ཉིན་བཅུའི་རིང་གི་ཐའེ་ལན་ཌུའི་འགྲུལ་བཞུད།

35938


               རྩོམ་པ་པོ། ཐེ་བོ་སངས་རྒྱས།


བསྐལ་བ་ཕག་ལོའི་ལོ་སར་སྐབས།། བློ་མཐུན་འགའ་དང་ལྷན་ཅིག་ཏུ།། ཐའེ་གོར་བསྐྱོད་པའི་ཟིན་ཐོ་ཞིག། ཀློག་འདོད་མཁན་ཚོའི་གཟིགས་མོར་དགྲམ།། མཁས་པའི་ཁྲི་ལ་འགྱིང་དང་གཅིག། དུས་ཚོད་གསེར་དུ་ཤེས་དང་གཉིས།། ལེགས་བཤད་བདུད་རྩིས་སྐོམ་པ་གསུམ།། འདི་ལ་སྤྱན་ཟུར་མ་གཡོ་རོགས།། 


         ལམ་དུ་ཆས་པ།


ཕྱི་ལོ་༢༠༡༩ཟླ་༡ ཚེས་༢༦ གི་ཕྱི་དྲོ་ཆུ་ཚོད་བདུན་དང་ཕྱེད་ཀའི་ཐོག སྒྲོལ་མ་གླིང་གི་བོད་དགེ་དཀོན་མཆོག་རྒྱ་མཚོ་ལགས་དང་། ནོར་གླིང་ཉམས་ཞིབ་འགན་འཛིན་འབྲོང་དར་ལགས། ང་ཚོ་གསུམ་སྤྱི་སྤྱོད་རླངས་འཁོར་ཞིག་ལ་བསྡད་དེ། ཧི་མ་ཅལ་མངའ་སྡེའི་རྡ་རམ་ས་ལ་ནས་ཛ་ལན་ངྷ་ར་དང་། པན་ཇབ་བམ་ལྔ་ལེན་ཡུལ།ཧ་རི་ཡ་ན་བཅས་ཀྱི་ནང་ཁྱོན་སྤྱི་ལེ་བཞི་བརྒྱ་ལྷག་བགྲོད་མཐར་སྐྱ་རེངས་ཤར་སྐབས་ལྡི་ལིའི་མན་ཇུ་ཀ་ཏྲི་ལཱར་སླེབས།མན་ཇུ་ཀ་ཏྲི་ལཱ་ནི། སྐད་གྲགས་ཆེ་བའི་ཏཱ་ཇི་མཱལ་བང་སོ་འདེབས་མཁན་ཏེ། མུ་གྷལ་རྒྱལ་པོ་ཤཱ་ཛྷང་གི་རྒྱལ་ཁང་གཉིས་པ་ལཱ་ལི་ཀེ་ལའམ་མཁར་རྫོང་དམར་པོ་ནས་བྱང་ཕྱོགས་སུ་སྤྱི་ལེ་བརྒྱད་དང་ཕྱེད་ཀའི་ས། ཆུ་བོ་ཆེན་པོ་བཞིའི་ཡ་གྱལ་ཡ་མུ་ནའི་གཙང་འགྲམ་དུ་ཆགས་ཡོད། གནས་དེར་བོད་པ་སྟོང་ཕྲག་བརྒལ་བ་གཞིས་ཆགས་པར་མ་ཟད། བོད་ཀྱི་ཁྱད་ཆོས་ཡོད་པའི་ལྷ་ཁང་དང་། མགྲོན་ཁང་། ཟ་ཁང་། འཚིག་ཇ་ཁང་། ཚོང་ཁང་། ཐང་ཁྲོམ་བཅས་སྲང་ཤར་དོག་མོར་གྱུར་པའི་ཁར་ཕྱོགས་བཞིའི་མགྲོན་པོས་དུས་བཞིར་འཁྲུག་ཆ་དོད་པོ་བྱེད། ས་གནས་བོད་མི་ཚོས་དུས་རབས་ཕྱེད་ཀ་ལྷག་སྲིད་འབྱོར་རིག་གསུམ་གྱི་བྱེད་སྒོ་འདྲ་མིན