རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གལ་གནད།

43825


རྩོམ་པ་པོ། རྩིས་ཆེ་ལེགས་མཐོང་།

   རེད་མདའ་བ་གཞོན་ནུ་བློ་གྲོས་ནི་བོད་ཀྱི་མཁས་པ་སྙན་གྲགས་ཅན་ཞིག་ཡིན་ཀྱང་། ཧ་ཅང་སྙན་གྲགས་ཆེ་བ་ཡང་མ་ཡིན་པར་ཁོང་གི་སྐོར་ལ་ཤེས་མཁན་ཕལ་མོ་ཆེས་གང་ཞིག་ཤེས་པ་ནི་ཁོང་ཆོས་བརྒྱུད་ས་སྐྱ་པ་ཡིན་པ་དང་། རྗེ་ཙོང་ཁ་པའི་བླ་མ་གཙོ་བོ་ཞིག་ཡིན་པ་དེ་ཙམ་རེད། དེ་ལས་ལྷག་ཙམ་ཤེས་མཁན་རྣམས་ཀྱིས་ཁོང་དབུ་མ་ཐལ་འགྱུར་བའི་བསྟན་པ་བོད་དུ་སླར་ཡང་བསྐྱར་གསོ་གནང་མཁན་ཡིན་པ་དེ་དང་། ཡང་ཁོང་གིས་དུས་འཁོར་རྒྱུད་ཡང་དག་མ་ཡིན་པར་གསུངས་ནས་བཀག་གནང་བ་དེ་ཤེས་མཁན་ཡང་མི་ཉུང་བ་ཡོད། ཁོང་གི་ཆོས་བརྒྱུད་ས་སྐྱ་པ་ཡིན་ཀྱང་ཁོང་གིས་མཛད་པའི་གསུང་རྩོམ་རྣམས་ས་སྐྱ་པས་དེ་ཙམ་ལྟ་ཀློག་བྱེད་སྲོལ་མེད་ཅིང་། ཁོང་གི་སློབ་མ་གཙོ་བོ་ནི་རྗེ་ཙོང་ཁ་པ་ཡིན་ཀྱང་། རྗེ་ཙོང་ཁ་པའི་རྗེས་འཇུག་རྣམས་ཀྱིས་ཀྱང་རེད་མདའ་བའི་གསུང་ལ་དེ་བས་ཀྱང་ལྟ་སྲོལ་མེད། དེར་བརྟེན་ཁོང་ནི་ས་སྐྱ་དང་དགེ་ལུགས་གཉིས་ཀྱི་བར་དུ་ཡོད་པ་ཞིག་ཡིན་པས་ན་ཕྱོགས་གཉིས་ཀས་བདག་པོ་དེ་ཙམ་མ་བརྒྱབ་པར་བརྟེན་ཁོང་གི་གསུང་རྩོམ་རྣམས་ཀྱང་བདག་མེད་དུ་ལུས་ཏེ་ཉེ་ཆར་གཞི་ནས་པར་སྐྲུན་བྱུང་བར་ཐོས།

   དེར་བརྟེན་ས་སྐྱ་པ་དང་དགེ་ལུགས་པའི་ནང་དུ་ཡང་རེད་མདའ་བའི་སྐོར་ལ་གོ་རྟོགས་ཆ་ཚང་བ་ཡོད་མཁན་ཉུང་ན་ཁོ་བོ་ལྟ་བུ་བཀའ་བརྒྱུད་པའི་ཁོར་ཡུག་ཏུ་འཚར་ལོངས་བྱུང་བ་ཞིག་གིས་རེད་མདའ་བའི་སྐོར་ལ་གོ་རྟོགས་ཚད་ལྡན་ཞིག་ཡོད་པའི་རེ་བ་ནི་དེ་བས་ཆུང་ན་ཡང་། བོད་བརྒྱུད་ནང་བསྟན་སྤྱི་ཡོངས་ཀྱི་ལོ་རྒྱུས་ཐོག་ནས་རེད་མདའ་བའི་གལ་གནད་ཆེ་བས་ན་ངོས་ནས་ཀྱང་ཉེ་ཆར་ཞར་དང་ཞོར་ལ་ཁོང་གི་གསུང་རྩོམ་དང་རྣམ་ཐར་རྣམས་ལ་ལྟ་ཀློག་ཕྲན་བུ་བྱས་པ་ན་དམིགས་བསལ་ཚོར་སྣང་དང་བསམ་ཚུལ་རེ་བྱུང་བས་ཁོང་གི་གལ་གནད་དང་འབྲེལ་བའི་ཐད་ལ་རྩོམ་ཡིག་འདི་འདྲ་ཞིག་འབྲི་འདོད་བྱུང་། དེ་ཡང་ཁོང་གི་སྐོར་ལ་དེ་སྔོན་རྒྱལ་ཕྱི་ནང་གི་མཁས་པ་སུ་ཞིག་གིས་ཞིབ་འཇུག་བྱས་ཡོད་མེད་མི་ཤེས་ཤིང་། ངོས་རང་ལ་ཡང་མཐར་ཕྱིན་པ་ཞིབ་འཇུག་བྱེད་པའི་ཁོམ་པ་མ་བྱུང་བས་འདི་ཉིད་ནི་དཔྱད་རྩོམ་མ་ཡིན་པར་དཔེ་ཀློག་ཟིན་བྲིས་ཙམ་ཡིན་པས། འདིར་ཁོ་བོས་གང་བཤད་པ་རྣམས་ཀྱང་གནས་སྐབས་ཀྱི་ལྟ་ཚུལ་འདོན་པ་ཙམ་ལས་གཏན་གྱི་དམ་བཅའ་བ་གང་ཡང་མེད་དོ།། 

   དེ་ཡང་རེད་མདའ་བ་ནི་དུས་རབས་བཅུ་བཞི་པའི་ནང་དུ་བྱོན་ཅིང་། འཁྲུངས་ཡུལ་གཙང་ནས་ཡིན་པ་ལ། ཆུང་དུས་ནས་སྙིང་སྟོབས་དང་རྣམ་དཔྱོད་གཉིས་ཀ་ཆེ་བས་ན་བློ་བོ་ཆེ་འབོད་སྲོལ་ཡོད་པར་བཤད། ཁོང་གི་བླ་མ་གཙོ་བོ་བསྟེན་པ་ནི་ཁོང་རང་ཉིད་ཀྱི་ཞལ་ནས། སྐྱེ་དགུའི་གཙུག་རྒྱན་ཆོས་རྗེ་བསོད་རྒྱལ་དང་།། རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ།། མ་ཏི་པཎ་ཆེན་ལོ་ཆེན་བྱང་རྩེ་དང་།། མཁས་པའི་དབང་པོ་ཉ་དབོན་ཀུན་དགའ་སོགས།། བཀའ་དྲིན་ནོད་པའི་བླ་མ་བཅུ་ཕྲག་གཉིས།། ཡུན་རིང་འབད་མེད་གུས་པའི་གུས་པའི་གཙུག་གིས་བསྟེན།། ཞེས་གསུངས་པ་ལྟར་ས་སྐྱའི་ཁྲི་འཛིན་བཅུ་གསུམ་པ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་། རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་ཞེས་པ་ནི་ས་སྐྱ་པའི་གྲུབ་ཐོབ་སྙན་གྲགས་ཆེ་ཤོས་ཤིག་སྟེ། དཔྱོད་ལྡན་མང་པོས་བྱང་ཆུབ་སེམས་དཔའ་དངོས་ལ་ངོས་འཛིན་པ་དེ་ཉིད་ཡིན་པས། རེད་མདའ་བའི་རྣམ་ཐར་ནང་དུ་ཐོགས་མེད་བཟང་པོའི་མཚན་ཐོས་པ་ཙམ་གྱིས་སྤྱན་ཆབ་ཤོར་བའི་དད་པ་འཁྲུངས་ཚུལ་འཁོད་ཡོད། གཞན་ཡང་ས་བཟང་མ་ཏི་པཎ་ཆེན་ཞེས་པ་དང་། ལོ་ཆེན་བྱང་རྩེ་ཞེས་པ་དེ་དག་ཐམས་ཅད་དུས་སྐབས་དེའི་སྙན་གྲགས་ཆེ་ཤོས་ཀྱི་མཁས་པ་རྣམས་ཡིན་པ་རེད། 

