ཤེས་བྱ་ཀུན་ཁྱབ་ཀྱི་རིན་ཐང་།

24743


                      རྩོམ་པ་པོ། རྩིས་ཆེ་ལེགས་མཐོང་།


འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ནི་དུས་རབས་བཅུ་དགུ་པའི་ནང་དུ་བྱོན་ཅིང་། ཁོང་ནི་བོད་ལ་དེང་རབས་ཀྱི་རིག་གནས་མ་དར་བའི་སྔོན་ཙམ་དུ་བྱོན་པའི་བོད་ཀྱི་སྲོལ་རྒྱུན་གྱི་མཁས་པ་སྙན་གྲགས་ཧ་ཅང་ཆེ་བ་ཞིག་གོ། ཁམས་སྡེ་དགེར་སྐུ་འཁྲུངས་པ་ལ་དགུང་ལོ་གཞོན་དུས་གྲྭ་པ་དཀྱུས་མ་ཡིན་ཀྱང་མཁྱེན་དཔྱོད་ཆེ་བས་སྡེ་དགེ་རྒྱལ་པོའི་དྲུང་ཡིག་བྱེད་པར་ཤོར་དྭོགས་ཀྱིས་དཔལ་སྤུངས་དགོན་གྱིས་ཀོང་པོ་ནས་ཡིན་པའི་བླ་མ་ཞིག་གི་སྤྲུལ་སྐུར་ངོས་འཛིན་བྱས་པས་ཕྱིས་སུ་ཀོང་སྤྲུལ་ཞེས་མཚན་ཐོགས་པར་གྱུར། བླ་མའི་གཙོ་བོ་སི་ཏུ་པདྨ་ཉིན་བྱེད་ཡིན་པས་པདྨ་ཉིན་བྱེད་ཀྱིས་ཁོང་ལ་ཡོན་ཏན་རྒྱ་མཚོ་ཞེས་པའི་མཚན་གནང་ཞིང་། ཡང་ཀརྨ་པ་བཅུ་བཞི་པ་ཐེག་མཆོག་རྡོ་རྗེས་ཁོང་ལ་བློ་གྲོས་མཐའ་ཡས་ཞེས་པའི་མཚན་གནང་བས་ཁོང་ལ་མཚན་མང་དུ་ཡོད་པ་ལས་གྲགས་ཆེ་བ་ནི་འདི་གཉིས་རེད། མཚན་ཧྲིལ་པོ་ལ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའམ། འཇམ་མགོན་བློ་གྲོས་མཐའ་ཡས་ཞེས་འབོད་སྲོལ་ཡོད།


ཁོང་ནི་ཆོས་བརྒྱུད་ཀརྨ་བཀའ་བརྒྱུད་ཡིན་པ་ལ། སྐབས་དེར་ཀརྨ་བཀའ་བརྒྱུད་པའི་བླ་གྲྭ་རྣམས་གཏེར་ཆོས་ནས་རྙེད་པའི་ཆོ་ག་འདྲ་མིན་གྱིས་ཐུགས་ཚིམས་པས་དྭགས་པོ་རིན་པོ་ཆེ་ནས་བརྒྱུད་པའི་སྒོམ་ནི་བརྒྱུད་པ་མ་ཆད་ཙམ་དང་། ཐོས་བསམ་ནི་དགྲ་རུ་ལྟ་བའི་དུས་སྐབས་ཤིག་ཡིན་པས་གསུང་འབུམ་པོ་ཏི་གཅིག་གཉིས་ཙམ་ཡོད་པའི་མཁས་པ་ཡང་རེ་ཟུང་ལས་མེད་པའི་གནས་སྐབས་ཤིག་རེད། འཇམ་མགོན་བློ་གྲོས་མཐའ་ཡས་ནི་ཁོར་ཡུག་དེ་འདྲ་ནས་འཚར་ལོངས་བྱུང་ན་ཡང་། ཆོས་བརྒྱུད་འདྲ་མིན་གྱི་བླ་མ་གྲངས་མེད་པ་ཞིག་བསྟེན་ནས་རིག་པའི་གནས་ཀུན་ལ་ཐོས་བསམ་མཛད་པས། རིམ་པས་བོད་ཀྱི་ཆོས་བརྒྱུད་ཐམས་ཅད་ཀྱིས་རྩོད་མེད་དུ་བཀུར་བའི་མཁས་པ་ཆེན་པོར་གྱུར་ཏེ། ས་དགེ་བཀའ་རྙིང་བཞི་དང་། ཇོ་ནང་། ཤངས་པ། ཞི་བྱེད། བོན་པོ་དང་བཅས་པའི་ཆོས་དང་མན་ངག་ལ་མཁས་པའི་རྩོད་མེད་ཀྱི་མཁས་པ་ཞིག་ངོས་འཛིན་དགོས་ན་ཁོང་དང་མཉམ་པ་རེ་ཡོད་སྲིད་པ་ལས་ཁོང་ལས་ལྷག་པ་ཕལ་ཆེར་ཡོད་མི་སྲིད་པ་ལྟ་བུ་རེད།