་སྤེལ་སའང་ཡིན། ང་ཚོ་M.T. (མན་ཇུ་ཀ་ཏྲི་ལཱའི་ཚིག་སྡུད)ལ་འབྱོར་དུས་བཟོ་གྲྭའི་དུད་ཞགས་དང་སྨུག་པ་འདྲེས་མས་གནམ་ངོར་ཡོལ་བ་འཐེན་འདུག་པས་ནམ་ལངས་སྐར་ཆེན་མཐོང་དཀའ། འགྲུལ་འཁོར་ལས་བབས་པ་ན་རྒྱ་གར་བ་འགས་འཚང་ཁ་བརྒྱབ་ཅིང་། གླ་འཁོར་ཨེ་དགོས། དོས་ཁལ་ཨེ་ཡོད། མགྲོན་ཁང་ཨེ་དགོས་སོགས་ཟེར་ནས་སུན་པོ་བཟོས།སོ་སོའི་ཅ་ལག་དག་དྲུད་ནས་ཤར་རྒྱག་ཤར་ཕྱོགས་མགྲོན་ཁང་དུ་བསྙེགས།མགྲོན་ཁང་སྒོ་ཁའི་གློག་གི་ཅོང་དྲིལ་མནན་པའི་ཡུད་ཙམ་ན། འགྱིག་གི་བསིལ་ལྷམ་དྲུད་པའི་རྒྱ་གར་བ་ཞིག་གིས་མིག་འཕུར་བཞིན་སྒོ་ཆེན་ཕྱེ་བྱུང་། ང་ནི་རྡོ་གཅལ་སྟེང་གི་ཁོའི་ཉལ་ཆས་དག་མཐོང་བས་ཁོག་འདར་དང་སྙིང་རྗེ་ལྷན་ཅིག་སྐྱེས། མདང་དགོང་རྒན་སེང་གེར་མངགས་པའི་ཁང་མིག་༣༠༧ཅན་གྱི་ལྡེ་མིག་སྤྲོད་རོགས་ཞེས་ཧིན་སྐད་རྡོ་ཆག་བཙན་སྒྲིག་བྱས། ཨ་དཱར་བྱང་བུ་རྣམས་པར་སློག་བརྒྱབ་ཅིང་གྲོགས་པོ་འབྲོང་དར་ལ་ཁང་མིག་ཅིག་བླངས། དེ་དུས་ལྡི་ལི་ནི་ཚ་བ་ཆེ་བའི་དཔེ་རུ་འདྲེན་ཟེར་ན་རྣ་བར་འགྲོ་དཀའ་བའི་ཚད་དུ་འདུགམགྲོན་ཁང་སྒོ་ཕྱེ་མ་ཐག་ཤར་སེ་ཉལ་ཐུལ་ནང་འཛུལ་ཅིང་དྲོད་ཁུགས་ཐབས་བྱས་པས་ཡུད་ཙམ་ན་རྨི་ལམ་གྱི་ཞིང་ཁམས་འགྲིམས། གཉིད་ལས་སད་དུས་ཚོུད་བརྒྱད་པ་ཡོལ་ཅིང་གྲོགས་དཀོན་རྒྱམ་ཡར་ལངས་ཏེ་ཁྲུས་ཁང་ནང་འཛུལ་འདུགཉིན་གཉིས་ཀྱི་སྔོན་ལ་ལྡི་ལིར་བྲེལ་སྟབས་ཀྱིས་བཤར་བའི་འགྲུལ་གྲོགས་ཤེར་རྒྱམ་དང་Jack གཉིས་ཀྱིས་ཁ་པར་ཐེངས་འགར་བཏང་འདུག་ལ། ཁྱེད་གཉིས་ལྡི་ལིའི་ཤར་ཕྱོགས་མགྲོན་ཁང་དུ་སླེབས་ཡོད་ཤག་རེད། ཁང་མིག་གང་དུ་ཡོད་ཅེས་དང་། གཙང་འགྲམ་གྱི་ལྷ་ས་ཟ་ཁང་དུ་ཞོགས་ཟས་ཟ་རུ་ཤོག་ཅེས་འཕྲིན་ཐུང་ཞིག་ཀྱང་བཞག་འདུག


