སྙེ་ཐང་ལྷ་ཆེན་མོའི་བྱུང་བ་ངེས་པ་གསལ་བྱེད། _ར་སེ་དཀོན་མཆོག་རྒྱ་མཚོ།

28995



དེ་ལ་བོད་ཡུལ་གྱི་གཞི་འདིར་དུས་ཀྱི་འཁོར་ལོའི་འགྲོས་དང་རིག་གནས་ཀྱི་རྒྱུན་དང་འགྲོགས་ཏེ། བྲག་བརྐོས་ཀྱི་སྒྱུ་རྩལ་ཕུན་སུམ་ཚོགས་པ་ཤིག་བྱུང་ཡོད་ལ། དེ་ལ་ལྷ་སའི་ནུབ་འདབས་སུ་གནས་པའི་སྙེ་ཐང་ལྷ་ཆེ་མོ་ཞེས་པ། གཉན་མཁར་ནག་གི་བྲག་ལ་བརྐོས་པ་འདི་ཉིད་ལ། ད་བར་ལོ་རྒྱུས་སྨྲ་བ་དང་དད་ལྡན་པ། ལྷ་རིས་པ་སོགས་ཀྱིས་བཙན་པོའི་དུས་རབས་དང་། སིལ་བུའི་དུས་དང་བལ་རིས་ལུགས་དང་། ཤུན་པས་བཞེངས་རབས་དང་། རང་བྱོན་ཡིན་རབས་སོགས་སྣ་ཚོགས་པ་ཅིག་གསུང་གི་ཡོད་ལུགས་ལ་ལྷ་ས་གྲོང་ཁྱེར་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུ་ཆ་རྩོམ་སྒྲིག་ཁང་གིས་ཆུ་ཤུར་རྫོང་གི་ལོ་རྒྱུས་སུ་བཀོད་འདུག དེར་བརྟགས་ན་ཚོད་དཔགས་དང་། ཤོད་སྲོལ་ཙམ་མ་གཏོགས་ལོ་རྒྱུས་ཀྱི་རང་བཞིན་ཅན་ངེས་པ་སྟེར་བའི་ཁུངས་ཁ་གསལ་ནི་མེད་པར་མངོན། དེས་ན་འདིར་དེ་དག་རེ་རེ་ནས་ཞུ་བའི་ངལ་བ་མི་བསྟེན་པར་ལོ་རྒྱུས་དངོས་གང་ཡིན་པ་ངོ་སྤྲོད་ལ་འཇུག་པར་བྱའོ།།

སྙེ་ཐང་ལྷ་ཆེན་མོ་ཞེས་པ་འདི་ནི་བོད་ཡུལ་འདིར་གྲགས་པའི་ཆོས་བརྒྱུད་ཁག་ལས། བཀའ་བརྒྱུད་ཕྱོགས་གཏོགས་བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་དམ་རས་ཆུང་སྙན་བརྒྱུད་ཅེས་པའི་ཆོས་བརྒྱུད་ཀྱི་བླ་རབས་ལས། ཉུག་པ་ཆོས་རྗེ་ཆོས་གྲགས་པ་དཔལ་བཟང་གི་ཕྱག་རྗེས་ལས་བྱུང་བ་ཅིག་ཡིན་པར་ཤེས་དགོས། བརྒྱུད་པ་ཡིད་བཞིན་ནོར་བུའི་ཕྲེང་བ་ལས་ཁོང་གི་རྣམ་ཐར་སྐབས། གཉན་མཁར་ནག་སོགས་ལྷ་སྲིན་གདུག་པ་ཅན་མང་པོ་བྱམས་སྙིང་རྗེས་བཏུལ་བ་་་དང་། ཐུབ་པ་མཐོང་བ་དོན་ལྡན་གྱི་སྐུ་བཞེངས་པ་སོགས་བསོད་ནམས་ཀྱི་ཚོགས་ཀྱང་དཔག་ཏུ་མེད་པ་གསོག་པར་མཛད་དེ། ཞེས་འཁོད་པ་དེ་ཡིས་ཕྱོགས་ཙམ་མཚོན་པ་དང་། ཞིབ་ཆ་ཅན་ནི་བརྒྱུད་པ་ཡིད་བཞིན་ནོར་བུའི་ལོ་རྒྱུས་ཁ་སྐོང་ལས། ཁོང་གི་རྣམ་ཐར་སྐབས་སུ། སྡེ་པ་དཔོན་ནམ་མཁའ་བཟང་པོས་ལྷ་སར་གདན་དྲངས་དུས། གཉན་མཁར་ནག་གི་མདུན་གྱི་བྲག་གདོང་འདི་ལ་བདེ་བར་གཤེགས་པའི་སྐུ་གཟུགས་གཅིག་བཞེངས་ན་སེམས་ཅན་མང་པོ་ལ་མཐོང་ཐོས་དྲན་རེག་གི་ཡོན་ཏན་ཕུན་སུམ་ཚོགས་པ་ཡོང་བར་འདུག་གསུང་པས། ལྷ་འདྲེ་གཉན་དྲག་ནས་དེ་འདྲ་སུས་ཀྱང་ནུས་པ་མེད་ཟེར་བ་ལ། ངེད་ཀྱིས་གཏོར་མ་དང་བཀའ་བསྒོ་བྱས་པས་ཆོག་གསུང་ནས།བྲག་གདོང་ལ་སྟོན་པ་བདེ་བར་གཤེགས་པའི་སྐུ་གཟུགས་ཁྱད་པར་ཅན་གཅིག་བཞེངས་པས། ལྷ་བྲིས་པ་དང་མགོ་ལུང་པ་ལག་གཡོག་སོགས་སུ་ལ་ཡང་གནོད་འཚེ་སྤུ་ཙམ་ཅིག་མེད་པར་གྲུབ་ནས་རབ་གནས་མཛད། སེམས་ཅན་མང་པོ་མཐོང་ཐོས་དྲན་རེག་གི་ཕན་ཡོན་བསམ་གྱིས་མི་ཁྱབ་པའི་རྟེན་དུ་བཞུགས། ཞེས་གསལ་བར་འཁོད་ཡོད་པས་ན། ཁོང་གི་མཛད་འཕྲིན་ལས་བྱུང་བར་ཐེ་ཚོམ་མེད་པ་ཡིན་ནོ།།