དེ་ཡང་ཁོང་ཉིད་ཐོག་མར་བོན་པོའི་ཁྱིམ་ཚང་དུ་འཁྲུངས་ཤིང་བོན་ལ་སྦྱངས་པ་མཛད། དེ་ནས་རྙིང་མའི་དགོན་པ་ཞེ་ཆེན་དུ་རབ་ཏུ་བྱུང་། དེ་རྗེས་དགུང་ལོ་ཉི་ཤུར་ཕེབས་པ་ན་དཔལ་སྤུངས་དགོན་དུ་ཞུགས་ཏེ་དབོན་རྒན་སྤྲུལ་སྐུ་ཀརྨ་ཐེག་མཆོག་བསྟན་འཕེལ་གྱི་ལམ་སྟོན་འོག་སྡོམ་པ་ཡང་བསྐྱར་ཞུས་མཛད་པ་སོགས་ཀྱིས་ཀརྨ་བཀའ་བརྒྱུད་པར་གྱུར་པས་ན་ཁོང་ནི་བོན་པོ་དང་བཅས་པའི་བོད་ཀྱི་ཆོས་བརྒྱུད་ཐམས་ཅད་ལ་འབྲེལ་བ་ཟབ་མོ་ཡོད། དེར་བརྟེན་ཁོང་གིས་ཀྱང་ཐོག་མར་ཆོས་ལུགས་རིས་མེད་ལྟ་བུ་གནང་ན་ཡང་སྐུ་ཚེའི་སྨད་དུ་ཁོང་ནི་ཀརྨ་པས་མཚོན་པའི་བཀའ་བརྒྱུད་རྒྱལ་བ་ཡབ་སྲས་ཀྱི་དབུ་བླར་གྱུར་ཅིང་། སྐབས་དེར་བཀའ་བརྒྱུད་སྤྱི་དང་ལྷག་པར་ཀརྨ་བཀའ་བརྒྱུད་ཀྱི་བསྟན་པ་ནི་ཧ་ཅང་ཉག་ཕྲ་བས་ཁོང་གིས་ཆོས་བརྒྱུད་གཞན་ལ་རིས་མེད་གནང་བ་ལས་ཀྱང་རང་གི་ཆོས་བརྒྱུད་བསྐྱར་གསོ་བྱེད་པ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་ཀ་གལ་ཆེ་ཤོས་སུ་གཟིགས་པས་ཁོང་གིས་སྐུ་ཚེའི་སྨད་དུ་རྙིང་མ་དང་རིས་མེད་ལྟ་བུ་ལས་ཀྱང་གཙོ་བོ་བཀའ་བརྒྱུད་སྤྱི་དང་ལྷག་པར་ཀརྨ་བཀའ་བརྒྱུད་ཀྱི་བསྟན་པར་ཐུགས་ཁུར་ཆེན་པོ་གནང་བའི་རྣམ་པ་ཡོད།


དཔེར་ན་ཁོང་གིས་མཛོད་ཆེན་རྣམ་ལྔ་ལས་ཐོག་མར་བསྒྲིགས་པ་ནི་བཀའ་བརྒྱུད་སྔགས་མཛོད་ཡིན་ཀྱང་། ཁོང་གིས་མཛད་པའི་ཡིག་ཆ་རང་རྐང་བ་རྣམས་ལས་ཕྱིས་སུ་བཀའ་བརྒྱུད་པར་གལ་ཆེ་བར་གྱུར་པ་ནང་བརྟགས་རྒྱུད་གསུམ་གྱི་འགྲེལ་བ་སོགས་ནི་ཁོང་གིས་སྐུ་ཚེའི་སྨད་དུ་མཛད་པས་ཐ་ན་ཁོང་གིས་རྒྱུད་བླ་མའི་འགྲེལ་པ་མཛད་སྐབས་སྤྱན་གྱིས་ཡག་པོ་གཟིགས་ཐུབ་ཀྱི་མེད་པར་བརྟེན་སྨྱུ་གུ་བཟུང་ནས་ཡོད་པའི་ཁོང་གི་ཕྱག་ལག་དེ་ཞབས་ཕྱིས་དལ་བུས་ཤོག་ངོས་སུ་ཡིག་ཕྲེང་རེ་རེའི་མགོར་བཞག་པ་ན་ཁོང་གིས་མུ་མཐུད་རྩོམ་འབྲི་གནང་བའི་སྒོ་ནས་གྲུབ་པ་དང་། དེའི་རྒྱུ་མཚན་གྱིས་ཁོང་གིས་སྐུ་ཚེའི་སྨད་དུ་མཛད་པའི་གསུང་རྩོམ་ཁ་ཤས་ཞུ་དག་ཡག་པོ་བྱུང་མེད་པའི་བཤད་སྲོལ་ཡང་ཡོད།གང་ལྟར་ཡང་ཁོང་གི་གསུང་རྩོམ་བཀའ་བརྒྱུད་པས་གལ་ཆེན་དུ་འཛིན་པ་ཕལ་མོ་ཆེ་ནི་སྐུ་ཚེའི་སྨད་དུ་མཛད་པ་ཡིན་པ་གསལ་པོ་རེད།


