རྒྱལ་ལྷ་ཁང་གི་རྡོ་རིང་དང་འབྲེལ་བའི་ཟིན་ཐོ།

23794


               ___རྩོམ་པ་པོ། རྔ་བ་སྐལ་བཟང་།


ཉེ་སྔོན་འཕན་ཡུལ་རིག་པ་འབྱུང་བའི་ཕ་སར་འབོད་པ་གང་དེར།  གནས་མཇལ་དུ་ཕྱིན་པ་ཡིན་ལ། འཕན་ཡུལ་ནི་ས་རྒྱ་ཆེ་ལ་གནས་རྩ་ཆེན་དེ་བས་མང་སྟབས་རེ་རེ་བཞིན་ཟིན་ཐོ་འབྲི་བར་མི་ནུས་ཀྱང་། རྒྱལ་ལྷ་ཁང་གི་རྡོ་རིང་དང་འབྲེལ་བའི་དྲན་ཚུལ་འགའ་འབྲི་བར་འདོད།



          གཅིག རྡོ་རིང་ངོས་ཀྱི་ཚིག་རིས་ཀྱི་སྐོར།


ངེད་ཚོ་རྒྱལ་ལྷ་ཁང་དུ་འབྱོར་མ་ཐག འདུ་ཁང་མདུན་གྱི་རྡོ་རིང་མིག་ལམ་དུ་མངོན་ཞིང་། མངོན་མ་ཐག་ཏུ་དགེ་ཆོས་མཆོག་གིས་དེའི་སྐོར་མང་པོ་གསུངས་པ་ཡིད་ལ་དྲན་སོས་པར་གྱུར། རྡོ་རིང་དེ་ལ་ཞིབ་ཀྱིས་མཇལ་དུས། ཡི་གེ་ཕལ་མོ་ཆེ་བདེ་བླག་ངང་བཀླགས་ཐུབ་པ་བྱུང་མོད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་བྱས་པའི་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ་དང་། དཔེ་ཆ་གཞན་འགའི་ནང་གི་རྒྱལ་ལྷ་ཁང་མདུན་གྱི་རྡོ་རིང་ངོ་བཤུས་ནང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་མྱི་ཞེས་འཁོད་འདུག་ཀྱང་། རྡོ་རིང་རང་ན་སྐྱབས་སུ་གསོལ་བའི་མྱི་ཞེས་པ་ལས་འགྲོ་ཞེས་པའི་ཚིག་མི་འདུག གྲོས་ཕུགས་ཆོས་ལ་གཏོད་ཅེས་བྲིས་གནང་པ་ཡང་། རྡོ་རིང་དུ་གཏོད་ཅེས་པའི་ན་རོ་མི་གསལ།


གཞན་ཡང་དགེ་ཆོས་ཀྱིས་ཆིག་སྤྱོད་རྣལ་དུ་དབབ་ཅེས་བྲིས་བར་མ་ཟད། ཆིག་ཅེས་པ་གཅིག་གི་འབྲི་ཚུལ་གཞན་ཡིན་ཚུལ་གྱི་འགྲེལ་བརྗོད་ཀྱང་གནང་འདུག་མོད། ད་ལྟ་རྡོ་རིང་གི་ཚིག་དེའི་གོ་སར་ཆག་སྐྱོན་བྱུང་བས་ལྟ་ཐབས་བྲལ། འོན་ཀྱང་། དོན་ལ་རྡོ་རིང་སྟེང་ཆིག་ཅེས་ཡོད་མེད་བཤད་དཀའ་སྟེ། «འཕན་ཡུལ་གྱི་དགོན་སྡེའི་གནས་བཤད་དགེ་ལེགས་ཀུན་འབྱུང་མ»ཞེས་པའི་རྡོ་རིང་ཡི་གེ་ངོ་བཤུས་སུ་ཚིག་སྤྱོད་ཅེས་བྲིས་འདུག་པར་མ་ཟད། ཚིག་སྤྱོད་རྣལ་དུ་དབབ་ཅེས་པ། ལུས་ངག་གི་སྤྱོད་པ་རྣལ་དུ་འབེབས་པ་ལ་གོ་ཐུབ་ཅིང་། ཆིག་སྤྱོད་ཅེས་བྲིས་ན་དོན་ཅི་ཡིན་ཡང་འཆད་དཀའ་བར་སྙམ་སྟེ། འདི་ནི་འཕྲལ་མར་སྐྱེས་པའི་བསམ་ཚུལ་ཙམ་ཡིན།