ཁོང་དུས་རབས་གང་གི་མི་སྣ་ཡིན་ནམ་ཞེ་ན། ཁོང་ནི་རབ་བྱུང་དྲུག་པའི་ཆུ་འབྲུག་སྤྱི་ལོ་༡༣༥༢ལོར་འཁྲུངས་ཤིང་། རབ་བྱུང་བདུན་པའི་ཤིང་སྟག་སྤྱི་ལོ་༡༤༣༥ལོར་སྐུ་གཤེགས་པ་དང་། སྐུ་གཤེགས་ས་ནུབ་ཆོས་ལུང་གི་ཡང་དབེན་བདེ་མཆོག་རི་ཁྲོད་ཡིན་པས་ཆོས་ལུང་ཆོས་གྲགས་དཔལ་བཟང་ཡང་ཟེར།
སྡེ་དཔོན་ནམ་མཁའ་བཟང་པོ་ནི་སྣེའུ་སྡེ་པའམ་རྫོང་དཔོན་ནམ་མཁའ་བཟང་པོ་ཡིན་པར་ངེས་ཏེ། དེ་དུས་ཡུལ་འདིར་སྣེའུ་རྫོང་དཔོན་དེ་ཉིད་ཁོ་ན་མངོན་པར་མཐོ་བའི་སྐབས་ཡིན་པས་སོ།།

དེ་ལྟར་སྙེ་ཐང་ལྷ་ཆེ་མོའི་བྱུང་ལུགས་ངོ་མ་འདི་ཉིད་ཀུན་གྱིས་ཤེས་རྟོགས་ཐུབ་མཁན་དཀོན་པ་དང་། ད་ལྟ་ལྗོངས་རིམ་པའི་རིག་དངོས་སུ་གཏོགས་ཤིང་། ཡུལ་སྐོར་དྲིལ་བསྒྲགས་ཁག་ན་ཅུང་མངོན་གསལ་ཆེ་ནའང་ལོ་རྒྱུས་ཁུངས་དག་དྲིལ་བསྒྲགས་གནང་མཁན་དཀོན་པས། ཚང་མས་བོད་ཀྱི་རིག་དངོས་ལོ་རྒྱུས་ངོ་མ་ཤེས་རྟོགས་ཐུབ་ཆེད། དཔེ་ཀློག་གི་འབྲས་བུ་ཉུང་ངུ་འདི་ཉིད་ཀློག་པ་པོའི་སྤྱན་ལམ་དུ་དགྱེས་སྟོན་དུ་བཤམས་པ་པོ་ནི་ཀློག་པ་པོ་ར་སེ་དཀོན་མཆོག་རྒྱ་མཚོས་སྤྱི་ལོ་༢༠༢༠གསར་ཚེས་ལ་སྤེལ་བ་ལགས་སོ།།ཞིབ་ཆ་ལོགས་སུ་བཤད་པར་འདོད་དོ།།



0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།