ཁོང་གི་གསུང་རྩོམ་གཙོ་བོ་ནི་མཛོད་ཆེན་རྣམ་ལྔ་ཞེས་གྲགས་པ་རྣམས་ཡིན་པ་ལ། ཐོག་མར་༡༨༥༣ ལོར་བཀའ་བརྒྱུད་སྔགས་མཛོད་ཕྱོགས་བསྒྲིགས་གནང་ཞིང་། དེ་ནས་༡༨༥༥ ལོར་རིན་ཆེན་གཏེར་མཛོད་ཕྱོགས་བསྒྲིགས་གནང་། དེ་ནས་སྤྱི་ལོ་༡༨༦༢ ལོར་བློ་གྲོས་མཐའ་ཡས་རང་ཉིད་ཀྱི་སློབ་མ་ལི་ཐང་བླ་མ་ངེས་དོན་ཞེས་གྲགས་པ་དེས་སྡོམ་གསུམ་གྱི་རྩ་བ་ཞིག་མཛད་པར་བསྐུལ་མ་ཞུས་པ་ལ་བརྟེན་ནས་སྡོམ་གསུམ་ལས་ཀྱང་ཤེས་བྱ་ཐམས་ཅད་འདུས་པའི་བསྟན་བཅོས་ཤིག་མཛད་ན་བཟང་བའི་དགོངས་ཚུལ་གྱིས་ཐོག་མར་རྩ་བ་ཞིག་མཛད་པ་ལ་ཤེས་བྱ་ཀུན་ཁྱབ་ཅེས་འབོད། མཁྱེན་བརྩེ་དབང་པོས་དེ་ལ་བསྔགས་བརྗོད་ཆེན་པོས་རང་འགྲེལ་ཞིག་མཛད་པའི་བསྐུལ་མ་གནང་བ་ལྟར་དེའི་རང་འགྲེལ་མཛད་ནས་དེ་ལ་ཤེས་བྱ་མཐའ་ཡས་པའི་རྒྱ་མཚོ་ཞེས་མཚན་གསོལ་ན་ཡང་། ཡོངས་གྲགས་སུ་རྩ་འགྲེལ་གཉིས་ཀ་བསྡོམས་པ་ལ་ཤེས་བྱ་མཛོད་ཅེས་མཛོད་ཆེན་རྣམ་ལྔ་ལས་གཅིག་ཏུ་འདྲེན་སྲོལ་ཡོད། གདམས་ངག་མཛོད་ནི་སྐུ་ཚེའི་སྨད་དུ་ཕྱོགས་བསྒྲིགས་གནང་ཞིང་། རྒྱ་ཆེན་བཀའ་མཛོད་ནི་ཀོང་སྤྲུལ་སྐུ་གཤེགས་ཟིན་རྗེས་ཁོང་གི་ཞལ་སློབ་གནས་གསར་བཀྲ་ཤིས་ཆོས་འཕེལ་གྱིས་ཕྱོགས་བསྒྲིགས་བྱས་པ་ཞིག་གོ།

དེ་དག་ལས་གདམས་ངག་མཛོད་དང་རིན་ཆེན་གཏེར་མཛོད་སོགས་གཞན་མི་ཉུང་བ་ཞིག་ནི་རྩོམ་པ་དང་ཕྱོགས་བསྒྲིགས་གཉིས་ཀ་ཡིན་ན་ཡང་། ཤེས་བྱ་མཛོད་དམ་ཡོངས་གྲགས་སུ་ཤེས་བྱ་ཀུན་ཁྱབ་ཅེས་གྲགས་པ་ནི་ཁོང་གིས་དངོས་སུ་རྩོམ་བྲིས་མཛད་པ་ཞིག་ཡིན་ཅིང་། དེ་ནི་ཁོང་གི་གསུང་རྩོམ་སྙན་གྲགས་ཆེ་ཤོས་སུ་ངོས་བཟུང་ན་ཡང་ཆོག་པར་སྣང་། ཤེས་བྱ་ཀུན་ཁྱབ་ནི་བོད་ཀྱི་སློབ་གཉེར་བ་ཞིག་ཡིན་ན་ཀློག་མ་མྱོང་བ་ཡོད་སྲིད་ཀྱང་། ཐོས་མ་མྱོང་བ་དང་མཐོང་མ་མྱོང་བ་ནི་ཕལ་ཆེར་མི་སྲིད་པའི་ཚོད་རེད། འོན་ཀྱང་དེའི་ནང་དུ་རང་བྱུང་རྡོ་རྗེ། ཀློང་ཆེན་རབ་འབྱམས་པ། སྨིན་གླིང་སྐུ་མཆེད། ས་སྐྱ་པ་ཡབ་སྲས། མི་བསྐྱོད་རྡོ་རྗེ་དང་། དཔལ་ཁང་ལོ་ཙཱ་བ། ཇོ་ནང་རྗེ་བཙུན་སོགས་ཀྱི་གསུང་ལ་ཁུངས་བཅོལ་བ་དང་སྐབས་རེ་ཐད་ཀར་དྲངས་པ་ཡང་མི་ཉུང་བ་ཡོད་པས་ཉེ་དུས་ཀྱི་མི་འགའ་ཤས་ཀྱིས་ཤེས་བྱ་ཀུན་ཁྱབ་ནི་དཔེ་བཤུས་ཙམ་རེད་ཅེས་ཟུར་ཟ་བྱེད་ཀྱི་ཡོད།