        གཉིས། རྡོ་རིང་དེ་སུས་བཙུགས་མིན་གྱི་སྐོར།


གསེར་ཐང་ལས། བཙུགས་པ་ལ་ཞེས་པའི་རྔམ་ཟིལ་དང་། སྒོ་གཉེར་སོ་སོར་བླང་། ངན་གྲོས་དགག་ཏུ་དབྱུང་། སོགས་ལ་བལྟས་ན་རྒྱལ་པོའི་ཡིན་མདོག་ཁ་ཞིང་། གལ་ཏེ་འདི་རྒྱལ་པོ་ཞིག་གིས་བཙུགས་པ་ཡིན་ན། ཁྲི་དར་མའི་ཚ་བོ་བཀྲ་ཤིས་བརྩེགས་པ་དང་། དེའི་སྲས་མངའ་བདག་འོད་ལྡེ་སོགས་ཀྱི་ཡིན་སྲིད་པ་ཞིག་གོ་ཞེས་གསུངས་འདུག་མོད། སྤྱི་ཚོགས་རྙིང་བར་རྒྱལ་ལྷ་ཁང་གི་དགེ་འདུན་པ་ཡིན་པའི་རྒན་པོ་ལོ་85ཅན་ཞིག་དང་། ཡུལ་དེར་རྒྱུས་ཆེ་བའི་མི་ཞིག་ལ་རྡོ་རིང་དེ་སུས་བཙུགས་མིན་སྐོར་དྲིས་ཚེ། སོག་པོས་དམག་དཔོན་དོར་རྟ་ནག་པོས་བཙུགས་པ་རེད་ཟེར།



དོར་རྟ་ནག་པོས་སྔོན་འཕན་ཡུལ་ལ་དམག་བརྒྱབ་ནས་རྒྱལ་ལྷ་ཁང་ལ་མེ་རྒོལ་བྱས་པར་ཁོ་འགྱོད་སེམས་སྐྱེས་ཏེ། ལས་ངན་དེ་ལྟར་བྱས་པར་བཤགས་པ་བྱེད་ཆེད། རྡོ་རིང་དེ་བཙུགས་པར་མ་ཟད། རྡོ་འཐེབ་བདུན་ཚར་ཞིག་ཀྱང་དགོན་པ་འདིར་ཕུལ་བ་རེད་ཟེར། རིག་གསར་སྐབས་རྡོ་འཐེབ་དྲུག་འཕྲོ་བརླག་ལ་སོང་ཡང་། ད་དུང་གཅིག་ལྷག་ཡོད་སོགས་ཞལ་བརྡ་འདྲ་ཆགས་པོ་བྱུང་བས། འདི་འཛུགས་པ་པོའི་སྐོར་ལ་ད་དུང་དཔྱད་པ་བྱེད་རྒྱུ་ལུས་འདུག་སྙམ་པའི་ཚོར་བ་སྐྱེས།



        གསུམ། རྡོ་རིང་གཉིས་ཡོད་མེད་སྐོར།


ང་ཚོ་རྒྱལ་ལྷ་ཁང་ལས་གྱེས་ཏེ་ཡུད་ཙམ་ཕྱིན་རྗེས། གསེར་ཐང་དུ། གཞན་ཡང་དེར་ར་བ་ཞིག་གི་ནང་ན་རྡོ་རིང་གཞན་ཞིག་ཡོད་ཀྱང་། ཉིན་དེར་ཁང་བདག་གཞན་དུ་སོང་ནས་སྒོ་མ་ཕྱེ་ཞེས་གསུངས་པ་ཡིད་ལ་གློ་བུར་དུ་དྲན། སྤྱིར་ང་ཚོས་རྒྱལ་ལྷ་ཁང་ལ་མཆོད་མཇལ་བྱེད་སྐབས། «གསེར་ཐང»དང་«ཧི་མ་ལ་ཡའི་ཕར་ཚུར།»གཞན་ལོ་རྒྱུས་འགའ་རེ་གཞིར་བཟུང་སྟེ་ཞིབ་མཇལ་བྱེད་ཁུལ་བྱས་ཀྱང་། ཚིག་དེ་དུས་ལྟར་ཡིད་ལ་མ་འཁོར་བ་ནི་བརྗེད་ངེས་ཆེ་བས་ལོས་ཡིན།