དེ་ནས་ངས་ཁ་ངོ་བཀྲུ་བཤལ་རོབ་ཙམ་བྱས་ནས་ཡ་མུ་ནའི་འགྲམ་རྒྱུད་ཀྱི་ལྷ་ས་ཟ་ཁང་དུ་ཕྱིན།  དེར་གྲོགས་པོ་གཞན་སྐོར་ཞིག་དང་མཉམ་དུ་ཞོགས་ཇ་སྟབས་བདེ་ཞིག་ལ་རོལ། དེ་ནས་རྒན་སེང་གེ་དང་ང་ཚོ་མཉམ་དུ་འཚིག་ཇ་ཁང་ཞིག་ཏུ་འཛུལ་ནས་འཚིག་ཇ་འདྲ་འཐུང་ཞོར་ཅི་བགྲོས་མི་བགྲོས་བཤད། སྒོར་བུད་ནས་སྲང་ལམ་གྱི་རྒྱ་གར་མངར་ཇ་གྲགས་ཅན་དེ་བཏུང་བར་སོང་། རྒྱ་བལ་དུ་ཡུན་རིང་བཅའ་སྡོད་བྱེད་མཁན་ཚོར་ཇ་མངར་མོ་བཏུང་རྒྱུ་མ་བྱུང་ན་རུས་གསེང་ནས་ཟ་འཕྲུག་ལངས་མཁན་མང་། ཕི་གླིང་བ་ཚོས། རྒྱ་གར་ནི། ག་དུས་ཡིན་རུང་གསོལ་ཇའི་བར་གསེང་དང་། ག་བར་ཡིན་རུང་གསང་སྤྱོད་རེད། ཅེས་ཟུར་ཟ་བྱས་པར་བདེན་པའི་ཆ་ཞིག་ཡོད། ཆུ་ཚོད་བཅུ་པ་ཡས་མས་སུ་དཀོན་རྒྱམ་དང་ཤེར་རྒྱམ་དག་གྷོའུ་གྷང་གི་ཁྲོམ་ཉུལ་དུ་འགྲོ་འཆར་བསྒྲིགས།ང་ནི་དེ་སྔ་རྒྱལ་ཡོངས་འགྲེམ་སྟོན་ཁང་དུ་འགྲོ་མྱོང་མེད་པས་དེ་ལ་འགྲོ་འདོད་ཆེ་བས་ང་ཚོ་ཊུ་ཊུ་ཞིག་གི་ནང་བསྡད་དེ་ཝུ་ཐཱན་ས་ཝའི་ས་འོག་མེ་འཁོར་འབབ་ཚིགས་སུ་བསྐྱོད། ཁོ་བོ་རྒྱ་གར་སྒོ་ཆེན་“India Gate” ཉེ་འགྲམ་གྱི་འབབ་ཚིགས་བར་བསྐྱོད་ཅིང་བབས། ལམ་བར་ནས་བོད་པའི་སློབ་ཕྲུག་གསུམ་ལ་ཕྲད་ཅིང་ང་ཚོ་རྒྱལ་ཡོངས་འགྲེམ་སྟོན་ཁང་གི་སྒོ་ཁར་སླེབས། དེ་ནི་བརྗིད་ཆགས་པའི་ཁང་ཆེན་སུམ་ཐོག་ཅན་ཞིག་སྟེ།བྱ་འདབ་དང་། སྒོ་དང་སྒེའུ་ཁུང་། ཁྱམས་ར། ལན་ཀན། ཐེམ་སྐས་སོགས་རྒྱ་གར་གྱི་ཁང་བཟོའི་ཁྱད་ཆོས་ལྡན་ཅིང་སྤུས་ཀའང་འགྲན་ཟླ་བྲལ་བ་ཞིག་རེད། སྒོ་ཁར་ང་ཚོས་འཛིན་བྱང་རེ་ཉོས་ཏེ་ནང་དུ་འཛུལ་བ་ན། ཁང་མིག་རེ་རེ་བཞིན་རྡོ་ཆས་དུས་རབས་ཀྱི་གནའ་རྫས་དང་། རྡོ་བརྐོས་ཀྱི་ཕྱི་རོལ་པའམ་ནང་པའི་ལྷ་ལྷ་མོ་ངོ་མར་འཁྲུལ་འགྲོ་བ་རྣམས་དང་། ལྕགས་རིགས་ཀྱི་གོ་མཚོན་རིགས། ཤིང་བརྐོས་ཀྱི་ཅ་དངོས་སྣ་ཚོགས། གསེར་ཟངས་ཀྱི་འདྲ་སྐུ་ལུགས་མ།ས་རྫ། ཐང་ག་དང་། རྒྱན་ཆའི་རིགས་སོགས་བལྟས་ན་མི་ཚར་བ་གདའ།ཁང་ཕུག་ཏུ་གཞི་ཙན་དན་གྱིས་བྱས་པའི་ཀུན་དགའ་ར་བར་ཐའེ་བཟོ་བཀོད་དོད་པའི་གསེར་གྱི་རྒྱ་ཕིབས་ནང་སངས་རྒྱས་ཀྱི་རིང་བསྲེལ་རིན་པོ་ཆེ་ལྷང་ངེར་ལྷན་ནེར་བཞུགས།མཐའ་བཞིར་ལྕགས་ཐག་འཐེན་ཅིང་ལག་པ་འཆང་མི་ཆོག་ཅེས་བྲིས་འདུགདེར་རྒྱ་དཀར་ནག་སེར་གསུམ་གྱི་ལྟད་མོ་བས་པར་རྒྱག་པའམ་བརྙན་ལེན་པ་སོགས་བྱེད་བཞིན་འདུག་མོད། ངས་ནི་སངས་རྒྱས་ཀྱི་རིང་བསྲེལ་མདུན་ནས་ཕྱག་གསུམ་འཚལ་ཏེ་ཤུབ་བུར་གསོལ་བ་ཞིག་བཏབ། 