དོན་དངོས་སུ་ཁོང་གིས་ཐེག་པ་གསུམ་གྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་དང་། བོད་ཀྱི་ཆོས་བརྒྱུད་ཡོངས་ཀྱི་མན་ངག རིག་པའི་གནས་ཆེ་ཆུང་བཅུ་གའི་ངོ་སྤྲོད་ལོ་རྒྱུས་དང་བཅས་པ་གོ་བདེ་ཞིང་། གནད་འདུས་པ། ཡོངས་སུ་མ་གྲགས་པ་རྣམས་རྩལ་དུ་བཏོན་པ། རྩ་ཚིག་ནི་སྙན་ཞིང་། འགྲེལ་པ་ནི་མང་ཉུང་འཚམས་པའི་དཔེ་དེབ་འདི་འདྲ་ཞིག་མཛད་ན་ཡང་མཁས་རློམས་འགའ་ཤས་ཀྱིས་ངོ་མཚར་རྒྱུ་མེད་སྣང་ཤར་ན། འོ་ན་གནས་ལྔ་རིག་པའི་པཎྜི་ཏ་ཞེས་གྲགས་པ་ལ་ཡང་ངོ་མཚར་རྒྱུ་ཅི་ཞིག་ཡོད་དེ། རིག་པའི་གནས་བཅུ་ཡི་སྐོར་ལ་ཚིག་དོན་ཕུན་སུམ་ཚོགས་པའི་གསུང་རྩོམ་འདི་འདྲ་ཞིག་དངོས་སུ་བརྩམས་ན་ཡང་ངོ་མཚར་རྒྱུ་མེད་ན་རིག་པའི་གནས་ལྔ་མཁྱེན་པ་རེད་ཟེར་བ་ཙམ་ལ་དེ་བས་ཀྱང་ངོ་མཚར་རྒྱུ་ག་ལ་ཡོད། འོན་ཀྱང་ངོ་མཚར་དུ་མེད་པ་ལ་ངོ་མཚར་ཞིང་ངོ་མཚར་འོས་པ་ལ་ངོ་མི་མཚར་བ་ནི་སྐྱེ་བོ་ཕལ་པའི་ཁྱད་ཆོས་ཐུན་མོང་བ་ཞིག་མ་ཡིན་ནམ།

ལར་གཞི་རྒྱ་ཆེ་བའི་བསྟན་བཅོས་འདི་འདྲ་ཞིག་རྩོམ་པར་གང་ཞིག་ལ་ཁུངས་བཅོལ་བ་དང་། གང་ནས་དྲངས་པ་མཐོང་བ་ཙམ་གྱིས་རིན་ཐང་མེད་ཅེས་ཟེར་ན། ང་ཚོས་དེ་འདྲ་ཟེར་མཁན་རྣམས་ལ་རྒྱལ་བའི་བཀའ་འགྱུར་ཆེན་མོའི་དོན་བསྡུས་རེ་འབྲི་བར་བསྐུལ་མ་ཞུས་ན་མི་བཟང་ངམ། རྒྱུ་མཚན་ནི་ནང་དོན་དགོས་པ་ཆ་ཚང་བཀའ་འགྱུར་གྱི་ནང་དུ་ཡོད་ཅིང་བཀའ་འགྱུར་ནི་དེང་སང་དྲ་གནས་ཁག་ལས་ཀྱང་མཇལ་ཆོག་པས་རང་ལ་དགོས་པའི་ལུང་རྣམས་བཀའ་འགྱུར་གྱི་ལེ་ཚན་སོ་སོ་ནས་འདྲེན་ཆོག་ཆོག་མ་རེད་དམ། འོན་ཀྱང་བཀའ་འགྱུར་གྱི་དོན་བསྡུ་རྩོམ་པ་ནི་ལས་སླ་པོ་དེ་འདྲ་ཞིག་ག་ལ་ཡིན་ཏེ། རྩོམ་པ་ལྟ་ཞོག་ཤེས་པ་ཙམ་ཡང་དཀའ་བས་སོ། འདི་ལྟར་བསམ་ན་ད་གཟོད་མི་དེའི་རིགས་ཀྱིས་ཐེག་པ་གསུམ། རིག་པའི་གནས་བཅུ། བོད་ཀྱི་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་དང་བཅས་པའི་ལྟ་གྲུབ་ཆ་ཚང་བ་སྟོན་པའི་དཔེ་དེབ་ཆེ་ཆུང་འཚམས་པ་ཞིག་འབྲི་བ་ནི་ཆེས་སྒྲུབ་དཀའ་བའི་བྱ་བ་ཞིག་ཡིན་པ་ངོས་འཛིན་ཐུབ།