   རེད་མདའ་བ་རང་གི་རྣམ་ཐར་དུ་ཁོང་ཐོག་མར་བུ་སྟོན་རིན་པོ་ཆེའི་གྲུབ་མཐའ་ལ་མོས་པོ་ཡོད་ཀྱང་གྲོགས་མཆེད་སོགས་ཀྱི་རྐྱེན་པས་དོལ་པོ་པའི་གྲུབ་མཐའ་སྦྱོང་དགོས་བྱུང་ཚུལ་གསལ་བ་ལྟར་རེད་མདའ་བས་ཐོག་མར་ཉ་དབོན་ཀུན་དགའ་དཔལ་སོགས་ཇོ་ནང་གི་ཆོས་བརྒྱུད་འཛིན་པའི་བླ་མ་རྣམས་བསྟེན་ནས་དུས་འཁོར་གྱི་རྒྱུད་དང་། གཞན་སྟོང་གི་ལྟ་གྲུབ་སོགས་ལ་སྦྱངས་པ་མཛད་ན་ཡང་། རེད་མདའ་བ་རང་ཉིད་ཀྱི་རྣམ་ཐར་དུ་གསལ་བ་དང་ཡོངས་སུ་གྲགས་པ་ཞིག་སྟེ། ཁོང་གིས་ཐོག་མར་ཇོ་ནང་པའི་གྲུབ་མཐའ་འདི་གཏིང་ཚུགས་པ་ཞིག་བྱ་དགོས་དགོངས་ནས་ཇོ་ནང་པས་ཁུངས་བཅོལ་བའི་མདོ་རྒྱུད་བསྟན་བཅོས་རྣམས་ལ་གཟིགས་རྟོག་ཚར་གསུམ་མཛད་པས། དང་པོ་ལ་ཇོ་ནང་པའི་གྲུབ་མཐའ་མདོ་རྒྱུད་བསྟན་བཅོས་འདི་དག་གི་དགོངས་པ་ཡིན་ངེས་པར་འདུག་དགོངས་པ་བྱུང་། གཉིས་པ་ལ་ཡིན་མིན་ཐེ་ཚོམ་ཟ་བ་ཞིག་བྱུང་། གསུམ་པ་ལ་དགོངས་པ་ལས་ཕྱིན་ཅི་ལོག་ཏུ་གོ་བ་གཅིག་བྱུང་ཞེས་གསུངས་པར་གྲགས།

   དེ་ལྟར་ཁོང་གིས་ཇོ་ནང་གི་གྲུབ་མཐའ་ཕྱིན་ཅི་ལོག་པ་ཡིན་པར་དགོངས་རྗེས་ཐོག་མར་དེའི་སྐོར་ལ་རང་ཉིད་ཀྱི་སློབ་དཔོན་སངས་རྒྱས་འཕེལ་ལ་ཞུས་པས་ཁོང་གིས་དེ་ནི་ཁྱོད་རང་མཁས་དྲགས་པས་རེད་ཅེས་གསུངས་ཤིང་། དེ་ནས་རེད་མདའ་བས་ཉ་དབོན་ཀུན་དགའ་དཔལ་ནི་ཐུགས་རབ་ཆེ་བས་ཁོང་ལ་ལུང་རིགས་ཀྱི་དགག་སྒྲུབ་བྱས་ཏེ་ཁོང་པ་འགྱུར་ན་ཆུ་འོལ་ཁ་ནས་འགྱུར་ནས་ཇོ་ནང་པ་ཐམས་ཅད་འགྱུར་བ་ཞིག་འོང་བར་འདུག་དགོངས་ནས་རང་ཉིད་ཀྱི་སློབ་དཔོན་ཉ་དབོན་ཀུན་དགའ་དཔལ་མཇལ་དུ་ཕེབས་ཀྱང་། དེའི་སྐོར་ལ་ཉ་དབོན་ཀུན་དགའ་དཔལ་གྱིས་སྔོན་ཚུད་ནས་དགོངས་ཀྱི་ཡོད་པས་ན་རེད་མདའ་བ་མཇལ་དུ་ཡོང་བར་ཉ་དབོན་ཀུན་དགའ་དཔལ་གྱིས་ཐུགས་མི་མཉེས་པའི་རྣམ་འགྱུར་མང་དུ་བསྟན་མཛད་པས་རེད་མདའ་བས་ཀྱང་བྱ་ཐབས་མེད་པར་དགོངས་ནས་སྤྲིངས་ཡིག་ནོར་བུ་ཕྲེང་བ་ཞེས་པ་དེ་མཛད་ནས་སྤེལ་བས། རེད་མདའ་བའི་རྣམ་ཐར་དུ་གསལ་བ་ལྟར་ན་སྐབས་དེར་ཇོ་ནང་པ་འགའ་ཤས་ཀྱིས་རེད་མདའ་བ་ལ་དངོས་སུ་བརྩད་ཅིང་། འགའ་ཤས་ནི་དངོས་སུ་དཀྲོང་དུ་སླེབས་ཚུལ་བཅས་གསལ། 

   ཡང་རེད་མདའ་བས་དུས་འཁོར་རྒྱུད་རྣམ་དག་མ་ཡིན་གསུངས་ནས་བཀག་པ་ལ། དེ་ལ་དངོས་སུ་མདུན་དུ་ཐོན་ནས་རྩོད་པ་བྱེད་མཁན་ནི་ཀརྨ་དཀོན་གཞོན་ཞེས་པ་ཀརྨ་བཀའ་བརྒྱུད་ཀྱི་མཁས་པ་གྲགས་ཅན་དེ་ལས་ཆེར་མ་ཐོན་པར་གྲགས། འོན་ཀྱང་རེད་མདའ་བའི་རྣམ་ཐར་རྒྱས་བསྡུས་གཉིས་ཡོད་པའི་ནང་དུ་རེད་མདའ་བས་ཀརྨ་དཀོན་གཞོན་ཚར་བཅད་པ་ལྟ་བུར་གསུངས་ན་ཡང་། ལོ་རྒྱུས་འགའ་ཤས་ལྟར་ན་ཀརྨ་དཀོན་གཞོན་གྱིས་ཕར་རེད་མདའ་བ་ཚར་བཅད་པར་གསལ་བས་ན་ཡང་སྙིང་གང་དེ་བདེན་པ་ཡིན་མིན་ནི་བཤད་དཀའ་ཞིང་། གཅིག་བྱས་ན་རྒྱལ་ཕམ་གསལ་པོ་བྱུང་མེད་ཀྱང་སྲིད། རེད་མདའ་བས་དུས་འཁོར་བཀག་པ་ནི་སྙན་གྲགས་ཆེ་ན་ཡང་ཁོང་གིས་དུས་འཁོར་ལ་ཡོད་པའི་དགོངས་ཚུལ་དངོས་ནི་དུས་འཁོར་ལ་ཕྱི་རོལ་པའི་ཆོས་ཀྱང་ཡོད་པ་དང་། ནང་པའི་གསང་སྔགས་ཀྱི་ལེགས་བཤད་ཀྱང་མང་པོ་ཞིག་ཡོད་པར་བཞེད་པས་ཁོང་གིས་དུས་འཁོར་གྱི་རྒྱུད་དང་འགྲེལ་པ་རྣམས་ཧྲིལ་གྱིས་འདོར་བ་དང་ཧྲིལ་གྱིས་ལེན་པ་གཉིས་ཀ་མིན་པར་སྙིགས་དོར་བཅུད་ལེན་བྱེད་དགོས་པར་གསུངས་པ་ཞིག་ཡིན་ཚུལ་ཁོང་གི་རྣམ་ཐར་དང་གསུང་རྩོམ་རྣམས་སུ་གསལ། 

   རེད་མདའ་བས་དབུ་མ་ཐལ་འགྱུར་བའི་གྲུབ་མཐའ་བསྐྱར་གསོ་གནང་བ་ནི་རྩོད་མེད་ཡོངས་གྲགས་ལྟ་བུ་ཡིན་པས་རེད་མདའ་བའི་ཁ་གཏད་གཙོ་བོ་སྟེ་ཀརྨ་དཀོན་གཞོན་གྱིས་ཀྱང་དེང་སང་གངས་རིའི་ཁྲོད་ན་ཁ་དབུ་མ་དང་སྣ་དབུ་མ་ཟེར་བ་ནི་རེད་མདའ་བ་ལ་བརྟེན་ནས་ཡིན། དེའི་གོང་དུ་ཐང་སག་ན་དབུ་མ་ཤི་བའི་རོ་གཅིག་ལས་མེད་ཅེས་གསུངས་པར་གྲགས་པ་དེ་ཉིད་རེད་མདའ་བའི་རྣམ་ཐར་ལ་ཡང་བཀོད་ཡོད་ཅིང་། ཆོས་བྱུང་གཞན་གྱི་ནང་དུ་ཡང་ཀརྨ་དཀོན་གཞོན་གྱི་ཚིག་འདི་ཉིད་ནི་རེད་མདའ་བ་དབུ་མའི་བསྟན་པ་བསྐྱར་གསོ་གནང་མཁན་གཙོ་བོ་ཡིན་པའི་སྒྲུབ་བྱེད་དུ་འདྲེན་སྲོལ་ཡོད། དུས་སྐབས་དེར་དབུ་མ་ཐལ་འགྱུར་བའི་གྲུབ་མཐའ་དེ་ཙམ་ཉམས་དགོས་པའི་རྒྱུ་མཚན་ནི་ཕྱོགས་གཅིག་ནས་ཀརྨ་པ་རང་བྱུང་རྡོ་རྗེ་དང་དོལ་པོ་པ་ཤེས་རབ་རྒྱལ་མཚན་སོགས་ཀྱིས་གཞན་སྟོང་གི་ལྟ་བ་སྤེལ་བ་དང་། ཕྱོགས་གཅིག་ནས་བུ་སྟོན་ཐམས་ཅད་མཁྱེན་པ་སོགས་ཀྱིས་ཐལ་རང་གི་ཁྱད་པར་དེ་ཙམ་མ་ཕྱེས་པར་གསུངས་ཤིང་། གཞན་ཡོངས་གྲགས་ཀྱི་མཁས་པ་གཡག་ཕྲུག་སངས་རྒྱས་དཔལ་སོགས་ཕལ་མོ་ཆེས་ཀྱང་གཙོ་བོ་ལེགས་ལྡན་འབྱེད་དང་ཞི་བ་འཚོ་སོགས་རང་རྒྱུད་པའི་གཞུང་རྣམས་གཙོ་བོ་འཆད་ཉན་གནང་བས་ཡིན་པར་མངོན།