དེ་ནས་གཡས་སྐོར་དུ་ཁང་མིག་རེ་རེའི་ནང་གི་ལོ་རྒྱུས་ལྡན་པའི་ཅ་དངོས་དག་ལ་ལྟ་བཞིན་ཡོང་། གཡོན་ཟུར་ཞིག་ན་བོད་ཡིག་གི་མ་ཕྱི་རྒྱ་གར་གུབྟའི་ཡི་གེའམ་ཅི་ཞིག་ཡིན་པའི་དཔེ་མཚོན་རེའུ་མིག་ཅིག་གྱང་ངོས་སུ་བཀལ་འདུག་པ་འདྲ་པར་ཞིག་ཀྱང་བླངས་ཏེ་ཡོང་། དེ་མ་ཟད་བོད་ཀྱི་གསེར་སྐུ་དང་། ཐང་ག མཆོད་ཆ་སོགས་མང་ཙམ་མཐོང་། 


དེ་ནས་བོད་པའི་སློབ་ཕྲུག་གསུམ་པོར་བདེ་མོ་བཞག་སྟེ་བོད་སྒར་བསམ་ཡས་གླིང་གི་མགྲོན་ཁང་དུ་ཕྱིར་འབྱོར་དུས་རོགས་པ་ཚོ་མཐོང་སར་མི་འདུགཐང་ཆད་པའི་ཁར་ཁ་སྐོམ་ཞིང་གྲོད་ཁོག་ལྟོགས་པས་རྐྱེན་བྱས་ཏེ་ཉེ་འགྲམ་ཟ་ཁང་ཞིག་གི་དྲི་མ་ཞིམ་པོས་མགྲོན་དུ་བཀུག་སོང་། དགོང་དྲོ་འབྲོང་དར་ལགས་ཀྱིས་ང་ཚོ་བོད་ཟས་གླིང་གི་ཐོག་ཁར་མགྲོན་འབོད་བྱས། ཕྱིར་ཡོང་ནས་ང་ཚོའི་ཐོངས་མཆན་ཞུ་མཁན་ཨ་མདོའི་ཆོས་གྲགས་ལ་གནམ་གླ་དང་བཅས་པ་མི་རེར་ཁྱོན་ཧིན་སྒོར་༣༠༠༠༠ལྷག་སྔ་འདོན་བྱས་པ་རྩིས་བརྒྱབ།


ཕྱི་ཚེས་༢༨ལ་མན་ཇུ་ཀ་ཊི་ལ་དང་། པན་ཇབ་ཁྲོམ་ར། ཀམ་ར་ནཱ་ག་སོགས་སུ་ཉུལ་ནས་ཉི་མ་འཕུལ། ལག་དངུལ་རྣམས་ཨ་སྒོར་ལ་བརྗེས་པས་སྦ་ཁུག་ནི་དབུགས་ཤོར་བའི་ལྒང་ཕུག་ལྟར་ཆགས། དགུན་གོས་ཚུད་པའི་ཅ་ལག་འཐོལ་པ་རྣམས་རྒན་སེང་གེ་ལ་བཅོལ།  ནོར་གཏེར་ཟ་ཁང་དུ་དགོང་ཟས་རྒྱགས་ཚད་ཅིག་ཟོས་རྗེས་ཆུ་ཚོད་༡༡ཐོགཤེར་རྒྱམ་དང་དཀོན་རྒྱམ་Jack ང་ཚོ་མི་བཞི་པོས་གླ་འཁོར་ཞིག་གླས་ཏེ་ལྡི་ལིའི་རྒྱལ་སྤྱིའི་གནམ་ཐང་དུ་ཕྱིན། གནམ་ཐང་གི་འགག་སྒོ་ཕྱི་མར་ང་ཚོའི་ཕྱི་སྐྱོད་ལག་དེབ་ནང་གི་ཐོངས་མཆན་དང་གནམ་གྲུའི་འཛིན་བྱང་བསྟན་ཏེ་ལྟོ་ཕད་རྣམས་རྩིས་སྤྲད། འགག་སྒོ་ནང་མར་དེ་བཞིན་འགྲིམ་འགྲུལ་ཡིག་ཆ་ཁག་ལ་ཞིབ་བཤེར་དང་དྲི་བ་རེ་དྲིས་ཏེ་ཕྱིར་ཐོན་ཐེལ་ཙེ་བརྒྱབ། བཙན་བྱོལ་བོད་མིའི་ཕྱི་སྐྱོད་ལག་དེབ་སེར་པོ་འཆང་མཁན་རྣམས་ལ་རྒྱ་གར་གཙོས་པའི་གནམ་ཐང་ཁག་ནས་དཀའ་ངལ་འཐོལ་པ་རེ་རྒྱུན་མར་འཕྲད། ནམ་གུང་ཆུ་ཚོད་༠༣ཐོག་ཐའེ་རྟགས་ཅན་གྱི་གནམ་གྲུར་བསྡད་དེ་ཆུ་ཚོད་བཞི་མ་ཟིན་ཙམ་འཕུར། གནམ་གྲུའི་ནང་རྐུབ་བཀྱགས་དགུ་རེ་བསྟར་ཞིང་འགྲུལ་བ་བརྒྱ་ཕྲག་བརྒལ་བ་ཤོང་གི་འདུག གནམ་གྲུ་འཕུར་ནས་ཆུ་ཚོད་ཕྱེད་ཀ་ཙམ་ན་མཁའ་འགྲུལ་མ་གཉིས་རེས་བཟའ་བཏུང་འདྲུད་སྒམ་དེད་ནས་ཤ་ཡོད་དམ་ཡང་ན་ཞེས་འདྲི་ཞོར་ཟས་སྡེར་དང་བཏུང་བ་དག་ཕུལ། མི་རེར་རྣ་གཞུག་གསར་པ་རེ་འགྱེད་བརྒྱབ་པས་ངས་དུ་ཚོད་གཉིས་ཙམ་རིང་མདུན་ཐད་ཀྱི་བརྙན་འཕྲིན་ཆུང་ཆུང་ལས་གློག་བརྙན་ལ་བལྟས་ནས་ཡོང་། ཐའེ་མཁའ་འགྲུལ་མ་ཚོའི་ཞབས་ཞུའི་རྣམ་འགྱུར་བཟང་བ་ལ་དཔེ་ཞིག་མི་འདུགཕྱི་ཚེས་༢༩ཞོགས་ཀ་ས་གནས་ཆུ་ཚོད་དགུ་བ་ཡོལ་ཙམ་ན་ཐའེ་རྒྱལ་ས་བྷན་ཀོག་གི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར།