མདོར་ན་ས་པཎ་གྱིས་མཁས་འཇུག་དང་། བོ་དོང་པཎ་ཆེན་གྱིས་དེ་ཉིད་འདུས་པ། དུང་དཀར་བློ་བཟང་ཕྲིན་ལས་ཀྱིས་དུང་དཀར་ཚིག་མཛོད་ལྟ་བུ་སྲོལ་རྒྱུན་བོད་ཀྱི་མཁས་པ་མང་པོས་ཤེས་བྱ་སྣ་ཚོགས་པ་འདུ་བའི་བསྟན་བཅོས་རེ་མཛད་ན་ཡང་། ད་ལྟའི་བར་ཤེས་བྱ་ཀུན་ཁྱབ་ལས་དར་ཁྱབ་ཆེ་བ་སྔར་ཡང་མ་བྱུང་ཞིང་། མ་འོངས་པར་ཡང་འབྱུང་མི་སྲིད་པ་ལྟ་བུ་ཡིན་པས་ན་དེ་རང་གིས་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་མཁྱེན་དཔྱོད་དང་། ཤེས་བྱ་ཀུན་ཁྱབ་ཀྱི་རིན་ཐང་ནི་རྩོད་མེད་འགྲན་ཟླ་དང་བྲལ་བ་གསལ་པོར་གྱུར་པས་ཤེས་བྱ་ཉི་ཚེ་བ་ཙམ་བཤད་ཤེས་ཤིང་། རྩོམ་ཐར་ཐོར་རེ་འབྲི་ཤེས་པ་རྣམས་ཀྱིས་དེ་ལ་ཟུར་ཟ་ཅི་ཙམ་བྱས་ཀྱང་དོན་དུ་རང་གི་དེ་ཁོ་ན་ཉིད་སྟོན་བྱེད་ཙམ་ལས་སྙིང་པོ་ཅི་ཡང་མེད་པ་ཤེས་པར་བྱའོ།།


ཁོ་བོས་ཟུར་ཟ་འདི་ནི་གཞན་ཁོ་ན་ལ་བྱས་པ་ཙམ་མིན་པར་སྔར་ང་རང་ལ་ཡང་ལྟ་ཚུལ་དེ་འདྲ་ཞིག་ཡོད་མྱོང་བ་ལ་ཕྱིས་སུ་ཤེས་ཡོན་གོང་འཕེལ་ཅུང་ཕྱིན་རིམ་གྱིས་ཤེས་བྱ་ཀུན་ཁྱབ་ལ་ལྟ་ཀློག་བྱས་པ་ན་དེའི་ནང་གི་མཚན་ཉིད་ཐེག་པ་དང་གསང་སྔགས་གསང་མའི་རྣམ་གཞག་མི་ཉུང་བ་ཞིག་དཔལ་ཁང་ལོ་ཙཱ་བའི་ཀརྨ་ཤིང་རྟ་དང་། སྟག་ཚང་ལོ་ཙཱ་བའི་གྲུབ་མཐའ་ཀུན་ཤེས་སོགས་ནས་བླང་པ་ཁག་ཅིག་གསལ་པོར་མཐོང་ཐུབ་ཀྱང་། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་གང་ནས་གང་ཞིག་བླང་ན་ཡང་ཁུངས་ཚད་ལྡན་ཡོད་པ་ཤ་སྟག་དང་། མང་ཉུང་འཚམས་པ། གནད་འགག་བསྡུས་པ། མཁས་པ་མང་པོའི་དགོངས་པ་དྲངས་པས་རྒྱུན་ཤེས་ཀྱིས་ཕྱུག་པ། རིག་པའི་གནས་གང་ལ་ཡིན་ཀྱང་ཁོང་ནི་ཐོགས་པ་མེད་པའི་རྣམ་པ་གསལ་པོར་མཐོང་ཐུབ་པས་ཁོང་ལ་གུས་བཀུར་ཇེ་ཆེར་གྱུར་ཅིང་། དེ་དང་ལྷན་དུ་རང་དང་རང་འདྲ་བའི་ཅོལ་ཆུང་དག་གི་བསམ་བློ་ལ་ཁྲེལ་བར་ཡང་གྱུར།