ད་ནི་རླངས་འཁོར་ཁ་ལོ་བར་ཕྱིར་དེར་འགྲོ་དགོས་ཟེར་རྒྱུ་སྟབས་མི་བདེ་སྟེ། རླངས་འཁོར་ནང་མི་གཞན་པ་ཡོད་ལ། ཁོང་ཚོ་རྡོ་རིང་སོགས་ཀྱི་རིགས་ལ་དོ་སྣང་སྤུ་ཙམ་མེད་པར་མ་ཟད། ད་དུང་དགོན་པ་མང་པོར་མཇལ་དགོས་སྟབས་བྲེལ་ཆེ་བར་འདུག ཡིན་ནའང་། སྟབས་ལེགས་པ་ཞིག་ལ། སྐབས་དེར་ཉིན་གོང་གི་ཁ་ལག་གསོལ་ཚོད་ལ་ཐོན་པས། གོ་སྐབས་དེར་བསྟུན་ངས་དེ་གའི་ཡུལ་མི་འཕྲུལ་རྟ་ཅན་ཞིག་ལ་རོགས་དན་བཅོལ་ཏེ་རྒྱལ་ལྷ་ཁང་ཡོད་སར་ཕྱིར་རྒྱུག


ལམ་བར་དུ་ངེད་གཉིས་ཀྱིས་འཕན་ཡུལ་སྐོར་ཁ་བརྡ་མང་པོ་བྱས་ཤིང་། ཁོ་ཡུལ་མི་སྤྱིར་བཏང་བ་ཞིག་ཡིན་མོད་ཀྱང་ང་ལ་བློ་བསྐྱེད་མང་པོ་ཐོབ། ད་དུང་། སྔོན་ཆད་ས་དེར་རྡོ་རིང་གཉིས་ཡོད་རབས་གོ་མ་མྱོང་ཟེར། ཕྱིར་རྒྱལ་ལྷ་ཁང་དུ་ཐོན་ཏེ། དེ་གའི་གྲྭ་བ་འགར་རྡོ་རིང་གཞན་ཞིག་ཡོད་མེད་སྐོར་དྲིས་པ་ན། ཁོང་ཚོ་ལ་ཡང་རྡོ་རིང་གཅིག་གི་ལོ་རྒྱུས་དང་བཅས་གསུང་རྒྱུ་ཡོད་པ་ལས། རྡོ་རིང་གཞན་ཞིག་གི་སྐོར་ནས་གོ་ཐོས་ཅི་ཡང་མི་འདུག གོང་དུ་སྨྲས་པའི་དགུང་ལོ་85ཅན་གྱི་རྒན་པོ་དེས་ཀྱང་། སྤྱི་ཚོགས་རྙིང་པར་ས་དེར་རྡོ་རིང་གཅིག་ལས་མེད་ཅེས་ཚིག་ཐག་བཅད་སོང་། དེ་ལྟར། ཁོ་བོ་ཕྱིར་ལྷ་ཁང་དུ་རྒྱུག་པས་རྡོ་རིང་གཞན་དེ་མ་མཐོང་ན་ཡང་། ཐེ་ཚོམ་དེ་བས་ཆེ་བ་ཞིག་དང་གོང་གི་སྐད་ཆ་དག་རྙེད་པ་ཞིག་ཏུ་བསྒོམ་ཏེ་ཡོང་བ་ལགས།


     བཞི། རིག་གསར་སྐབས་རྡོ་རིང་དེར་ཆག་སྐྱོན་བྱུང་ཚུལ།


དགུང་ལོ་85ཅན་གྱི་རྒན་པོ་དང་ས་དེའི་རྒྱུས་ཡོད་ཚོས་བཤད་ན། རིག་གསར་སྐབས་རྡོ་རིང་དེ་དུམ་བུ་གཉིས་སུ་བཏང་སྟེ། སྲིད་གཞུང་གིས་ཁང་བ་ཞིག་གི་རྩིག་གདན་བྱས་ཤིང་། རྗེས་སུ་ཆོས་སྒོ་ཕྱེ་ནས་ཡུན་རིང་འགོར་རྗེས། གཞི་ནས་རྡོ་རིང་དེ་ཡར་བསྒྲེངས་པ་རེད་ཟེར། ཁོང་ཚོས་བཤད་པ་ལྟར། རྡོ་རིང་དེའི་དཀྱིལ་ཙམ་ནས་གས་གཉིས་སུ་བཏང་བ་ཡིན་འདུག་ལ། ད་ལྟ་བལྟས་ན། རྒྱུས་ཡོད་ཅིག་གིས་གསལ་བཤད་མ་བྱས་ཚེ། སྨད་ཙམ་ནས་ཨར་འདམ་གྱིས་གཡོགས་འདུག་པས་གས་ཤུལ་གསལ་པོ་རྙེད་དཀའ།



