་སེམས་ཀྱི་ཆོས་ཉིད་སྟོང་པར་ཤོག །ཅེས་པས་བསྟན་ཅིང་། སེམས་ཀྱི་ངོ་བོ་གསལ་བ་ནི་ཕྱག་ཆེན་སྨོན་ལམ་དེ་ཉིད་ལས། སྣང་ཡང་སེམས་ལ་སྟོང་ཡང་སེམས་ཡིན་ཏེ།། རྟོགས་ཀྱང་སེམས་ལ་འཁྲུལ་ཀྱང་རང་གི་སེམས།། སྐྱེས་ཀྱང་སེམས་ལ་འགག་ཀྱང་སེམས་ཡིན་པས།། སྒྲོ་འདོགས་ཐམས་ཅད་སེམས་ལ་ཆོད་པར་ཤོག །ཅེས་གསུངས་པ་སོགས་ཀྱིས་བསྟན། དེ་ནས་སེམས་ཀྱི་རང་བཞིན་འགག་པ་མེད་པའི་ཚུལ་ཡང་དེ་ཉིད་ལས། བཟོད་མེད་སྙིང་རྗེའི་རྩལ་ཡང་མ་འགག་པའི།། བརྩེ་དུས་ངོ་བོ་སྟོང་དོན་རྗེན་པར་ཤར།། ཟུང་འཇུག་གོལ་ས་བྲལ་བའི་ལམ་མཆོག་འདི།། འབྲལ་མེད་ཉིན་མཚན་ཀུན་ཏུ་སྒོམ་པར་ཤོག ཅེས་གསུངས་པ་ལྟར་སེམས་འགག་པ་མེད་པའི་རང་བཞིན་ལས་སྙིང་རྗེ་ཆེན་པོ་དང་། དེ་ལས་གཞན་དོན་ཕྲིན་ལས་འགྲུབ་པའི་ཚུལ་བསྟན་པའོ།།

སེམས་ཀྱི་གནས་ལུགས་ལ་གསལ་སྟོང་གཉིས་ཡོད་པ་ལས། གསལ་བའི་ཆ་ནི་མངོན་སུམ་ལམ་བྱེད་ལས་རྗེས་དཔག་ལམ་བྱེད་ཀྱིས་རྟོགས་མི་ནུས་ཤིང་། སྟོང་པའི་ཆ་ནི་རྗེས་དཔག་ལམ་བྱེད་ཀྱིས་ཀྱང་རྟོགས་ནུས་སོ།། གསལ་བའི་ཆ་རྟོགས་པར་ཐོག་མར་སྟོང་པའི་ཆ་རྟོགས་པ་གལ་ཆེ་སྟེ་གཞན་དུ་ན་གསལ་བ་ལ་བདེན་འཛིན་ཞུགས་པའི་ཉེན་ཡོད་དོ།། དེ་བཞིན་སྟོང་པའི་ཆ་རྟོགས་པར་ཐོག་མར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡང་ནས་ཡང་དུ་དཔྱད་པ་གལ་ཆེ་སྟེ། ཡང་དག་པའི་ངེས་ཤེས་རྙེད་དགོས་པ་གང་ཞིག་ལ། ཡང་དག་པའི་ངེས་ཤེས་རྙེད་པར་ལུང་རིག་མན་ངག་གསུམ་གྱིས་དཔྱད་པ་ཧ་ཅང་གལ་ཆེ་སྟེ་གཞན་དུ་ན་རློམས་སེམས་ཙམ་དུ་འགྱུར་ཉེན་ཡོད་པའི་ཕྱིར་རོ།། དེ་ལྟར་དཔྱད་ནས་ངེས་ཤེས་ཡང་དག་པ་རྙེད་ན་ད་གཟོད་མ་བཅོས་པར་འཇོག་པ་ཉིད་གལ་ཆེ་སྟེ། ཀ་བ་དང་བུམ་པ་ལྟ་བུ་གཟུགས་ཅན་གྱི་དངོས་པོ་ལ་རིག་པས་མ་ཡེངས་པར་བལྟས་ཀྱང་སྣང་བ་ཙམ་ལས་སྟོང་པའི་རང་བཞིན་མངོན་དཀའ་ན་ཡང་། སེམས་ནི་དེ་དང་མི་འདྲ་བར་སྟོང་པའི་རྣམ་པ་ཤས་ཆེ་བས་ན་མ་བཅོས་པར་འཇོག་པ་ཉིད་ཀྱིས་སེམས་ཀྱི་རང་བཞིན་སྟོང་པའི་ཆ་མཐོང་བ་ལ་ཆེས་ཤིན་ཏུ་མྱུར་བར་འགྱུར་རོ།།