བོད་རིག་པར་དོ་སྣང་ཡོད་པའི་ཕྱི་རྒྱལ་གྱི་མཁས་པ་མང་པོས་ཀྱང་བོད་རིག་པར་ཉམས་ཞིབ་བྱ་དགོས་ན་ཤེས་བྱ་ཀུན་ཁྱབ་ནི་ངེས་པར་དུ་མེད་དུ་མི་རུང་བའི་དཔེ་དེབ་ཅིག་ཏུ་མཐོང་ནས་ལོ་ངོ་མང་པོའི་གོང་ནས་མཁས་པ་འགའ་ཤས་ཀྱིས་ཤེས་བྱ་ཀུན་ཁྱབ་པར་སྐྲུན་བྱས་ཤིང་།འགའ་ཤས་ཀྱིས་ཡིག་བསྒྱུར་སོགས་བྱས་པས་ད་ལྟའི་ཆར་ཤེས་བྱ་ཀུན་ཁྱབ་ཆ་ཚང་བ་དབྱིན་ཡིག་ཏུ་བསྒྱུར་ཟིན་པ་ལ་ཁོ་བོས་ཀྱང་དབྱིན་འགྱུར་དེ་ཕལ་མོ་ཆེ་ཀློག་མྱོང་ཡོད་པས་འགྱུར་ཧ་ཅང་བཟང་བར་མཐོང་། གཞན་ཡང་ཤེས་བྱ་ཀུན་ཁྱབ་རྒྱ་ཡིག་ཏུ་ཡང་འགྱུར་བཞིན་ཡོད་པ་གོ་ཐོས་བྱུང་བས་རིང་མིན་ཤེས་བྱ་ཀུན་ཁྱབ་ཀྱི་བརྒྱུད་ནས་འཛམ་གླིང་གང་སར་སྐད་ཡིག་འདྲ་མིན་གྱི་ཐོག་ནས་བོད་ཀྱི་རིག་གནས་ཀྱི་ངོ་སྤྲོད་ཆ་ཚང་བ་ཞིག་ཡོང་བ་ནི་ཆེས་དགའ་འོས་པ་ཞིག་མ་ཡིན་ནམ། ཁོ་བོས་བསམས་ན་བོད་ཀྱི་རིག་གཞུང་ཉིད་མི་རིགས་གཞན་ལ་ངོ་སྤྲོད་དགོས་ན་སྲོལ་རྒྱུན་ལྟར་ངོ་སྤྲོད་པ་དང་། དེང་རབས་ལྟར་ངོ་སྤྲོད་པ་གཉིས་ཡོད་པ་ལས་སྲོལ་རྒྱུན་ལྟར་ངོ་སྤྲོད་པ་ལ་ཤེས་བྱ་ཀུན་ཁྱབ་ལས་ལྷག་པའི་དེབ་ཅིག་མེད་ཅེས་ཁ་ཚོན་གཅོད་ཐུབ་སྙམ།


དེ་ནི་གོང་དུ་བཤད་པ་ལྟར་འཇམ་མགོན་བློ་གྲོས་མཐའ་ཡས་ལ་བོད་ཀྱི་ཆོས་དང་རིག་གནས་མཐའ་དག་ལ་མཁས་པའི་མཁྱེན་དཔྱོད་ཡོད་པས་ཡིན་པ་ལ། ངོས་རང་སྒེར་གྱི་བསམ་ཚུལ་ལྟར་ན་བཟང་ཕྱོགས་ནས་བཤད་ན་ཁོང་ལ་ཡོན་ཏན་དེ་ལྟ་བུ་ཡོད་པས་རིག་གནས་ཀུན་འདུས་ཀྱི་དཔེ་དེབ་འདི་འདྲ་ཞིག་མཛད་རྒྱུ་བྱུང་ཡོད་ཅིང་། ཡང་ང་ཚོས་སེམས་ལ་ངེས་དགོས་པ་གཅིག་ནི་འཇམ་མགོན་བློ་གྲོས་མཐའ་ཡས་ནི་བོད་ཀྱི་ཆོས་བརྒྱུད་ཐམས་ཅད་ཀྱི་མཁས་གྲུབ་གོང་མ་རྣམས་ལྟ་དགོངས་གཅིག་ཡིན་པར་སྒྲུབ་གནང་མཁན་ཡིན་པས་ན་ཁོང་གིས་མཛད་པའི་ཤེས་བྱ་ཀུན་ཁྱབ་ལ་ཡང་ལྟ་གྲུབ་དེ་ཉིད་གསལ་པོར་མཇལ་རྒྱུ་ཡོད། དེར་བརྟེན་ཁོང་གིས་དོལ་པོ་པའི་གཞན་སྟོང་དང་ཀརྨ་པ་རང་བྱུང་རྡོ་རྗེའི་གཞན་སྟོང་གཉིས་འགལ་མེད་ཡིན་པར་གསུངས་ན་ཡང་། དོན་དུ་དོལ་པོ་པས་བདེ་གཤེགས་སྙིང་པོ་མཐའ་གཅིག་ཏུ་བདེན་གྲུབ་ཏུ་བཞེད་ཅིང་། ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་རྩོམ་རྣམས་སུ་བདེ་གཤེགས་སྙིང་པོ་སྟོང་ཉིད་ཡིན་པར་གསུངས་པ་ལས་བདེན་གྲུབ་ཡིན་པར་གསུངས་པ་ཚིག་གཅིག་ཀྱང་མེད་ཅེས་བཤད་ན་ཆོག་པ་ཞིག་ཡིན་པས་དེ་གཉིས་ལྟ་དགོངས་གཅིག་ཏུ་འབབ་པ་ནི་སྲིད་པ་ཙམ་རེད།