           ཉིན་དང་པོ།


དེབ་དཀར་ལས། “ལར་སྔོན་དུས་ཀྱི་སྲོལ་ལུགས་སོགས་ཇི་འདྲ་ཡིན་བསམ་པའི་ཚེ། རྒྱལ་ཁམས་གཞན་གྱི་ཡི་གེ་བྲིས་པའི་ལོ་རྒྱུས་སོགས་ལ་བལྟ་བ་ཙམ་ལས། རང་གི་མིས་རང་ཡུལ་གྱི་སྲོལ་ལུགས་འདི་འདྲའོ་ཞེས་ཞིབ་ཏུ་བྲིས་པ་ཞིག་ཤིན་ཏུ་རྙེད་དཀའ་བ་འདི་ཡུལ་ཀུན་ལ་འདྲ་བ་ཡིན།” ཞེས་གསུངས་པ་ལྟར་ཡིན་ན་ཟིན་ཐོ་འདི་མ་འོངས་པར་ཐའེ་ལན་ཌུའི་དཔྱད་གཞིའི་ཡིག་ཚགས་ཁྲོད་ཉར་ལས་ཆེ། ཨ་ལ་ཀུ་རེ་ཡིན། གཏམ་ཀུ་རེ་མ་བརྩེས་བཤད་སྲོལ་མེད།། ཟེར་བའི་བོད་ཀྱི་གཏམ་དཔེ་དེ་མ་ཐོས་སམ། ཕྱི་ཚེས་༢༩ཞོགས་པ་ས་གནས་ཆུ་ཚོད་༩ཡོལ་ཙམ་རེད། ང་ཚོ་བྷན་ཀོག་གི་སཱུ་ཝར་ན་བྷུ་མི་Suvarnabhumi international airport, Bangkok ཞེས་པའི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་ཡོད། གནམ་ཐང་གི་ཁང་པ་བཞི་བརྩེགས་ཅན་ཕྱི་ནས་བལྟས་ན་འབྲུག་དཀར་པོ་གཉིས་ཞེང་དུ་དང་། གཅིག་འཕྲེད་དུ་བསྣོལ་ནས་བབས་པ་འདྲ་ཞིང་། ཀླད་ཁེབས་ནི་སྲ་རས་དཀར་པོའམ་ཅི་མཐའ་དམའ་ཞིང་དབུས་མཐོ་བ་གུར་གྱི་རྣམ་པ། ནང་ངོས་སུ་གཞུ་དབྱིབས་ལྟ་བུའི་ལྕགས་ཀྱི་གདུང་ཏལ་མ་ཕྲེང་བསྒྲིགས་ནས་ཕུབ་པ། མཚམས་མཚམས་སུ་རྒྱ་མཐོངས་ཤེལ་གྱི་སྒེའུ་ཁུང་པད་འདབ་ཀྱི་བཟོ་ལྟ་ཅན། དཀྱིལ་དབུས་ཀྱི་ཐོག་ཁར་གསེར་གྱི་མཆོད་སྡོང་དང་། ཤེལ་སྒོའི་གནམ་གཅལ་ཅན་གྱི་ཚོམས་ཆེན་དབུས་མར་སྐུ་མདོག་སྣ་ཚོགས་པའི་ལྷའམ་མི་བུ་དག་གིས་རྒྱ་མཚོ་ལས་གཡུ་འབྲུག་མགོ་བོ་གསུམ་པ་ཞིག་བཟུང་བའི་འདྲ་སྐུ་ཡ་མཚན་ཅན། གཞན་ཡང་།གློག་རྡུལ་རྩིས་འཕྲུལ་དང་། བརྡ་འཕྲིན། གློག་གི་འཁོར་སྐས། བསིལ་ལྷང་ལྷང་གི་གྲང་གློག ཀླུ་ཡི་བང་མཛོད་ལྟ་བུའི་ཁྲོམ་ར་སོགས་གྲ་རྒྱས་ཕུན་སུམ་ཚོགས་ཤིང་། ར་སྐོར་ནང་ལོགས་སུ་མེ་ཏོག་ལྡུམ་ར་བཅས་ལྟ་ན་སྡུག་པ་ཤ་སྟག་གོ། ཉིན་མཚན་ཁོར་མོ་ཡུག་ཏུ་གནམ་གྲུ་འབབ་འཕུར་མཚམས་མི་ཆད་ལ་ཕྱོགས་འགྲུལ་གྱི་འཚང་ཁ་ཆེ་བ་སྨོས་ཅི་དགོས། སྔ་ལོར་བྷན་ཀོག་ཏུ་ཕྱོགས་བཞི་མཚམས་བརྒྱད་ནས་འགྲུལ་བ་བྱེ་བ་གཉིས་དང་ས་ཡ་གཉིས་སླེབས་པས། འཛམ་གླིང་ནང་ལྗོངས་རྒྱུ་བ་ཆེས་མང་ཤོས་སུ་གྱུར་པར་རྒྱུ་མཚན་མེད་པ་ག་ལ་སྟེ། དགུན་གྱི་གྲང་རེག་ཟེར་བ་མིང་ཙམ་ཡང་མ་གྲགས་པ་དང་། བི་ཤྭ་ཀརྨས་པིར་གྱིས་བྲིས་འདྲའི་རྒྱ་མཚོའི་གླིང་ཕྲན། སྐབས་གསུམ་གནས་ནས་བབ་འདྲའི་རང་བྱུང་གི་རྦབ་ཆུ། ལོ་ངོ་སྟོང་ཕྲག་འགོར་བའི་གནའ་ཤུལ། ལྐུགས་པས་ཀ་ར་ཟོས་འདྲའི་བཟའ་བཏུང་གི་བྲོ་བཅུད། ཁུ་ཚུར་གཅིག་གིས་ཕ་རོལ་པོ་རྫོག་པའི་ཐའེ་དྲག་རྩལ། ཟ་འོག་ལ་ཅི་འདོད་དུ་ཕབ་འདྲའི་ཁབ་གཙགས་རི་མོ། ཐང་ཅིག་ལ་རྨི་ལམ་གྱི་ཞིང་དུ་ཁྲིད་པའི་སྐུ་མཉེད། འདོད་པའི་སྒྱུ་རྩལ་རེ་བཞིར་མཁས་པའི་གཟུགས་འཚོང་མ་སོགས་རྒྱང་རིང་གི་མགྲོན་པོ་འགུགས་པའི་ཁབ་ལེན་རྡོ་ལྟར་ཆགས་པ་མ་ཡིན་གྲང་། 