   འོན་ཀྱང་མཁས་གྲུབ་རྗེས་ཙོང་ཁ་པའི་རྣམ་ཐར་དད་པའི་འཇུག་ངོགས་ལས། “མདོར་ན་དེའི་ཚེ་ཁོང་དཔོན་སློབ་ལ་རིགས་ཚོགས་རྣམས་ཀྱི་བཤད་པ་ལྟ་ཞོག ལུང་ལེན་པའི་ཡུལ་ཡང་དཀའ་བར་བྱུང་འདུག་གོ།” ཞེས་གསུངས་པ་ནི་ཅུང་ཐལ་དྲགས་པ་མིན་ནམ་སྙམ་སྟེ། དེའི་སྔོན་ཙམ་དུ་བྱོན་པའི་བླ་མ་མང་པོའི་རྣམ་ཐར་གྱི་ནང་དུ་དབུ་མ་རིགས་ཚོགས་རྣམས་དང་། དབུ་མ་འཇུག་པ་སོགས་གསན་ཚུལ་འབྱུང་བས་སོ།། དེ་ལྟར་ན་ཡང་དབུ་མ་ཐལ་འགྱུར་བའི་བསྟན་པ་སྤེལ་མཁན་སྙན་གྲགས་ཅན་དེ་ཙམ་མེད་པ་ནི་བདེན་ཏེ། དབུ་མའི་བླ་བརྒྱུད་དུ་བཞུགས་ཤིང་དུས་སྐབས་དེའི་ཡས་མས་སུ་བྱོན་པའི་བླ་མ་རྣམས་མཚན་ཙམ་ལས་ལོ་རྒྱུས་ཡོངས་གྲགས་ཡོད་པ་ཧ་ཅང་ཉུང་བས་སོ།། འོ་ན་དབུ་མ་ཐལ་འགྱུར་བ་ཧ་ཅང་ཉམས་པའི་དུས་སྐབས་དེར་རེད་མདའ་བས་རྒྱུ་མཚན་ཅི་ཞིག་གིས་དབུ་མ་ཐལ་འགྱུར་བ་ལ་སྤྲོ་བ་ཆེན་པོ་དེ་འདྲ་ཞིག་གནང་བ་ཡིན་ནམ་སྙམ་ན་དེའི་ལན་ནི་རེད་མདའ་བའི་རྣམ་ཐར་མགོ་ནས་མཇུག་བར་ཀློག་ན་ཡང་མཐོང་ཐུབ་པ་ཞིག་མིན་པར་སྣང་བས་རེ་ཞིག་ཁོ་བོས་ནི་བཤད་ཐབས་བྲལ། སློབ་དཔོན་ཀླུ་སྒྲུབ་ཀྱི་དགོངས་པ་ཡང་དག་པ་མ་རྟོགས་པར་ཐར་པ་མེད་པར་ཟླ་གྲགས་ཀྱིས་གསུངས་ཤིང་། དེ་རྟོགས་མཁན་ཟླ་གྲགས་ཡིན་པ་ཟླ་གྲགས་རང་ཉིད་ཀྱིས་གསུངས་པའི་རྒྱུ་མཚན་གྱིས་ཡིན་པ་ལྟ་བུར་སྣང་ན་ཡང་དེ་འདྲ་ཡིན་དཀའ། 

    གང་ལྟར་ཡང་རེད་མདའ་བས་རང་ཉིད་ལ་དབུ་མའི་སློབ་དཔོན་དམིགས་བསལ་མེད་པ་ལ་ཐུགས་ཕམ་མེད་པར་སྤོབས་པ་ཡོད་པ་ནི་རེད་མདའ་བའི་རྣམ་ཐར་ལས། “བུ་ལེར་བླ་མ་རྒྱལ་བཟང་པས། མཁན་ཆེན་གཡག་པའི་གསུངས་ནས། སློབ་དཔོན་གཞོན་ནུ་བློ་བའི་དབུ་མ་ལའང་རྒྱུད་པའི་བླ་མ་མེད། ང་ཡང་སློབ་དཔོན་མེད་རུང་སྟོན་གསུངས་པ་དང་། ལ་ལ་ན་རེ་ཟླ་གྲགས་ཀྱི་སྐུའི་སྐྱེ་བ་ཡིན། ལ་ལ་ན་རེ་ཟླ་གྲགས་ལ་དངོས་སུ་ཆོས་གསན་ཟེར་བ་གང་ལགས་ཞུས་པས། དབུ་མའི་ཚིག་གི་རྒྱུད་པ་ནི་ཡོད། དོན་གྱི་རྒྱུད་པ་ཡོང་པ་དཀའ་མོར་འདུག དཔལ་ལྡན་ཟླ་བ་གྲགས་པའི་སྐྱེ་བ་མིན་པར་ཐག་ཆོད།” ཅེས་གསུངས་ཚུལ་འབྱུང་བ་ལྟར་རོ། དེས་ན་རྒྱ་བོད་གཉིས་ཀར་གསར་གཏོད་དང་ཡར་རྒྱས་ལས་ཀྱང་བརྒྱུད་པ་གལ་ཆེན་དུ་འཛིན་པའི་སྤྱི་ཚོགས་སུ་བརྒྱུད་པ་ཞིག་ཡོང་ཐབས་སུ་བླ་མ་འགའ་ཤས་ཀྱིས་གཏེར་ནས་བཏོན་པ་དང་། འགའ་ཤས་ཀྱིས་དག་སྣང་དུ་ཞུས་པ་དང་། འགའ་ཤས་ཀྱིས་རྨི་ལམ་གཟིགས་ནས་ཞུས་ཚུལ་སོགས་གཏམ་རྒྱུད་རེ་སྨྲ་བ་ལ། བོད་ལ་སྔགས་ཀྱི་ཆ་ནས་བརྒྱུད་པ་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག་གསུང་མཁན་ནི་ཀརྨ་པཀྵི་ཙམ་དང་། མདོ་ཡི་ཆ་ནས་ཚིག་གི་བརྒྱུད་པ་ཡོད་ཀྱང་དོན་གྱི་བརྒྱུད་པ་མེད་པར་གསུང་མཁན་ནི་རེད་མདའ་བ་ཙམ་ལས་དཀོན་ཚོད་དུ་སྣང་། 

    རེད་མདའ་བའི་སློབ་མའི་གཙོ་བོ་ནི་རེད་མདའ་བ་རང་ཉིད་ཀྱིས་དྲིས་ལན་ཞིག་ལས། “འཆད་ཉན་བྱས་པའི་སློབ་མ་ཇི་ཙམ་ཡོད་པ་ནི། ཀུན་མཁྱེན་ཤེར་འོད་བློ་བཟང་གྲགས་པ་སོགས།། གཞུང་ལུགས་རབ་འབྱམས་ཤེས་པའི་བཤེེས་གཉེན་བདུན།།” ཞེས་སོགས་གསུངས་ན་ཡང་ཕྱིས་སུ་ཡོངས་སུ་གྲགས་པ་ནི་རི་བོ་དགེ་ལྡན་པའི་ཡབ་སྲས་གསུམ་ཞེས་གྲགས་པ་སྟེ། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ། རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང་རྣམས་སོ། རྒྱལ་ཚབ་དར་མ་རིན་ཆེན་ནི་རྗེ་ཙོང་ཁ་པ་དང་སྔར་ཆོས་གྲོགས་ཡིན་པ་ལ་ཕྱིས་སུ་རྩོད་པ་བྱེད་དུ་ཕེབས་ཀྱང་ཙོང་ཁ་པའི་ལེགས་བཤད་ཀྱིས་ཐུགས་ཡིད་འཕྲོགས་ཏེ་ཙོང་ཁ་པའི་སློབ་མར་གྱུར་པ་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་ནི་རེད་མདའ་བ་རང་ཉིད་ཀྱིས་སློབ་སྟོན་གནང་བ་བཞིན་རྗེ་ཙོང་ཁ་པའི་སློབ་མར་གྱུར་པ་ཞིག་གོ། མཁས་གྲུབ་རྗེས་རེད་མདའ་བ་ལ་ཅི་ཙམ་གུས་བཀུར་ཡོད་པ་ནི་མཁས་གྲུབ་རྗེའི་དྲིས་ལན་ཞིག་ལས། “མདོར་ན་ཐེག་ཆེན་ལ་བློ་ཁ་ཕྱོགས་པ་དང་། གསུང་རབ་ཀྱི་དོན་ལ་བློ་གྲོས་ཀྱི་འཇུག་པ་ཅུང་ཟད་རྒྱས་པ་བླ་མ་འདིའི་དྲིན་ཁོ་ན་ཡིན་ནོ།། རྒྱུ་མཚན་དུ་མས་བཀའ་དྲིན་ཆེའོ།།” ཞེས་གསུངས་པ་ལས་མཐོང་ཐུབ། 