འདི་ནི་དཔེ་མཚོན་ཙམ་སྟེ་གཞན་ཡང་འཇམ་མགོན་བློ་གྲོས་མཐའ་ཡས་གཙོ་བོར་གྱུར་པའི་ཕྱིས་བྱོན་གྱི་མཁས་པ་མང་པོས་བོད་སྔ་རབས་དང་ཕྱི་རབས་པའི་དབུ་མའི་ལྟ་དགོངས་ལ་ཡང་ཚིག་ཙམ་ལས་དོན་ལ་ཁྱད་མེད་པར་བཞེད་ཅིང་། རྗེ་ཙོང་ཁ་པས་ཀྱང་དོན་དུ་དབུ་མ་སྔ་རབས་པ་ལྟར་སྤྲོས་བྲལ་བཞེད་ཚུལ་ནན་གྱིས་སྒྲུབ་ན་ཡང་། རྗེ་ཙོང་ཁ་པས་དོན་དམ་བདེན་པ་ནི་མེད་དགག་ཏུ་བཞེད་ཅིང་། བོད་སྔ་རབས་པས་ནི་མེད་དགག་ཀྱང་མ་ཡིན་པར་བཞེད་པས་དེ་གཉིས་ཀྱང་དགོངས་པ་གཅིག་ན་ཡིན་པར་བཤད་པ་དང་མིན་པར་བཤད་པ་ཐམས་ཅད་གཅིག་ཏུ་ཐལ་བའི་སྐྱོན་ཡོད། བོད་སྔ་ཕྱིའི་ལྟ་དགོངས་ཚིག་ཙམ་ལས་དོན་ལ་གཅིག་ན་རྗེ་ཙོང་ཁ་པ་དང་གོ་རམས་པ་སོགས་ཀྱིས་དགག་སྒྲུབ་དེ་ཙམ་གནང་བ་ནི་སྐུ་ངལ་ཆེ་བྱེད་ཙམ་དང་། ཡང་ན་ཐོས་བསམ་པ་རྣམས་ཀྱི་རིག་པའི་རྩལ་འཕེལ་བའི་ཆེད་དུ་མཛད་ན་དེ་ལ་བརྟེན་ནས་གྲུབ་མཐའ་ཕན་ཚུན་གྱི་ཆགས་སྡང་འཕེལ་བས་བླ་མ་དེ་དག་གི་མཛད་པ་ནི་ཕན་ལས་གནོད་ཆེ་བར་མ་གྱུར་ཏམ།


སྤྱིར་མི་ཡི་སྤྱི་ཚོགས་འདིར་མཁས་པ་ཆེན་པོ་རྣམས་ཀྱིས་ལུང་རིགས་བརྒྱ་ཕྲག་མང་པོས་རང་ཕྱོགས་སྲུང་ཞིང་གཞན་ཕྱོགས་ལ་རྒོལ་ན་ཡང་རྗེས་འཇུག་པ་མི་ཉུང་བ་ཞིག་གིས་ཕྱོགས་གཉིས་ཀྱི་འདོད་པའི་ཁྱད་པར་ཙམ་ཡང་མི་ཤེས་པར་དེ་དག་གི་དགོངས་པ་གཅིག་པ་རེད་ཅེས་སྡོམ་ཚིག་འགོད་པའི་སྲོལ་འདི་བོད་ཙམ་མིན་པར་འཛམ་གླིང་གང་སར་ཡོད་པ་ཞིག་ཡིན་པས་རྒྱ་གར་དུ་ནང་བསྟན་ཆོས་ལུགས་ཀྱི་གཞི་ལམ་འབྲས་གསུམ་གང་ཡང་མི་ཤེས་ཀྱང་སངས་རྒྱས་ཆོས་ལུགས་དང་ཧིན་དྷུ་ཆོས་ལུགས་གཅིག་རེད་ཅེས་བཤད་མཁན་ཧ་ཅང་མང་། དེ་ལྟར་བཤད་མཁན་འགའ་ཤས་ནི་རྨོངས་པས་དང་། འགའ་ཤས་ནི་དག་སྣང་གི་དབང་གིས་ཡིན་པ་ལ། འཇམ་མགོན་བློ་གྲོས་མཐའ་ཡས་ནི་གཙོ་བོ་ཕྱི་མའི་ཁོངས་སུ་གཏོགས། འོན་ཀྱང་ང་ཚོ་ཐོས་བསམ་པ་དང་ཉམས་ཞིབ་པ་ཚད་ལྡན་ཞིག་བྱེད་པར་དགོངས་པ་གཅིག་པ་རེད་ཅེས་བཤད་པ་ཙམ་གྱིས་མི་འགྲིག་པར་གཅིག་ན་གཅིག་པའི་ཚུལ་དང་མི་གཅིག་ན་མི་གཅིག་པའི་ས་མཚམས་དང་རྒྱུ་མཚན་བཅས་གསལ་པོར་ངེས་དགོས་པས་སྐབས་དེ་འདྲ་ལ་འཇམ་མགོན་བློ་གྲོས་མཐའ་ཡས་ལྟ་བུས་མཛད་པའི་གསུང་རྩོམ་རྣམས་ལ་ང་ཚོས་དག་སྣང་ལས་ཀྱང་དོགས་ཟོན་ཆེ་ཙམ་བྱས་ནས་ལྟ་རྒྱུ་གལ་ཆེ་སྙམ།