གནམ་ཐང་གི་འགག་སྒོ་ནས་ཕྱིར་འབུད་དུས་འགེངས་ཤོག་རེ་དགང་དགོས་པ་རང་རང་སོ་སོའི་ས་ནས་བཀང་སྟེ། ཕྱི་སྐྱོད་ལག་ཁྱེར་དང་མཉམ་དུ་རྟོག་ཞིབ་པའི་མདུན་དུ་བསྲིང་བ་ན། ཁོ་མོས་ལག་ཁྱེར་དག་གི་ཨང་གྲངས་གློག་ཀླད་ནང་གཏགས་ནས་ཞིབ་འཇུག་གིས་ཐམ་ག་བརྒྱབ་སྟེ། “ཐའེ་ལན་དུ་བྱོན་པ་ལེགས་” ཞེས་མགོ་བོ་དུད་ཅིང་སྙིང་གར་ཐལ་མོ་སྦྱོར་བར་བྱེད། དེར་ནང་པའི་གྲྭ་བཙུན་ཚོར་དམིགས་བསལ་འཛུལ་སྒོ་བཞག་པ་འདིས་སངས་རྒྱས་ཆོས་ལུགས་ལ་ཚད་མཐོའི་བཀུར་བསྟི་གནང་གི་ཡོད་པ་མངོན། དེར་མ་ཟད། ལྡི་ལིའི་སངས་རྒྱས་རིང་བསྲེལ་ལ་གསེར་གྱི་རྒྱ་ཕིབབ་དང་། རྡོར་གདན་གྱི་མཆོད་རྟེན་རིན་པོ་ཆེར་གསེར་སྦྱང་བཙོ་མའི་གཉྫི་ར་སྦྱིན་བདག་གནང་བ་སོགས་ཀྱིས་ཤེས། ཕྱི་རོལ་ཏུ་བུད་དུས་གནམ་ངོ་དྭངས་ཤིང་ཁྲི་གདུགས་ཉི་མའི་ཚ་ཟེར་རྣོ། དྲོད་ཚད་ཏུའུ་སུམ་ཅུ་སོ་གསུམ་ཡས་མས་སུ་ཡོད་པས་ཉིན་གུང་ཚ་གཡོལ་བྱེད་དགོས་པའི་ཚད་དུ་གདའ། 


གནམ་ཐང་དུ་ཨ་སྒོར་གྱི་འཛའ་གོང་མི་བཟང་རུང་གླ་འཁོར་གླ་ཆར་དམིགས་ནས་ཏོག་ཙམ་ཐའེ་དངུལ་བྷཀ་ལ་བརྗེས་ཡོད། སྤྱིར་བཏང་བྷཀ་གཅིག་ལ་ཧིན་སྒོར་༢ལྷག་འབབ། དེ་ནས་ཁང་བརྩེགས་འོག་མར་བབས་ཏེ་གླ་འཁོར་བཙལ་བ་ན། ཡི་གར་འོངས་པ་ཞིག་ལ། གླ་འཁོར་རྣམས་དུས་ཚོད་ཀྱི་གོ་རིམ་ལྟར་འགྲོ་བ་ལས་བར་དུ་འཚངས་ནས་སུན་པོ་བཟོ་མཁན་ནི་སྲིད་མཐའ་ཙམ་དུ་བས། ང་ཚོར་རག་པའི་གླ་འཁོར་ནི་གཡག་མགོ་རྟགས་ཅན་Toyota ཆེ་གྲས་ཤིག་ཡིན་ཅིང་། ཁ་ལོ་བས་དབྱིན་སྐད་འཆལ་ལེ་འཆོལ་ལེ་ཤོད་པས། ང་ཚོའི་མགྲོན་ཁང་གི་ཁ་བྱང་བསྟན་ནས་གོང་ཚད་དྲིས་དུས་རྒྱང་ཚད་གཞལ་ཆས་སྒོ་འབྱེད་ཀྱི་ཡིན་ཟེར། དེ་ཡང་བྷཀ་སུམ་ཅུ་སོ་ལྔ་ནས་འགོ་བཙུགས་ཏེ་བརྩི་བ་ནི་གྲོང་ཁྱེར་དེའི་ནང་འགྲོ་སྟངས་གཅིག་གྱུར་རེད་འདུག བལྟས་ཚོད་ལ་ཡུལ་འདིའི་མི་རྣམས་གཡོ་སྒྱུ་ཆུང་བས་ཡིད་ཆེས་བྱས་ཆོག་པར་མཐོང་། འཕྲུལ་རྟའི་གླ་འཁོར་ཡང་ཡོད་པས་མི་ཁེར་འགྲོ་ཅ་ལག་མེད་མཁན་ཞིག་ཡིན་ན་རིན་གོང་དེ་བདེ། 


