ང་ཚོ་རྨོངས་གཉིད་འདི་ལས་སད་དགོས་འདུག

27338


           རྩོམ་པ་པོ། —རྩིས་ཆེ་ལེགས་མཐོང་།

དབྱི་ཊི་ལིའི་བོད་རིག་པའི་མཁས་པ་ཆེན་པོ་ཏུ་ཅི་གིས་བོད་བརྒྱུད་ནང་བསྟན་གྱི་སྐོར་ལ་དཔེ་དེབ་ཅིག་བྲིས་པ་ལ། ཁོང་གིས་དེའི་ནང་དུ་བོད་ལ་སངས་རྒྱས་ཆོས་ལུགས་ཞེས་པ་དང་། དམངས་ཁྲོད་ཀྱི་ཆོས་ལུགས་ཞེས་གཉིས་སུ་ཕྱེས་ནས་བྲིས་ཡོད། དམངས་ཁྲོད་ཀྱི་ཆོས་ལུགས་ནི་བན་བོན་འདྲེས་མ་དང་། བོད་རང་གི་ལུགས་སྲོལ་དང་དད་མོས་སོགས་རྩལ་འདོན་བྱས་པ་ཞིག་ཡིན་པས། དེ་ཚོ་མང་པོ་ཞིག་རྒྱ་གར་ནས་བྱུང་བའི་སངས་རྒྱས་ཆོས་ལུགས་རང་ལ་ཁུངས་བཅོལ་དཀའ་བའི་གྲས་རྣམས་ཡིན་པ་རེད།

ངས་ཀྱང་དབྱེ་བ་འབྱེད་ཚུལ་འདི་ལ་གནད་འགག་ཡོད་པར་མཐོང་གི་ཡོད། དེའི་རྒྱུ་མཚན་ངོས་རང་ལ་མཚོན་ན་ཡང་སྐྱེ་དུས་ནས་ནང་པ་ཡིན་པའི་ཁུལ་ཡིན་ཀྱང་། ཆུང་དུས་ཁྱིམ་ཚང་དུ་སྡོད་སྐབས་ཐོས་པའི་ནང་ཆོས་དེ་དག་ཕྱིས་སུ་རབ་ཏུ་བྱུང་ནས་སངས་རྒྱས་ཀྱི་བཀའ་དང་རྒྱ་བོད་མཁས་པའི་བསྟན་བཅོས་རྣམས་ལ་མཇལ་སྐབས་རྩ་བ་ནས་མཐོང་རྒྱུ་དང་ཐོས་རྒྱུ་མེད་པ་ལྟ་བུ་རེད། དཔེར་ན་ཞི་མི་བསད་ན་སྡིག་པ་ཧ་ཅང་ཆེ་བས་ཞི་མིའི་སྤུ་ཉག་གི་གྲངས་དང་མཉམ་པའི་མཆོད་རྟེན་བཞེངས་ན་ཡང་སྡིག་པ་མི་འདག་ཅེས་ཟེར་སྲོལ་ཡོད་པ་ལྟ་བུའོ།།

ལྷག་པར་དུ་བོད་ཀྱི་དམངས་ཁྲོད་དུ་སངས་རྒྱས་ལས་ཀྱང་གུ་རུ་རིན་པོ་ཆེ་ལྷག་སྙམ་པའི་ལོག་རྟོག་ཧ་ཅང་ཤུགས་ཆེ་བས་དོན་དུ་བོད་རིགས་མང་པོས་ཐ་ན་སངས་རྒྱས་ཀྱི་བསྟན་པའི་བདག་པོ་སུ་ཡིན་པ་ཙམ་ཡང་ཤེས་ཀྱི་མེད། འོན་ཀྱང་རྨོངས་དད་ཆེ་བས་བོད་ཀྱི་བླ་གྲྭ་རྣམས་ཀྱིས་གོ་སྐབས་དེ་བེད་སྤྱད་ནས་མི་དམངས་འགུག་ཐབས་སུ་བཏགས་གྲོལ་དང་ཐོས་གྲོལ་ལ་སོགས་པ་དཀའ་ལས་མི་དགོས་པར་ལས་སླ་པོས་གྲོལ་ཐབས་ཀྱི་ཆོས་ལུགས་མང་པོ་ཞིག་སྤེལ་ཡོད། དོན་དངོས་སུ་འཁོར་བ་ནི་ཧ་ཅང་རྙོག་འཛིང་ལྡན་པ་ཞིག་དང་། གནས་ལུགས་ནི་ཧ་ཅང་གཏིང་ཟབ་པས་འཁོར་བ་ལས་ཐར་ཟེར་བ་དང་། ཐར་པ་ཐོབ་ཟེར་བ་དེ་ལས་སླ་པོ་དེ་འདྲ་ཞིག་ག་ལ་ཡིན། ཡིན་ན་གྲངས་མེད་གསུམ་དུ་དཀའ་བ་སྤྱོད་མཁན་གྱི་བྱང་སེམས་རྣམས་ང་ཚོ་ལས་བླུན་པའི་ཐལ་བ་ཡོད།