   གསུམ་པོ་ལས་ཀྱང་གལ་ཆེ་ཤོས་ནི་རྗེ་ཙོང་ཁ་པ་ཡིན་པ་བཤད་མ་དགོས་པ་ལ། རྗེ་ཙོང་ཁ་པས་རེད་མདའ་བ་ལ་ཐུག་པའི་རྒྱུ་རྐྱེན་ནི་གོ་བདེ་བོའི་ཐོག་ནས་བཤད་ན་རྗེ་ཙོང་ཁ་པ་ལ་མངོན་པ་མཛོད་ཀྱི་སློབ་དཔོན་ཡག་པོ་མ་ཐོབ་པའི་དཀའ་ངལ་འཕྲད་པས་ཡིན་པ་རེད། དེ་ཡང་དད་པའི་འཇུག་ངོགས་སོགས་ཙོང་ཁ་པའི་རྣམ་ཐར་རྣམས་སུ་གསལ་བ་ལྟར་རྗེ་ཙོང་ཁ་པས་སྣར་ཐང་གི་མཁས་པ་ལོ་ཙཱ་བ་དོན་བཟང་པ་ལ་མངོན་པ་མཛོད་ཞུས་ཀྱང་འདོད་པ་ཚིམས་པ་ཞིག་མ་བྱུང་ཞིང་། སྣར་ཐང་ན་ཉ་དབོན་ཀུན་དགའ་དཔལ་གྱིས་མཛད་པའི་ཕར་ཕྱིན་གྱི་འགྲེལ་པ་ཞིག་གཟིགས་པ་ལ། དེའི་ནང་དུ་མཛོད་ཀྱི་གནད་འགག་འགའ་ཞིག་གསལ་པོ་ཡོད་པ་དེས་ཉ་དབོན་ཀུན་དགའ་དཔལ་གྱི་དྲུང་དུ་མངོན་པ་མཛོད་ཞུ་བར་ཕེབས་པ་ལ། ཉ་དབོན་ཀུན་དགའ་དཔལ་གྱིས་ངས་དེ་སྔོན་མཛོད་ཡག་པོ་ཤེས་ཏེ་ཞུ་མཁན་མ་བྱུང་བས་ད་ནི་ཁྲིད་དགོས་ན་བསྐྱར་དུ་ལྟ་དགོསཤིང་། གཟུགས་པོ་ཡང་བདེ་བོ་མེད། ཕར་ཕྱིན་དང་ཚད་མ་ཡང་ཁྲིད་དགོས་པ་དེས་ཁོམ་པ་ཡང་མེད། དེ་ལས་ངའི་སློབ་མ་རེད་མདའ་བ་དེ་མངོན་པ་ལ་ཧ་ཅང་མཁས་པས་དེའི་སར་སོང་གསུངས་ནས་ལམ་སྟོན་གནང་བ་དེས་རྗེ་ཙོང་ཁ་པས་རེད་མདའ་བ་གཞོན་ནུ་བློ་གྲོས་དང་མཇལ་འཕྲད་བྱུང་། དེ་ནས་རེད་མདའ་བས་ཙོང་ཁ་པ་ལ་མངོན་པ་མཛོད་ཁྲིད་པ་ན་རེད་མདའ་བས་ཁྱེད་ལ་མཛུབ་ཁྲིད་བྱེད་པ་ལ་རིག་པ་བསྒྲིམ་དགོས་པར་འདུག་ཅེས་གསུངས་མྱོང་བར་གྲགས།

   རེད་མདའ་བའི་མཁྱེན་དཔྱོད་ཀྱིས་ཙོང་ཁ་པའི་ཐུགས་ཡིད་ཀྱང་འཕྲོགས་ནས་ཙོང་ཁ་པས་མངོན་པ་མཛོད་གསན་རྗེས་དབུ་མ་དང་ཚད་མ་སོགས་ཆོས་གཞན་ཡང་མང་པོ་གསན་པས་དད་པའི་འཇུག་ངོགས་ལས། “རྗེ་རིན་པོ་ཆེ་འདི་ཉིད་ཀྱིས་ཀྱང་རྒྱལ་བའི་གསུང་རབ་ཀྱི་དྲང་ངེས་རྣམ་པར་འབྱེད་པའི་ཤིང་རྟ་ཆེན་པོ་དག་གི་ལམ་སྲོལ། དབུ་ཚད་ཀྱི་རིགས་པའི་སྒོ་དང་པོར་རྗེ་བཙུན་འདི་ཉིད་ལས་རྙེད་པས། དེའི་ཕྱིར་འགྲན་ཟླ་མེད་པའི་བླ་མ་གཙོ་བོར་མཛད་པ་ཡིན་ནོ།།” ཞེས་གསུངས། ཚིག་འདི་ཉིད་ལ་ཐད་ཀར་བལྟས་ན་ཙོང་ཁ་པ་ལ་དབུ་མ་དང་ཚད་མའི་གཞུང་སློབ་མཁན་གཙོ་བོ་རེད་མདའ་བ་ཡིན་པས་རེད་མདའ་བ་ཙོང་ཁ་པའི་བླ་མ་གཙོ་བོ་ཞིག་ཏུ་གྱུར་པ་ལྟ་བུ་གོ་བས་བོད་ལུགས་རྣམ་ཐར་གྱི་འགྲོས་སྤྱིར་བཏང་བ་ལྟར་ན་དེ་ཙམ་ལ་ངོ་མཚར་རྒྱུ་མེད་ན་ཡང་། དད་པའི་འཇུག་ངོགས་ལས་འབྱུང་བའི་ཚིག་དེ་ཉིད་དེང་སང་གི་བཤད་སྟངས་ལྟར་བཤད་ན་རེད་མདའ་བ་ནི་རྗེ་ཙོང་ཁ་པའི་རྣམ་དཔྱོད་ཀྱི་བློ་སྒོ་འབྱེད་མཁན་གཙོ་བོ་དེ་ཡིན་པས་ན་བླ་མའི་གཙོ་བོར་གྱུར་པ་ཞིག་རེད། ཆོས་ལུགས་ཀྱི་སྲོལ་རྒྱུན་ལྟར་ན་སློབ་མས་འགྲུབ་དགོས་པའི་བྱ་བ་ནི་བླ་མའི་དགོངས་པ་རྟོགས་དགོས་རྒྱུ་ཡིན་པ་ལས། རང་སྟོབས་ཀྱིས་བརྟག་དཔྱད་གཏོང་བ་སོགས་མིན་ན་ཡང་། རེད་མདའ་བས་རྗེ་ཙོང་ཁ་པ་ལ་དཔེ་ཆ་མང་ཙམ་ལྟ་གསུངས་པའི་ཚབ་ལ་དཔྱད་པ་ཡང་ནས་ཡང་དུ་གྱིས་གསུངས་ཟེར་ནས་ལམ་སྟོན་གནང་ཡོད། 

   རེད་མདའ་བ་རང་ཉིད་ཀྱང་ཁོར་ཡུག་སོགས་ཀྱི་གཞན་དབང་དུ་མ་གྱུར་པར་རང་སྟོབས་ཀྱིས་དཔྱད་པ་ཡང་ཡང་མཛད་པའི་བརྒྱུད་རིམ་ལས་འཚར་ལོངས་བྱུང་བ་ཞིག་ཡིན་པས་ན་ཐོག་མར་ཁོང་གིས་ཇོ་ནང་གི་ཆོས་བརྒྱུད་ལ་ཐོས་བསམ་གནང་ཡང་དེ་ལ་དགག་པ་མཛད་ཅིང་། དུས་སྐབས་དེར་དབུ་མ་ཐལ་འགྱུར་བ་ཉམས་རྒུད་ཆེ་ན་ཡང་ཁོང་གིས་གྲུབ་མཐའ་དེ་ཉིད་ལ་སྤྲོ་བ་ཞུགས་ཤིང་། དེ་ཡང་རང་སྟོབས་ཀྱིས་དཔྱད་པ་ཡང་ཡང་མཛད་པས་ན་ཁོང་གིས་རྗེ་ཙོང་ཁ་པ་ལ་གནང་བའི་ཕྱག་བྲིས་ཤིག་ལས། “ཁོ་བོ་ལ་དབུ་མའི་རྟོགས་པ་སྐྱེ་ཚུལ་རིམ་པ་བཞི་བྱུང་སྟེ། འདི་ལྟར་དང་པོ་ཆད་སྟོང་། གཉིས་པ་སྣང་སྟོང་། གསུམ་པ་རྟེན་འབྲེལ་སྒྱུ་མར་གོ་བ། བཞི་པ་རྟེན་འབྲེལ་བཏགས་ཡོད་གཞི་མེད་དུ་གོ་བའོ།།” ཞེས་གསུངས་པ་ལ་འདི་འདྲ་ནི་ཤེས་རབ་ཀྱིས་ཡང་ནས་ཡང་དུ་མི་དཔྱོད་མཁན་ལ་ཡོང་མི་སྲིད་པ་ལྟ་བུ་རེད། དེར་བརྟེན་རྗེ་ཙོང་ཁ་པས་རེད་མདའ་བ་ལ་བསྟོད་པ་མཛད་པ་ལས། ལུང་ཙམ་སྐྱབས་སུ་གྱུར་པའི་སྐྱེ་བོ་འདིས།། རང་གི་ཁས་འཆེ་ཙམ་ལ་རིགས་པ་ཞེས།། རྣམ་པར་ཞེན་ནས་ཐུབ་པའི་ལུགས་འཛིན་པ།། མཐོང་བར་གྱུར་ཚེ་ཁྱོད་ཉིད་ལྷག་པར་དྲན།། ཞེས་གསུངས་ནས་བསྔགས་བརྗོད་མཛད་ཡོད།