རིག་གསར་ཞེས་སྨྱོན་པ་ཁ་དར་བའི་དུས་ཀྱི་ནང་། རིན་པོ་ཆེ་ལ་རིན་ཐང་མི་འཇོག་པ་ནི་ཡོངས་ཁྱབ་ཀྱི་སྤྱོད་པ་ཞིག་ཡིན་ཅིང་། འདི་ཡང་སྤྱོད་པ་དེའི་ཕྱོགས་གཅིག་ཙམ་ལགས།  དུས་འགྱུར་མ་བྱུང་སྔོན་ལ་རྡོ་རིང་དེ་ད་ལྟ་ཡོད་ས་རང་ན་མེད་ལ། དེའི་མདུན་ནས་རྐང་ཐང་ལ་སྐར་མ་གཉིས་ཙམ་སོང་ཚེ། བྱམས་སྐུ་རྒྱ་གར་མ་བཞུགས་པའི་ལྷ་ཁང་ཞིག་ཡོད་པ་དེའི་མདུན་ན་ཡོད་ཟེར། གཞན་ཡང་གསེར་ཐང་ལས། གཙང་ཁང་སྦུག་ཏུ་བྱམས་པའི་སྐུ་ཤིན་ཏུ་ཆེ་བ་ཞིག་དང་། གསུང་རབ་ཀྱི་གླེགས་བམ་རྩིག་པ་བཞིན་ཏུ་གླེགས་ཤིང་མེད་པར་གནམ་ལ་ཐུག་ཐུག་ཏུ་ཡོད་པ་དེ་འདྲ་རྭ་སྒྲེང་ས་སྐྱ་སོགས་ན་འདུག་ཅེས་བྲིས་འདུག ཡིན་ནའང་། ད་ལྟ་གནས་དེར་གནམ་ལ་ཐུག་ཐུག་ཕར་ཞོག དཔེ་རྙིང་གཅིག་ཀྱང་མཇལ་དུ་མེད་པ་ནི། རིག་གནས་གསར་བརྗེ་ཞེས་པའི་དུས་འགྱུར་གྱི་དབང་གིས་ཡིན་པར་གདོན་མི་ཟ་བས། ས་དེར་དངོས་སུ་མཇལ་ཚེ་ལྷག་ཏུ་ཕངས་སེམས་ཆེ་བ་བྱུང་།


བྱམས་སྐུ་ཤིན་ཏུ་ཆེ་བ་ཞིག་དང་ཞེས་པའི་བྱམས་པ་དེ། ཞིང་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་བཞེངས་པའི་བྱམས་པ་སྤུན་གསུམ་གྱི་འབྲིང་བ་དེ་ཡིན་ཞིང་། ས་དེའི་མི་རྣམས་ལ་བྱམས་པ་དེ་དང་འབྲེལ་བའི་གཏམ་རྒྱུད་ངོ་མཚར་བ་མང་པོ་བཤད་རྒྱུ་འདུག་མོད་རྒྱས་པར་གཞན་དུ་ཤེས་པར་འཚལ།  དགེ་ཆོས་མཆོག་ནི། རྒྱལ་ལྷ་ཁང་ནས་པ་ཚབ་དགོན། དེ་ནས་སྟག་ལུང་བརྒྱུད་དེ་རྭ་སྒྲེང་དུ་ཕེབས་པ་ཡིན་པས་འཕན་པོའི་གོང་འོག་གི་སྐོར་མང་པོ་གསུངས་མེད་མོད། གང་གསུངས་པ་དག་ལ་ཡང་ད་དུང་དཔྱད་དགོས་པ་འགའ་རེ་འདུག་པ་ལས་གཞན་ཚད་མར་འཛིན་རིགས་པ་འབའ་ཞིག་ཏུ་གནས་སོ།།  དེས་ན། འདིར་ཁོ་བོས་གང་སྨྲས་པ་རྣམས་ནི་གནས་མཇལ་པ་ཞིག་གིས་གློ་བུར་དུ་བྲིས་པ་ཙམ་ལས། ཡུན་རིང་དཔྱད་པའི་འབྲས་བུ་དང་། ཡིད་རྟོན་འཕེར་བའི་ཚད་མའི་ངག་ཏུ་རྩི་རིགས་པ་ནི་མ་ལགས་སོ།།


        2019/11/22ཉིན།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།