དེ་ལྟར་སེམས་ཀྱི་གནས་ལུགས་སྒོམ་པ་ནི་སྒོམ་པ་ཀུན་གྱི་མཆོག་སྟེ། བཅོམ་ལྡན་འདས་ཀྱིས་མདོ་ལས། ཆོས་རྣམས་སྔོན་དུ་ཡིད་འགྲོ་སྟེ།། ཡིད་མགྱོགས་ཡིད་ནི་གཙོ་བོ་ཡིན།། ཞེས་གསུངས་པ་ལྟར་ནང་པ་སངས་རྒྱས་པའི་ལུགས་སུ་སྤང་བླང་གཉིས་དང་། འཁོར་བ་དང་ཐར་པ་སོགས་ཐམས་ཅད་གཙོ་བོ་སེམས་ཡིན་པའི་ཕྱིར་དང་། དམ་པའི་ཆོས་ཉམས་སུ་ལེན་པར་བྱེད་པ་ཡང་སེམས་འདུལ་བའི་ཆེད་དུ་ཡིན་པ་དང་། གནས་ལུགས་རྟོགས་པ་ཡང་ཁ་ནང་དུ་ཕྱོགས་ནས་བདག་ཉིད་དམ་སེམས་ཀྱི་གནས་ལུགས་རྟོགས་པའི་དོན་དུ་ཡིན་པ་དང་། གནས་ལུགས་རྟོགས་པའི་ཐབས་སུ་སྣང་བ་སེམས་དང་སེམས་སྟོང་ཉིད་དུ་རྟོགས་པར་བྱེད་པ་དེ་ལས་ཚེགས་སླ་བ་དང་ནུས་པ་ཆེ་བ་མེད་པ་ནི་ལུང་ཙམ་གྱིས་མིན་པར་མྱོང་བས་ཀྱང་ངེས་ཐུབ་པ་དང་། མདོ་སྔགས་ཀྱི་རྣལ་འབྱོར་གང་ལ་བརྩོན་ཀྱང་ཐོག་མར་སེམས་ཀྱི་ངོ་བོ་གསལ་སྟོང་ཟུང་འཇུག་གི་ཚུལ་ལ་ངེས་པ་ཅུང་ཟད་རྙེད་ན་གཟོད་དངོས་འཛིན་དང་མཚན་འཛིན་སོགས་ཀྱི་དབང་དུ་མི་འགྲོ་བའི་དགེ་མཚན་ཤིན་ཏུ་ཆེ་བ་དང་། མཐར་ཐུག་ཐར་པ་དང་ཐམས་ཅད་མཁྱེན་པའི་འབྲས་བུ་རྙེད་པ་ཡང་སེམས་ཀྱི་གནས་ལུགས་མངོན་དུ་འགྱུར་བ་ཙམ་ཡིན་པའི་ཕྱིར་རོ།།

དེ་ལྟར་བཤད་པ་རྣམས་རྒྱལ་བའི་བཀའ་དང་། མཁས་པའི་གསུང་། བྱེ་བྲག་ཏུ་རྒྱལ་བ་རང་བྱུང་རྡོ་རྗེ་ཉིད་ཀྱིས་མཛད་པའི་རྣམ་སྙིང་ཕྱག་གསུམ་གྱི་དགོངས་དོན་དང་མཐུན་མིན་ཅི་རིགས་པ་ཡོད་ཀྱང་། བྱང་ཆུབ་ཀྱི་ཤིང་དྲུང་འདི་རུ་སྔར་སྟོན་པ་ཡང་དག་པ་ཉིད་ཀྱིས་ཀྱང་བླ་མ་དང་སློབ་དཔོན་གཞན་ལ་མ་བརྟེན་པར་རང་བྱུང་གི་ཡེ་ཤེས་ཁོ་ན་ལ་བརྟེན་ནས་མངོན་པར་རྫོགས་པར་སངས་རྒྱས་ཤིང་། སེམས་དཔའ་ཆེན་པོ་རང་བྱུང་རྒྱལ་བ་ཉིད་ཀྱིས་ཀྱང་རྣམ་ཤེས་དང་ཡེ་ཤེས་འབྱེད་པའི་བསྟན་བཅོས་ལས། ཐོས་དང་བསམ་ལ་རབ་བརྟེན་ནས།། སྒོམ་པའི་ཚུལ་ལ་སྦྱར་བའི་ཕྱིར།། བདག་ཉིད་དབེན་པར་འདུག་པ་ན།། ཚུལ་འདི་སྣང་བ་བརྗོད་པར་བྱ།། ཞེས་གསུངས་པ་ལྟར་རྗེ་ཉིད་ཀྱིས་གཞན་དྲིངས་མི་འཇོག་པའི་མཁྱེན་རབ་ཀྱིས་དཔྱད་པ་ཡང་ཡང་མཛད་པའི་འབྲས་བུར་བསྟན་བཅོས་འདི་དག་ནས་བསྟན་པའི་དགོངས་པ་རྣམས་འཁྲུངས་པར་གསལ་བས་བདག་གིས་ཀྱང་ལུང་ཁོ་ན་ལ་ཡང་སྐྱབས་སུ་མ་སོང་། རང་གི་རྣམ་རྟོག་ཁོ་ནའི་རྗེས་སུ་ཡང་མ་འབྲངས་པར་རྣམ་སྣང་ཕྱག་གསུམ་གྱི་བསྟན་བཅོས་གསུམ་པོའི་དགོངས་དོན་ལ་གཞི་བྱས་ཏེ་ཞག་ཤས་ཀྱི་ཡུན་དུ་རང་བློས་ལྕོགས་ཚོད་ཀྱིས་གནས་ཁྱད་པར་ཅན་འདི་རུ་གནས་ལུགས་ཀྱི་དོན་ལ་སེམས་མཉམ་པར་འཇོག་པའི་ཁུལ་རེ་བྱས་པ་ན་རྟོག་པ་འདི་ལྟ་བུ་ཤར་བ་རྣམས་རློམས་སེམས་ཆེན་པོས་རེག་ཟེགས་སུ་བཀོད་པ་དགེའོ།།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།