   རྗེ་ཙོང་ཁ་པ་ལ་ལྷན་སྐྱེས་ཀྱི་རྣམ་དཔྱོད་གཞན་དང་མི་འདྲ་བ་ཞིག་ཡོད་པ་ནི་ཆེས་མངོན་གསལ་ཡིན་པས་ཞིབ་ཏུ་བཤད་མ་དགོས་ཀྱང་། ཡང་ནས་ཡང་དུ་བརྟགས་ཤིང་དཔྱོད་པའི་མན་ངག་ནི་རེད་མདའ་བའི་ས་ནས་ཐོབ་པ་ལྟ་བུས་རྗེ་ཙོང་ཁ་པས་མདོ་སྔགས་ཀྱི་དཀའ་གནད་གང་ལ་ཡིན་ཀྱང་ལོ་མང་པོའི་རིང་བརྟགས་དཔྱད་མཛད་ཅིང་། ལོ་མང་པོའི་རིང་དཔེ་ཀློག་གནང་། ལོ་མང་པོའི་རིང་ཡི་དམ་གྱི་ལྷ་ལ་གསོལ་བ་དང་སྨོན་ལམ་བཏབ་མཛད་ཅིང་། དེ་ནས་དཔྱད་པ་རྫོགས་ཏེ་གཏིང་ཚུགས་པའི་གདེངས་ཚོད་རྙེད་ན་ཡང་ད་དུང་ལོ་མི་ཉུང་བའི་རིང་གསང་བ་གནང་རྗེས་ད་གཟོད་ཡིག་ཐོག་ཏུ་ཕབ་ནས་བསྟན་བཅོས་མཛད་པ་ལ། དེ་ནི་དེང་དུས་ཀྱི་ཕྱི་རྒྱལ་ཉམས་ཞིབ་པ་རྣམས་ལྟར་སྦྱོང་བ་དང་རྩོམ་པ་དུས་མཉམ་པ་དེ་འདྲ་ཡང་མ་ཡིན་ཅིང་། བོད་ཀྱི་མཁས་པ་རྣམས་ལྟར་གཞི་བཅོལ་སའི་ཡིག་ཆ་གཞན་ཞིག་ཐོབ་ན་དེ་གཞིར་བཞག་ལ་རྒྱས་བསྡུས་ཕྲན་བུ་ཡོད་པ་མཛད་མཁན་དེ་འདྲ་ཡང་མིན་པར་རྗེ་ཙོང་ཁ་པའི་གསུང་རྩོམ་ཕལ་མོ་ཆེ་ཞིབ་འཇུག་རང་བཞིན་གྱི་དཔྱད་རྩོམ་རྐྱང་རེད་ཅེས་བཤད་ན་ཡང་འོས་ཤིང་འཚམས་པ་རེད། དེ་ལ་གལ་སྲིད་རེད་མདའ་བ་མེད་ན་རྗེ་ཙོང་ཁ་པས་དེ་ཙམ་དཔྱད་པ་གནང་མིན་བཤད་དཀའ་ལ། གལ་སྲིད་རྗེ་ཙོང་ཁ་པས་དེ་ཙམ་དཔྱད་པ་མ་གནང་ན་རི་བོ་དགེ་ལྡན་པ་ཟེར་བ་ཞིག་མེད་ཀྱང་སྲིད། 

   ང་ཚོས་རེད་མདའ་བའི་གསུང་རྩོམ་རྣམས་དང་རྗེ་ཙོང་ཁ་པའི་གསུང་རྩོམ་རྣམས་བསྡུར་ནས་མཇལ་ན་རྗེ་ཙོང་ཁ་པ་ལ་རེད་མདའ་བའི་ཤུགས་རྐྱེན་ཆེ་བས་རྗེ་ཙོང་ཁ་པའི་གྲུབ་མཐའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་པོ་ཞིག་གི་རྩ་བ་རེད་མདའ་བ་ལ་ཐུག་སྟེ། དེ་ནས་རིམ་པས་རྗེ་ཙོང་ཁ་པའི་གསུང་རྩོམ་རྣམས་སུ་ཡལ་ག་དང་ལོ་འདབས་ཀྱི་ཚུལ་དུ་འཕེལ་ཞིང་རྒྱས་ཡོད་པའི་རྣམ་པ་གསལ་པོར་མཐོང་ཐུབ། དཔེར་ན་ཙོང་ཁ་པས་ཇོ་ནང་པས་ཁུངས་བཅོལ་བའི་གཞུང་རྣམས་སེམས་ཙམ་པའི་གཞུང་ཡིན་པར་བསྒྲུབས་ན་དེ་རང་གིས་ཇོ་ནང་པའི་གྲུབ་མཐའ་ཉམས་འགྲོ་བར་གསུངས་པ་ལྟར། དེའི་སྔོན་དུ་རེད་མདའ་བས་ཇོ་ནང་པས་འདོད་པའི་གཞུང་དེ་དག་སེམས་ཙམ་གྱི་བསྟན་བཅོས་མིན་ན་འོ་ན་སེམས་ཙམ་གྱི་བསྟན་བཅོས་གང་ཞིག་རེད་ཅེས་རྩལ་དུ་བཏོན་ནས་གསུངས་ཡོད། དེ་བཞིན་རྗེ་ཙོང་ཁ་པས་ལམ་རིམ་ཆེན་མོ་སོགས་སུ་བཀའ་བརྒྱུད་པས་ལྷག་མཐོང་གི་སྐབས་སུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱོད་པ་མི་བྱེད་པའི་ཆ་ནས་རྒྱ་ནག་ཧ་ཤང་དང་འདྲ་བར་གསུངས་པ་ལ། རེད་མདའ་བས་ཀྱང་། “འདི་དག་ནི་སོ་སོར་རྟོག་པའི་ཤེས་རབ་ཀྱི་ཤེས་རབ་ཀྱིས་དཔྱད་ནས་གནས་ལུགས་ཀྱི་དོན་སྒོམ་པ་རྟོག་སྒོམ་སྐྱོན་ཅན་དུ་བྱེད་ཅིང་། ཡིད་ལ་བྱེད་པ་ཐམས་ཅད་བཀག་སྟེ། མི་རྟོག་པ་ཐོམ་པོ་སྒོམ་པ་ལ་སྐྱོན་མེད་ཀྱི་སྒོམ་དུ་བྱེད་པར་སྣང་སྟེ། ལུགས་འདི་ནི་བསྟན་པ་ལས་ཕྱི་རོལ་དུ་གྱུར་པ་ཏིང་འཛིན་རྒྱལ་པོ་ལས་གསུངས་ཏེ།” ཞེས་སོགས་ཀྱིས་བཀག་གནང་ཡོད། 

   རེད་མདའ་བས་ཙོང་ཁ་པ་ལ་ཐེབས་པའི་ཤུགས་རྐྱེན་གལ་ཆེ་ཤོས་ནི་དེ་དག་ལས་ཀྱང་དབུ་མ་ཐལ་འགྱུར་བའི་གྲུབ་མཐའ་དང་། གསང་བ་འདུས་པའི་རྒྱུད་གཉིས་རྩལ་དུ་འདོན་པ་དེ་ཡིན་པར་མངོན། ཐོག་མར་དང་པོའི་སྐོར་ལ་བཤད་ན་དེ་ཡང་རེད་མདའ་བས་མཛད་པའི་འཇུག་འགྲེལ་དེ་ཉིད་གསལ་བའི་སྒྲོན་མེའི་མཛད་བྱང་ལས། ཐུབ་པའི་བསྟན་ལ་ཉིད་ཀྱི་དགོངས་པ་བཞིན།། འཁྲུལ་མེད་སྨྲ་བ་འཕགས་པ་ཀླུ་སྒྲུབ་ཡིན།། དེ་ཡི་བཞེད་གཞུང་རབ་དཀར་ཀུན་དའི་ཚལ།། ཇི་བཞིན་འབྱེད་པ་དཔལ་ལྡན་ཟླ་བ་ཡིན།། ཞེས་གསུངས་པ་ལྟར་སངས་རྒྱས་ཀྱི་དགོངས་པ་ལོན་མཁན་ནི་སློབ་དཔོན་ཀླུ་སྒྲུབ་ཡིན་པ་དང་། ཀླུ་སྒྲུབ་ཀྱི་དགོངས་པ་ལོན་མཁན་ནི་ཟླ་གྲགས་ཡིན་པར་གསུངས་ནས། ཟླ་གྲགས་ཀྱི་དགོངས་པ་ལོན་རྒྱུ་ནི་ཧ་ཅང་གལ་ཆེ་ན་ཡང་། རེད་མདའ་བས་ལོ་ཙཱ་བ་དོན་བཟང་གི་དྲིས་ལན་ལས། “དེའི་ཕྱིར་འཕགས་པའི་ཡུལ་དུ་ཡང་ལུགས་འདི་ཁས་ལེན་པ་ནི། ཉིན་མོའི་སྐར་མ་བས་ཀྱང་ཆེས་ཉུང་ཞིང་གངས་ཅན་གྱི་ཁྲོད་འདིར་ནི་གཏན་མ་བྱུང་བའི་ཚོད་ཙམ་དུ་སྣང་ངོ་།།” ཞེས་གསུངས་པ་ལྟར་ཐལ་འགྱུར་བའི་དགོངས་པ་ལོན་མཁན་ནི་ཧ་ཅང་དཀོན་པར་གསུངས། 