གླ་འཁོར་གྱི་སྒེའུ་ཁུང་ལས་མྱུར་འགྲོས་གཞུང་ལམ་ཐོག་འདུར་གྱིན་པའི་རླངས་འཁོར་ཆེ་མ་ཆུང་གསུམ་དང་། རྩེ་མོར་ལྟ་ན་ཞྭ་མོ་ལྷུང་བའི་ཁང་བརྩེགས་རྣམས། གསེར་འོད་ཆེམ་ཆེམ་འཕྲོ་བའི་གནའ་བོའི་ལྷ་ཁང་དང་དགོན་པ་དག་གི་མཆོད་རྟེན་སོགས་མིག་ལམ་དུ་བརྒྱུས་བཞིན་ཆུ་ཚོད་གཅིག་ཙམ་སོང་མཐར་ང་ཚོའི་མགྲོན་ཁང་གི་སྒོ་ཁར་གཡུགས། དྲ་ཐོག་ནས་ཞག་པོ་གཉིས་ལ་མངགས་ཉོ་བྱས་པའི་མགྲོན་ཁང་དེའི་མིང་ལ། Resort M-MRT Huai Khwang, ཅུང་རྒྱས་སྤྲོས་ཅན་ཏེ་སྒོ་ཁྱམས་འདབས་ན་ཁྲུས་རྫིང་གྲ་དག་ཅིག་ཀྱང་འདུག མགྲོན་ཁང་གི་སྣེ་ལེན་པ་མ་ནིང་ཞིག་ཡིན་པ་དང་ང་ཚོའི་དབྱིན་སྐད་ཆག་པོས་གོ་བརྡ་འཕྲོད་ཀྱི་འདུག ལག་ཁྱེར་རྣམས་པར་སློག་བརྒྱབ་ཅིང་དོ་བདག་སོ་སོས་མིང་རྟགས་བཀོད། ཅ་ལག་རྣམས་དེ་གར་བཞག་ནས་འགྲམ་གྱི་ཀོ་རི་ཡའི་འཚིག་ཇ་ཁང་ཞིག་ཆུ་ཚོད་གཉིས་ཙམ་ལ་ངལ་གསོ་བྱས། དེ་ནས་སྲང་ལམ་གྱི་ཟ་ཁང་ཞིག་ཏུ་ཐའེ་ཟ་མ་རེ་ཟོས། དེར་ཤ་འབྲས་དང་། འབྲས་ཕྱེའི་ཐུག་པ་དག་འདུག ཁྲོམ་སྲང་དག་ཏུ་རྒྱ་ཡིག་གི་སྒོ་བྱང་མང་དུ་བཀལ་བར་མ་ཟད་རྒྱ་སྐད་ཉེ་བར་གྲག་ཡོང་བས་ང་ཚོ་རྒྱ་གྲོང་ཞིག་ཏུ་སླེབས་ཡོད་སྣང་ཤར། གློག་སྐུད་ནི་གང་སར་འཛིངས་ནས་འཐེན་པས་གྲོང་ཁྱེར་གྱི་མཛེས་ཉམས་ལ་ཅུང་གནོད་འདུག་དྲན། བག་མེད་ལོངས་སྤྱོད་དུ་བརྩི་བའི་རླངས་འཁོར་དབྱིན་སྒོར་འབུམ་ཕྲག་རི་བ་སྟེ། མཱར་སེ་སྒྲེ་སི་དང་། Mercedes སྦེའུ་ཨེམ་སྒྲ་པུལ་ཡོས།BMW ཨའོ་ཌི། AUDI སོགས་གཞུང་ལམ་ཁག་ཏུ་བརྒྱུད་མར་འཕྲད། གྲོང་ཁྱེར་གྱི་སྲང་ལམ་གྱི་གཡས་གཡོན་དུ་ཞི་མི་རྒྱགས་པ་མང་ཙམ་མཐོང་། རྒྱ་བལ་གྱི་གྲོང་ཁྱེར་ནང་ལྟར་གད་སྙིགས་གང་བྱུང་དུ་གཡུགས་སྲོལ་མི་འདུགཉིན་གུང་རྒྱབ་ཏུ་ང་ཚོ་ཧུའེ་ཧང་Huai Khwang སྲང་ལམ་གྱི་ས་འོག་མེ་འཁོར་འབབ་ཚིགས་ནས་མེ་འཁོར་ལ་བསྡད་དེ་རྒྱ་ནག་གྲོང་སྡེའི་མཐའ་སྐོར་ཐྲ་ལ་ཐྲི་ནོ་ཡི་Talat Noi འཆམ་འཆམ་དུ་ཕྱིན།ས་འོག་མེ་འཁོར་ནང་ཅུང་འཚང་ཁ་ཡོད་ཅིང་མི་ཕལ་ཆེ་བ་ཁ་པར་ནང་ཟུག་ནས་ཡོད་པ་དེང་གི་འཛམ་གླིང་སྤྱི་འགྲོས་རེད། ཆུ་ཚོད་ཕྱེད་ཀ་ཙམ་ན་ས་ཆ་དེ་ལ་སླེབས། དེ་ནི་གནའ་ནས་ཡུལ་སོ་སོའི་རྒྱ་རིགས་འཛོམས་ས་ཞིག་རེད་ཟེར། ང་ཚོར་རྒྱ་ནག་གིས་བག་ཆགས་ངེས་ཅན་བཞག་ཡོད་པའང་ཞར་ལ་རྟོགས།