མདོར་ན་ང་ཚོས་བླ་མ་དང་གཏེར་སྟོན་ག་གེ་མོ་ཞིག་གིས་གང་གསུངས་པ་ཟུར་དུ་བཞག་ནས་ང་ཚོ་ཐུན་མོང་གིས་ཁས་ལེན་པའི་སངས་རྒྱས་ཀྱི་བཀའ་མདོ་རྒྱུད་གཉིས་དཔང་པོ་བྱས་ནས་བཤད་ན། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་ཐབས་དང་ཤེས་རབ་གཉིས་ཡོད་པ་ལས། སངས་རྒྱས་ཀྱིས་ཉན་ཐོས་དང་ཐེག་པ་ཆེན་པོ་གཉིས་ཀ་ནས་ཐབས་དེ་ཙམ་མི་དགོས་པར་གཙོ་བོ་ཤེས་རབ་རང་གིས་ཐར་པ་དང་ཆོས་སྐུ་མངོན་དུ་བྱེད་ཐབས་གསུངས་ཡོད་ན་ཡང་། ཤེས་རབ་མེད་པར་གཙོ་བོ་ཐབས་རང་གིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཚུལ་གང་དུ་ཡང་གསུངས་མེད།

འོན་ཀྱང་དེ་ལས་ལྡོག་སྟེ་ང་ཚོ་བོད་བརྒྱུད་ནང་བསྟན་པ་སྤྱི་དང་ལྷག་པར་དམངས་ཁྲོད་ཀྱི་ཆོས་ལུགས་ནི་ཤེས་རབ་དང་བྲལ་བའི་ཐབས་ཁོ་ན་རེད། ཕྱག་འཚལ་བ་ལྟ་བུ་བསོད་ནམས་ཀྱི་ཚོགས་རྣམས་ཙམ་མིན་པར། ཆོས་དང་དབང་ཞུ་བ་སོགས་གཙོ་བོ་ཤེས་རབ་ཀྱི་ཚོགས་གསོག་བྱེད་རྣམས་ཀྱང་བོད་རིགས་དག་གིས་ཕན་ཡོན་དང་བྱིན་རླབས་ཡོད་པར་བསམས་ནས་བསོད་ནམས་ཀྱི་ཚོགས་ཤིག་ལ་ངོས་བཟུང་ནས་བྱེད་ཀྱི་ཡོད། དེ་བཞིན་བཀའ་བརྒྱུད་པ་གཙོ་བོར་གྱུར་པ་མང་པོས་བླ་མ་ལ་དད་པ་དང་ཞབས་ཞུ་སྒྲུབ་པ་ཁོ་ནས་ཆོག་པས་དེ་ལས་གཞན་པའི་ཐོས་བསམ་སྒོམ་གསུམ་ཟུར་དུ་མི་དགོས་པའི་བཤད་སྲོལ་ཡང་ཡོད།

དོན་དུ་ནང་པའི་གཞུང་ཚད་ལྡན་རྣམས་ནས་འབྱུང་བ་ལྟར་ན། ང་ཚོས་གནས་ལུགས་མ་རྟོགས་པར་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་གང་ཡང་འཐོབ་མི་སྲིད་ཅིང་། གནས་ལུགས་གང་ཡིན་ལ་སློབ་སྦྱོང་དང་བསམ་གཞིགས་ཙམ་ཡང་མ་བྱས་པར་གནས་ལུགས་རྟོགས་པར་རེ་བ་ནི་རྒྱུ་མེད་པའི་འབྲས་བུ་ལ་སྨོན་པ་ཅི་ལ་མིན། དེས་ན་ངས་བསམས་ན་ང་ཚོས་རང་ཉིད་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་འདོད་ཡོད་ཅིང་། གཞན་ཡང་དེ་རུ་འགོད་འདོད་ཡོད་ན། ང་ཚོས་རྨོངས་དད་ཀྱི་བཤད་སྲོལ་དེ་རྣམས་རྒྱུན་སྐྱོང་དང་དར་སྤེལ་བྱེད་ཐབས་ལས། ཐོག་མར་ང་ཚོ་རྨོངས་གཉིད་འདི་ལས་ངེས་པར་དུ་སད་དགོས་འདུག་སྙམ།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།