   རྗེ་ཙོང་ཁ་པ་ནི་རེད་མདའ་བས་དབུ་མའི་འཆད་ཁྲིད་ཐེངས་དང་པོ་གནང་སྐབས་ཀྱི་སློབ་མ་ཡིན་པས་ན་དེས་ཙོང་ཁ་པ་ལ་ཡང་ཤུགས་རྐྱེན་ཚད་མེད་པ་ཐེབས་ནས་རྗེ་ཙོང་ཁ་པས་སྐུ་ཚེ་ཧྲིལ་པོ་ལྟ་གྲུབ་ཀྱི་ཐོག་ནས་དབུ་མ་ཐལ་འགྱུར་བའི་ལྟ་གྲུབ་ཀྱི་ཆེད་དུ་བཏང་གནང་ཡོད། རྗེ་ཙོང་ཁ་པའི་དབུ་མའི་ལྟ་གྲུབ་ཡོངས་སུ་གྲགས་པ་འགའ་སྟེ་དབུ་མ་ཐལ་འགྱུར་བས་བདེན་པ་གཉིས་ཀར་རང་གི་མཚན་ཉིད་ཀྱིས་གྲུབ་པ་མི་བཞེད་ཚུལ་རེད་མདའ་བའི་དགོངས་པ་ཡིན་པ་རེད་མདའ་བས་ཙོང་ཁ་པའི་དྲི་བ་ཞིག་ལ་ལན་གནང་བའི་ནང་དུ་འབྱུང་ཞིང་། རྗེ་ཙོང་ཁ་པའི་ལུགས་སུ་དབུ་མ་ཐལ་རང་གཉིས་ཀྱི་ཁྱད་པར་གཙོ་བོ་ནི་རང་རྒྱུད་པས་ཐ་སྙད་དུ་དངོས་པོ་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་པ་དང་། ཐལ་འགྱུར་བས་ཐ་སྙད་དུ་ཡང་དངོས་པོ་རྣམས་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་པར་བཞེད་པ་འདི་ཉིད་ཡིན་པ་ལ། ལྟ་གྲུབ་འདི་ནི་རེད་མདའ་བ་ནས་བྱུང་བས་རེད་མདའ་བས་ཙོང་ཁ་པ་ལ་བསྐུར་བའི་ཕྱག་བྲིས་ཤིག་ལས། “དེས་ན་དབུ་མ་ཐལ་རང་གཉིས་ཀ་ཡང་དོན་དམ་བརྗོད་བྲལ་དུ་འདོད་པ་མཚུངས་ཀྱང་། རྟེན་འབྲེལ་སྒྱུ་མ་ཙམ་དུ་འཛིན་པ་དང་། བཏགས་ཡོད་མིང་རྐྱང་ཙམ་དུ་འཛིན་པ་དེ་གཉིས་ཀྱི་ཁྱད་པར་ཐུན་མོང་མ་ཡིན་པ་ཡིན།” ཞེས་གསུངས་པ་ལས་མཐོང་ཐུབ། 

   འོན་ཀྱང་ཐལ་འགྱུར་བའི་ལུགས་ཀྱི་དོན་དམ་གྱི་རྣམ་གཞག་བྱེད་ཚུལ་རེད་མདའ་བ་དང་ཙོང་ཁ་པ་གཉིས་མི་འདྲ་སྟེ། རེད་མདའ་བས་རང་ཉིད་ཀྱི་དགོངས་པ་མཐར་ཐུག་གསུངས་པའི་སྐབས་སུ། “རྟེན་འབྲེལ་རྟག་ཆད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་ངེས་པ་འདྲོངས་པ་གཅིག་འོང་བ་ཡིན།” ཞེས་གསུངས་པ་ལྟར་རེད་མདའ་བས་དོན་དམ་པའི་བདེན་པ་ནི་སྟོང་ཉིད་སྤྲོས་བྲལ་དུ་བཞེད་པས་ན་ཁོང་དབུ་མ་སྔ་རབས་པའི་ཁྲོད་དུ་བཞུགས་ཡོད་ལ། རྗེ་ཙོང་ཁ་པས་དེ་ལ་དགག་པ་ནན་ཏན་མཛད་ནས་དབུ་མའི་ལུགས་ཀྱི་གནས་ལུགས་མཐར་ཐུག་པ་ནི་རང་བཞིན་གྱིས་མ་གྲུབ་པ་དེ་ཙམ་ལ་ངོས་འཛིན་དགོས་པར་གཏན་འབེབས་མཛད་པས་དབུ་མ་ཕྱི་རབས་པ་ཞེས་པའི་སྲོལ་བྱེས། རྗེ་ཙོང་ཁ་པས་གསུང་རྩོམ་རྣམས་སུ་རེད་མདའ་བའི་མཚན་ནས་སྨོས་ཏེ་བཀག་གནང་མེད་ཀྱང་། ཁོང་གིས་བོད་སྔ་རབས་ཀྱི་འདོད་པ་མང་པོར་བཀག་གནང་ཡོད་པ་ལ། བོད་སྔ་རབས་པའི་འདོད་པ་དེ་དག་གི་ཁྲོད་དུ་རང་ཉིད་ཀྱི་བླ་མའི་རེད་མདའ་བའི་དགོངས་པ་རྣམས་ཀྱང་གཡས་དང་གཡོན་གང་སར་མཇལ་རྒྱུ་ཡོད་པ་ཞིག་རེད། དཔེར་ན་རེད་མདའ་བས་དབུ་མ་ཐལ་འགྱུར་བ་ཞིག་བྱེད་པ་ལས་སླ་བ་མ་ཡིན་པ་ནི་དབུ་མ་ཐལ་འགྱུར་བ་ལ་རང་ལུགས་ཀྱི་དམ་བཅའ་མེད་པའི་རྒྱུ་མཚན་གྱིས་ཡིན་པར་གསུངས་པ་ལ། རྗེ་ཙོང་ཁ་པས་ལམ་རིམ་ཆེན་མོ་སོགས་སུ་དབུ་མ་ཐལ་འགྱུར་བ་ལ་རང་ལུགས་ཀྱི་དམ་བཅའ་མེད་པར་སྨྲ་བ་ནི་ཆེས་སྙིང་པོ་མེད་པའི་གཏམ་ཞིག་ཡིན་ཚུལ་གསུངས་ནས་དགག་པ་ནན་པོ་མཛད་ཡོད་པ་ལྟ་བུ་རེད།

   རེད་མདའ་བས་ཅི་བཞེད་མིན་དང་ཅི་གསུངས་མིན་ལ་མ་ལྟོས་པར་རྗེ་ཙོང་ཁ་པས་དབུ་མ་ཐལ་འགྱུར་བའི་གྲུབ་མཐའ་ལ་དཔྱད་པ་ཡང་ནས་ཡང་དུ་མཛད་པས་ཁོང་གིས་རེད་མདའ་བས་གསུངས་པ་མི་ཉུང་བ་ཞིག་ལེགས་བཤད་དུ་གཟིགས་ཤིང་། མི་ཉུང་བ་ཞིག་མི་འཐད་པར་དགོངས་པ་ལ། བླ་མའི་ཐུགས་དགོངས་འཁྲུགས་པའི་ཐུགས་ཁྲལ་མེད་པར་རྗེ་ཙོང་ཁ་པས་རང་ཉིད་ཀྱི་བཞེད་པ་རྣམས་སྟོན་པར་ལམ་རིམ་ཆེན་མོ་དང་། རྩ་ཤེས་ཊིཀ་ཆེན། འཇུག་འགྲེལ་དགོངས་པ་རབ་གསལ། དྲང་ངེས་རྣམ་འབྱེད་སོགས་མཛད། ཡང་ཕྱོགས་གཅིག་ནས་རྗེ་ཙོང་ཁ་པའི་རྣམ་ཐར་རྣམས་སུ་ཁོང་ལ་དབུ་མ་ཐལ་འགྱུར་བའི་དགོངས་པ་སྔོན་ཙམ་ནས་ཡོད་ཀྱང་ཕྱིས་སུ་མ་གཏོགས་འཆད་པར་མ་སྤོབས་པའི་ཚུལ་འབྱུང་བ་ལ། རྗེ་ཙོང་ཁ་པ་ཞེད་དགོས་ས་ཡང་དུས་སྐབས་དེའི་བོད་ཀྱི་མི་སེར་དཀྱུས་མ་དང་བོད་ཀྱི་མཁས་པ་གཞན་རྣམས་མ་ཡིན་པར་རང་ཉིད་ཀྱི་སློབ་དཔོན་གཙོ་བོ་རེད་མདའ་བ་ཡིན་སྲིད་དེ། བོད་ལྟ་བུ་སྲོལ་རྒྱུན་གྱི་སྤྱི་ཚོགས་སུ་རང་ཉིད་ཀྱི་བླ་མའི་བཞེད་པ་དང་མི་མཐུན་པ་ཞིག་དང་། བླ་མའི་བཞེད་པ་རྣམས་དངོས་སུ་ཕྱོགས་སྔར་བཀོད་ནས་འགོག་པ་ལ། ཚད་ངེས་ཅན་གྱི་སྙིང་སྟོབས་དགོས་ཤིང་། ཚད་ངེས་ཅན་གྱི་བློས་གཏོང་ཡང་དགོས་པས་སོ། 