ཐྲ་ལ་ཐྲི་ནོ་ཡི་ནས་ང་ཚོས་ཨ་སྒོར་གང་འཚམ་བྷཀ་ལ་བརྗེས་ཏེ། ཉེ་འཁོར་གྱི་ཐའེ་དགོན་པ་རྙིང་པ་ཞིག་ཡོད་པར་མཆོད་མཇལ་གྱིས་མཆོད་མེ་ཆ་རེ་ཡང་སྦར། ནུབ་ཁའི་མཚམས་སྤྲིན་མཆོད་རྟེན་གྱི་རྒྱབ་ལྗོངས་སུ་བཀོད་པའི་འདྲ་པར་རེ་བླངས། སྤྱིར་ཐའེ་གྲྭ་བ་དག་གིས་ཕྱི་དྲོའི་ཁ་ཟས་མི་བཞེས་རུང་། སྤྱིར་“ཡུལ་ཆུ་འཐུང་ན་ཡུལ་ཁྲིམས་བརྩི་” དགོས་མོད། ཉིན་དེར་ང་ཚོའི་ཟས་ཐུན་བཞི་པ་སྟེ། དགོང་མོ་ཆུ་ཚོད་༨ཙམ་ལ་ཐའེ་ཟས་ལེའུ་བཅོ་བརྒྱད་ཅན་ཞིག་འཇོལ་ཉོག་ཏུ་སྤྱད། བཛྲ་ས་ཏྭ། མགྲོན་ཁང་རེ་རེའི་ནང་ཁྲུས་ཁང་བཅས་ཆ་རྐྱེན་འཛོམས་རུང་ཁྱམས་རའི་འདབས་སུ་ཁྲུས་རྫིང་ཡོད་པས་ཁྲུས་ཁང་དག་བེད་མེད་དུ་ལུས། ང་ཚོས་ལྕམ་འབྲུ་བརྔོས་མ་དང་། གཏེར་ཆུ།ཝུ་སིབ་ཁུ་ནག་རེ་ཉོས་ནས་ཁྲུས་རྫིང་འགྲམ་གྱི་ཉལ་ཁྲི་འདྲ་བའི་རྐུབ་སྟེགས་ལ་བསྡད་དེ། ངོ་དེབ་དང་། སྐད་འཕྲིན། གཡུ་ཁྲོབ་སོགས་སྔོག་ཞོར་ཁ་བརྡ་གློད་དེ་ནམ་ཕྱེད་རྒྱལ་བའི་དཀྱིལ་འཁོར་ལ་གཏུགས། ད་ལན་ཐོངས་མཆན་ཞུ་བའི་ཆ་རྐྱེན་དུ་ཕར་ཚུར་གཉིས་ཀའི་གནམ་གྲུའི་འཛིན་བྱང་མ་ཉོས་ཀ་མེད་ལས་གཞན། ང་ཚོས་འགྲིམ་འགྲུལ་ལ་དམིགས་བསལ་འཆར་གཞི་ངེས་གཏན་ཞིག་བཟོས་མེད། གང་དུ་སྐྱིད་ན་དེར་ཉིན་ཤས་རེ་འདུག་རྒྱུ་དང་། མ་སྐྱིད་ན་གནས་གཞན་ཞིག་ཏུ་ཆས་ཆོག་ཆོག་ལ་བསམས་པ་ཡིན།གལ་ཏེ་ཞག་པོ་བཅུ་པོའི་མགྲོན་ཁང་མངགས་ཏེ་འཆར་གཞི་ཚང་མ་སྔོན་དུ་བཏིང་ན། རང་ཉིད་ཀྱི་འགྲོ་འདུག་རང་དབང་ལ་ཚད་བཀག་བཟོས་པར་འདོད། དེ་བཞིན་རྒྱ་གར་འགྲིམ་འགྲུལ་ལས་ཁུངས་ཤིག་གི་གོ་སྒྲིག་འོག་སྣེ་ཤན་པར་མགོ་བཏགས་ནས་འགྲོ་བའང་སོ་སོའི་འདོད་པ་ལྟར་ཡོང་དཀའ་བ་ང་ཚོས་ཤེས་ཡོད།


              (མུ་འགོད།)


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།