གཞན་ཡང་སྐབས་འདི་དང་བསྟུན་ནས་ཁོ་བོས་བཤད་འདོད་པ་ཞིག་ལ་ཤེས་བྱ་ཀུན་ཁྱབ་ཀྱི་མ་དཔེ་རྙིང་ཤོས་ནི་དཔལ་སྤུངས་པར་མ་ཡིན་ཀྱང་། ད་ལྟ་དར་ཁྱབ་ཆེ་ཤོས་བྱུང་བ་ནི་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ་ཉིད་རེད། འོན་ཀྱང་ཤེས་བྱ་ཀུན་ཁྱབ་ཀྱི་གནས་བརྒྱད་པའི་སྐབས་གསུམ་པར་མེ་ཏྲི་པའི་ལམ་ཟབ་དགུ་ཕྲུག་གི་གྲངས་འདྲེན་གསལ་ན་ཡང་དཔལ་སྤུངས་པར་མའི་ནང་དུ་དེར་ལམ་ཟབ་དགུ་ཕྲུག་མ་ཚང་བའི་སྐྱོན་ཡོད་ཅིང་། གནས་བརྒྱད་པའི་སྐབས་བཞི་པར་ཞི་བྱེད་སོ་ལུགས་བཤད་པ་ན་ཆིངས་བཅུ་ལས་ཆིངས་གཅིག་མ་ཚང་བ་སོགས་ཀྱི་སྐྱོན་ཡོད། ཕྱིས་སུ་རྒྱ་བོད་གང་ས་ནས་ཤེས་བྱ་ཀུན་ཁྱབ་བསྐྱར་པར་བྱས་ཡོད་ཀྱང་དེ་ཕལ་མོ་ཆེའི་མ་དཔེ་དཔལ་སྤུངས་པར་མ་དང་མི་རིགས་དཔེ་སྐྲུན་ཁང་གི་པར་མ་གང་རུང་ཡིན་པས་ན་མ་དཔེ་དེ་ཡོངས་ཀྱི་ནང་དུ་གོང་གསལ་གྱི་སྐྱོན་རྣམས་ཡོད་ཅིང་། ད་དུང་ཡིག་ནོར་གཞན་ཡང་མི་ཉུང་བ་ཡོད་པར་མཐོང་བས་མ་འོངས་པར་ཤེས་བྱ་ཀུན་ཁྱབ་པར་དུ་སྐྲུན་འཆར་ཡོད་པ་རྣམས་ཀྱིས་བསྐྱར་པར་ཙམ་མིན་པར་ཞུ་དག་ཇེ་ལེགས་སུ་བཏང་ནས་པར་སྐྲུན་ཐུབ་ན་དགེ་མཚན་ཆེ་བར་སྣང་།


འོན་ཀྱང་འདི་དག་ནི་ཁོ་བོའི་གནས་སྐབས་ཀྱི་བསམ་ཚུལ་ཙམ་སྟེ། ཁོ་བོས་རྩོམ་འདི་ཉིད་ཤེས་བྱ་ཀུན་ཁྱབ་ལ་ཉམས་ཞིབ་བྱས་ཏེ་བྲིས་པ་ཞིག་མིན་པ་ནི་ཕྱོགས་གཅིག་ནས་ད་ལྟའི་ཆར་ཤེས་བྱ་ཀུན་ཁྱབ་ལྟ་བུ་གཞི་རྒྱ་ཆེ་བའི་བསྟན་བཅོས་ཤིག་གི་སྐོར་ལ་དཔྱད་རྩོམ་འབྲི་བའི་དུས་ཚོད་ཀྱང་མེད་ཅིང་ཕྱོགས་གཅིག་ནས་སྔར་རྒྱ་གར་དུ་འཇམ་མགོན་བླ་བྲང་ནས་ཤེས་བྱ་ཀུན་ཁྱབ་ཅིག་དཔེ་སྐྲུན་གནང་བའི་གླེང་བརྗོད་རྒྱས་པ་ཞིག་རྒྱལ་དབང་བཅུ་བདུན་པས་མཛད་པའི་སྐབས་སུ་ངོས་ནས་ཀྱང་རྒྱུ་ཆ་འཚོལ་སྒྲུབ་སོགས་ཀྱི་ཞབས་ཞུ་ཕྲན་བུ་བསྒྲུབས་མྱོང་ཡོད་པ་ལ་ཤེས་བྱ་ཀུན་ཁྱབ་ཀྱི་དཔྱད་བརྗོད་དམ་ངོ་སྤྲོད་ནི་དེའི་ནང་དུ་བཞུགས་པ་ལས་ལྷག་པ་ཞིག་དགོས་པ་མ་མཐོང་བས་ཀྱང་ཡིན། དེས་ན་རྩོམ་འདི་ནི་ཁོ་བོས་ཉེ་ཆར་མཁན་པོ་དགའ་དབང་གི་མདུན་ནས་ཤེས་བྱ་ཀུན་ཁྱབ་ཀྱི་ལུང་ཆ་ཚང་བ་ཞུས་པའི་རྗེས་དྲན་དུ་སྐད་འཕྲིན་གྱི་གྲོགས་ཚོམས་སུ་ཟིན་བྲིས་ཤིག་སྤེལ་བ་ན་གྲོགས་མཆེད་ཁ་ཤས་ཀྱིས་དྲ་ཐོག་ཏུ་སྤེལ་བར་འདོད་ཅེས་གསུངས་པ་ལ་སླར་ཡང་ཁ་སྐོང་ཅུང་ཟད་བྱས་ཏེ་མཇུག་གྲུབ་པ་ཙམ་མོ།།



0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།