   འོན་ཀྱང་སྟབས་ལེགས་པར་རེད་མདའ་བ་ནི་ཐུགས་དགོངས་ཡངས་པོ་ཡོད་མཁན་ཞིག་ཡིན་པས་ཁོང་གིས་ཐུགས་སྲས་རྗེ་ཙོང་ཁ་པས་རང་ཉིད་ཀྱི་དགོངས་པ་དང་མི་མཐུན་པའི་བསྟན་བཅོས་མང་དུ་མཛད་པ་ལ་མ་མཐར་ཡང་དེ་ལ་སྐྱོན་བརྗོད་མཛད་མྱོང་མེད་པར་སྣང་། རེད་མདའ་བས་ཕྱིས་སུ་རྗེ་ཙོང་ཁ་པའི་དམིགས་བསལ་གྱི་ལྟ་གྲུབ་རྣམས་དགོངས་ཡོད་པ་ཡང་། རྗེ་ཙོང་ཁ་པས་གནམ་རྩེ་ལྡིང་དུ་རེད་མདའ་བ་ལ་དབུ་མའི་ལྟ་བ་དང་འབྲེལ་བའི་སྐོར་ལ་ལྐོག་ནས་ཆོས་གསུངས་མྱོང་བར་གྲགས་ཤིང་། རྗེ་ཙོང་ཁ་པའི་དབུ་མའི་ལྟ་གྲུབ་སྐོར་སྟོན་པའི་གཞུང་གཙོ་བོ་ནི་ལམ་རིམ་ཆེན་མོ་ཡིན་པ་ལ། རེད་མདའ་བས་ཀྱང་ལམ་རིམ་ཆེན་མོ་གཟིགས་མྱོང་བས་ན། རེད་མདའ་བས་ཞང་ཀུན་སྤངས་དགེ་སྦྱོང་བ་ལ་གནང་བ་ལས། “བླ་མ་བཀའ་བཞི་པའི་ལམ་རིམ་དེ་སྒོམ་རིམ་ལ་སོགས་པ་ཤིང་རྟ་ཆེན་པོ་རྣམས་ཀྱི་བསྟན་བཅོས་ཚད་མར་བྱས་ནས་རྒྱས་པར་མཛའ་གདའ་ཞིང་། དེ་ལས་དང་པོ་པ་རྣམས་ཀྱིས་གོ་དཀའ་བར་གདའ་ན་ཡང་། ངེད་ཀྱིས་ལས་དང་པོ་པ་རྣམས་ཀྱིས་ཞི་ལྷག་ཉམས་སུ་ལེན་ཚུལ་མདོར་བསྡུས་པ་གོ་བདེ་བ་ཅིག་བྱས་བདོག་པས། འདི་ལ་གཟིགས་ནས་མ་བདེ་བ་གདའ་ན་ཡི་གེར་བཀོད་ནས་འདིར་ཐོང་མཛོད།” ཞེས་གསུངས་པ་ལས་མཐོང་ཐུབ། འོན་ཀྱང་དེ་དག་གིས་རེད་མདའ་བའི་དབུ་མའི་ལྟ་གྲུབ་བོད་སྔ་རབས་པ་ནས་ཕྱི་རབས་པ་ལ་འགྱུར་ཡོད་མེད་ནི་བཤདད་དཀའ་ཞིང་། འགྱུར་བའི་ལོ་རྒྱུས་མེད་པས་འགྱུར་མེད་ལས་ཆེ། 

   རེད་མདའ་བས་རྗེ་ཙོང་ཁ་པ་ཤུགས་རྐྱེན་གལ་ཆེ་ཤོས་གཉིས་པ་ནི་རྒྱུད་ཀྱི་གཙོ་བོ་གསང་བ་འདུས་པ་ལ་བྱེད་པའི་ལུགས་འདི་ཡིན་ཅིང་། དེ་ཡང་རེད་མདའ་བའི་སྔོན་ནས་མཚུར་སྟོན་ཡབ་སྲས་ཀྱིས་གཙོ་བོ་གསང་འདུས་ཁོ་ན་འཆད་སྤེལ་གནང་ཞིང་། བུ་སྟོན་ཐམས་ཅད་མཁྱེན་པས་ཀྱང་གསང་འདུས་ལ་དམིགས་བསལ་མོས་པ་ཆེན་པོ་ཡོད་ཚུལ་གསལ་ན་ཡང་། གསང་བ་འདུས་པ་ཉིད་རྒྱུད་ཀྱི་རྒྱུལ་པོ་གོང་ན་མེད་པ་ཞིག་ཏུ་ངོས་འཛིན་པ་ནི་ཡོངས་གྲགས་སུ་བོད་ཀྱི་ཆོས་བརྒྱུད་རྣམས་ལས་རི་བོ་དགེ་ལྡན་པ་ཡིན་ཅིང་། དགེ་ལྡན་པས་འདི་ལྟར་འཛིན་པ་ཡང་རེད་མདའ་བ་ལ་ཐུག་ཡོད། རེད་མདའ་བ་ནི་གསང་འདུས་ཁོ་ན་གཙོ་བོ་གནང་མཁན་ཞིག་ཡིན་པས་ན་ཁོང་གིས་གསང་འདུས་ལས་ས་སྐྱ་པས་གཙོ་བོར་ངོས་འཛིན་པ་ཀྱེ་རྡོར་སོགས་རྒྱུད་གཞན་གང་ལ་ཡང་འགྲེལ་པ་མ་མཛད་པར་སྣང་ཞིང་། རེད་མདའ་བས་གསང་འདུས་ཀྱི་འགྲེལ་པའི་མཛད་བྱང་ལས། ཐུབ་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དང་།། རྣམ་མང་རྒྱུད་སྡེའི་རྩ་བ་འདུས་པ་ལྟའི།། ཐར་འདོད་རྣམས་ཀྱི་འཇུག་ངོགས་གཞན་མེད་དེ།། འཛམ་གླིང་འདི་ན་རིན་ཆེན་གཅིག་པུར་ཟད།། དེ་དོན་འགྲེལ་བྱེད་དཔལ་ལྡན་ཟླ་བའི་གཞུང་།། ཟབ་རྒྱས་དགོངས་པ་གསལ་བའི་སྒྲོན་མ་མཆོག །འཛམ་གླིང་མཁས་པའི་རྒྱན་ཆེན་སྒྲོན་གསལ་ཏེ།། དེ་མཚུངས་རྣམ་བཤད་འཇིག་རྟེན་འདི་ན་མེད།། ཅེས་སོགས་གསུངས་པ་བཞིན་ལ། རྗེ་ཙོང་ཁ་པས་ཀྱང་རེད་མདའ་བའི་མདུན་ནས་གསང་འདུས་ཀྱི་བཤད་པ་དང་རིམ་ལྔ་སོགས་གསན་མྱོང་ཡོད།

   ལྷག་པར་སྒྱུ་ལུས་ནི་རི་བོ་དགེ་ལྡན་པའི་སྔགས་ཀྱི་བསྟན་པའི་ངོས་འཛིན་ས་ལྟ་བུ་དང་། རྗེ་ཙོང་ཁ་པ་ནི་དམིགས་བསལ་སྒྱུ་ལུས་ཀྱི་རྣམ་གཞག་ལ་ཧ་ཅང་མཁས་པར་ཡོངས་སུ་གྲགས་པ་ལ། རྗེ་ཙོང་ཁ་པས་སྒྱུ་ལུས་ལ་དེ་ཙམ་རྩལ་འདོན་གནང་བ་ཡང་རེད་མདའ་བའི་ཤུགས་རྐྱེན་གྱིས་ཡིན་པ་ལྟ་བུ་སྟེ། རེད་མདའ་བས་གསང་འདུས་ཀྱི་འགྲེལ་པ་ཡིད་ཀྱི་མུན་སེལ་ལས། “དེ་བས་ན་ལྷ་སྐུ་ཕྱག་རྒྱ་ཆེན་པོ་རྡོ་རྗེ་འཆང་གི་རྣམ་པ་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་ནས། བསྒོམ་པ་འདི་ནི་རྣལ་འབྱོར་པ་རྣམས་ཀྱིས་ཚེ་འདི་ཉིད་ལ་མ་དག་པའི་ལུས་སྤངས་ནས། དག་པའི་སྒྱུ་ལུས་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་སྐུ་ཐོབ་པའི་ཐུན་མོང་མ་ཡིན་པའི་ཉེ་བར་ལེན་པའི་རྒྱུ་ཡིན་ལ། དེའང་འཕགས་པ་ཀླུ་སྒྲུབ་ལས་བརྒྱུད་པའི་མན་ངག་ཁོ་ན་ལ་བཞུགས་ཀྱི། རྒྱུད་དང་མན་ངག་གཞན་པ་ལ་མིང་ཙམ་ཡང་མེད་པས། གསང་བ་འདུས་པ་བ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་གདམས་ངག་ཡིན་བཞིན་དུ། དེའི་གནད་མ་གོ་བར་འདིའི་སྒྱུ་ལུས་དང་། དུས་འཁོར་ནས་བཤད་པའི་སོར་སྡུད་བསམ་གཏན་དོན་གཅིག་ཏུ་འདོད་པ་ནི་ཆེས་ཤིན་ཏུ་རྣམ་པར་འཁྱམས་པ་ཡིན་ནོ།།” ཞེས་གསུངས་པ་སོགས་ལ་གཞིགས་ན་རྟོགས་ཐུབ་སྙམ། 

   འོན་ཀྱང་རྗེ་ཙོང་ཁ་པ་ལ་སྒྱུ་ལུས་ཀྱི་དཀའ་གནད་སྐོར་ལ་མཐར་ཕྱིན་པ་ཞིག་རེད་མདའ་བས་དགོངས་ཀྱི་ཡོད་པའི་དགོངས་ཚུལ་མེད་པ་དེས། དད་པའི་འཇུག་ངོགས་ལས། “དེ་ཡང་དེའི་ཚེ་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་མཐར་ཐུག་པའི་ལྟ་བ་དང་གསང་བ་འདུས་པ་ལམ་རིམ་པ་ལྔ། དེའི་ནང་ནས་ཀྱང་སྒྱུ་ལུས་འདི་ཤིན་ཏུ་རྟོགས་དཀའ་བ་དང་། རྟོགས་ན་དོན་ཆེ་ཞིང་མ་རྟོགས་ན་ལོག་པར་ལྟུང་བའི་གཡང་སའང་ཤིན་ཏུ་ཆེ་ལ། དེ་ཁོ་ན་ཉིད་སྒོམ་པ་དང་། སྔགས་བླ་མེད་ཀྱི་ལམ་ལ་བརྟེན་ནས་སངས་རྒྱས་འཚོལ་བ་སོགས་ཚིག་ཙམ་དུ་འགྱུར་བར་དགོངས་ཏེ། འདི་དག་མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་བཞིན་འཁྲུལ་མེད་དུ་སྟོན་པའི་བཤེས་གཉེན་དམ་པ་རྒྱ་བོད་བལ་གསུམ། དབུས་གཙང་ཁམས་གསུམ་སོགས་གང་ན་ཡོད་ཀྱང་དེའི་ཁུངས་ཤིག་རྙེད་ན་ནི། དེ་འཚོལ་བའི་ཕྱིར་དུ་ལུས་སྲོག་ཐེད་ལ་བོར་ནས་དཀའ་བ་ཅི་བྱུང་ཡང་དང་དུ་བླངས་ཏེ་ད་ལྟ་ཉིད་དུའང་འགྲོ་དགོས་དགོངས་པ་སྙིང་ནས་ཤུགས་དྲག་པོ་དེའི་ཚེ་ཡོད་དོ། ཞེས་རྗེ་ཉིད་གསུང་ངོ་།།” ཞེས་མཁས་གྲུབ་རྗེས་རྗེ་རིན་པོ་ཆེའི་གསུང་འདི་ཉིད་དྲངས་པ་ལ། གལ་སྲིད་རྗེ་ཙོང་ཁ་པ་ལ་རེད་མདའ་བས་དེའི་སྐོར་ལ་དགོངས་ཀྱི་ཡོད་པའི་དགོངས་ཚུལ་ཡོད་ན་དེ་འདྲ་ཞིག་ག་ལ་གསུངས་སྲིད། རེད་མདའ་བ་རང་གི་གསུང་རྩོམ་ནང་དུ་ཡང་སྒྱུ་ལུས་སོགས་ཀྱི་སྐོར་ལ་རྗེ་ཙོང་ཁ་པ་ནང་བཞིན་ཞིབ་ཚགས་མེད་པ་གསལ་པོར་མཐོང་ཐུབ།

   དེར་བརྟེན་རེད་མདའ་བ་དང་རྗེ་ཙོང་ཁ་པའི་དུས་སྐབས་རང་ནས་རེད་མདའ་བ་ལས་ཀྱང་ཙོང་ཁ་པ་མཚན་སྙན་ཇེ་ཆེར་གྱུར་པ་དེས་རེད་མདའ་བ་དང་ཙོང་ཁ་པའི་བར་དུ་ཆེས་མི་མངོན་པའི་འགལ་ཟླ་ཕྲན་བུ་ཞིག་བྱུང་ཡོད་སྲིད་པ་ལྟ་བུ་སྟེ། རེད་མདའ་བའི་རྣམ་ཐར་ནང་དུ་རྒྱལ་ཚབ་དར་མ་རིན་ཆེན་གྱིས་རྗེ་ཙོང་ཁ་པས་ཡིད་ཆེས་འབྲས་རྟགས་ཀྱི་སྐོར་ལ་གསུངས་པའི་གྲུབ་མཐའ་ཞིག་བཟུང་ནས་འདི་ཉིད་རིགས་པས་ལྡོག་མི་ཐུབ་ཅེས་གསུངས་པ་ལ། རེད་མདའ་བས་ཐལ་འགྱུར་གཅིག་འཕངས་པས་འཁོར་གསུམ་དངོས་འགལ་དུ་སོང་། ལོ་ཟླ་བར་བསམ་བསམ་པ་ཚོ་སྐད་ཅིག་རེ་ལ་ཁུར་རྒྱུགས་གསུངས། དེ་དུས་དབུས་པའི་དགེ་བཤེས་ཀུན་ན་རེ། བློ་བཟང་བ་འཇམ་དབྱངས་ཀྱི་ཞལ་གཟིགས། གར་གཤེགས་སུ་དཔེ་ཆ་མཛོ་རྒྱབ་ཆེ་ཆུང་བཞི་བཀལ་ནས་ཉིན་མཚན་མེད་པར་གཟིགས་པའི་གྲུབ་མཐའ་སྐྱོར་བཟང་པོ་དར་མ་ལྟ་བུས་བསྐྱར་བ་ལ་སྐད་ཅིག་མ་ལ་བཤིགས་གཏོང་བྱས་པས། འཇིགས་སུ་རུང་ཞེས་ཧ་ལས་པར་གྱུར་ཚུལ་འབྱུང་བ་ལ་འདིས་ནི་ཤུགས་ལ་རེད་མདའ་བས་ཙོང་ཁ་པ་ཚར་བཅད་པའི་དོན་དུ་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་གསལ་པོ་རེད། 

   ལྷོ་བྲག་གྲུབ་ཆེན་ཕྱག་ན་རྡོ་རྗེ་ཞེས་པ་དེ་ནི་ལྷ་སྒྲུང་ཀླུ་སྒྲུང་མང་ཙམ་གསུངས་མཁན་ཡིན་པས་ན། དེ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་གསུངས་ན་རྗེ་ཙོང་ཁ་པའི་ཡོན་ཏན་ནི་ཕྱག་ན་རྡོ་རྗེས་ཀྱང་བརྗོད་མི་ནུས་ཚུལ་རྗེ་ཙོང་ཁ་པ་ལ་ཞུ་བ་སོགས་ཀྱིས་ལྷོ་བྲག་གྲུབ་ཆེན་གྱིས་རྗེ་ཙོང་ཁ་པའི་ཐུགས་ཡིད་ཀྱང་གང་འཚམས་འཕྲོགས་ན་ཡང་། དེ་ཉིད་ཀྱིས་རེད་མདའ་བ་ལ་སྒུལ་བསྐྱོད་ཙམ་ཡང་མ་ནུས་པ་ནི་རེད་མདའ་བའི་རྣམ་ཐར་ལས། བླ་མ་ཕྱག་ན་རྡོ་རྗེས་རེད་མདའ་བ་ལ་འཇམ་དབྱངས་ཟླ་བ་བདུན་བསྙེན་པ་མཛད་ན་དངོས་སུ་ཆོས་གསུང་བར་འགྱུར་ཞེས་ལུང་བསྟན་པ་ལ། འཁོར་རྣམས་ཀྱིས་རེད་མདའ་བ་ལ་མཛད་པར་ཞུས་པས་རེད་མདའ་བས་འཇམ་དབྱངས་ས་བཅུའི་བྱང་སེམས་ཆེན་པོ་ཡིན་པས་དངོས་སུ་མཇལ་ན་ཕན་ཡོན་དཔག་ཏུ་མེད་པ་ཡོད་མོད། འོན་ཀྱང་ཟླ་བ་བདུན་སྔགས་བགྲང་བ་བས་བྱང་ཆུབ་ཀྱི་སེམས་སྒོམ་པ་ཁྱད་ཆེ་ཞེས་གསུངས་ཤིང་། ཡང་ལྷོ་བྲག་གྲུབ་ཆེན་གྱིས་རེད་མདའ་བས་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྐུ་ཞིག་བཞེངས་ན་སྐྱེ་བ་འདིའི་ཕྱི་མ་རང་ལ་བདེ་བ་ཅན་དུ་འགྲོ་ཞིང་། མ་བཞེངས་ན་རྒྱ་གར་དུ་པཎྜི་ཏ་ཞིག་ཏུ་འཁྲུངས་པར་གསུངས་པ་ལ། སློབ་མ་རྣམས་ཀྱིས་རེད་མདའ་བ་ལ་སྐུ་དེ་བཞེངས་བར་ཞུས་ཀྱང་རེད་མདའ་བས། དག་པའི་ཞིང་དོན་དུ་གཉེར་བ་བྱང་ཆུབ་སེམས་དཔའ་བློ་དམན་གྱི་ལུགས་ཡིན། ཁོ་བོ་གཞན་དོན་དུ་གྱུར་ན་དམྱལ་བར་སྐྱེ་ཡང་སྐྱོ་བ་མེད་ཅེས་གསུངས་ནས་མ་བཞེངས་ཚུལ་འབྱུང་། 

   འདི་ཡང་རེད་མདའ་བས་རྗེ་ཙོང་ཁ་པ་ལ་འཇམ་དཔལ་དབྱངས་ཀྱིས་ལུང་བསྟན་རབས་དང་། འཇམ་དཔལ་དབྱངས་ཀྱིས་ཆོས་གསུང་རབས་སོགས་ཀྱི་གཏམ་རྣམས་གསན་པས་དེ་ཙམ་ཐུགས་མ་མཉེས་ནས་གསུངས་པ་ཞིག་ཡིན་སྲིད། རྗེ་ཙོང་ཁ་པས་ཡི་དམ་གྱི་ལྷ་ལ་ཞུས་པ་ལ་བརྟེན་ནས་དབུ་མའི་རྟོགས་པ་འཁྲུངས་ཚུལ་གྱི་ཕྱག་བྲིས་ཤིག་རེད་མདའ་བ་ལ་ཕུལ་བ་ལ། རེད་མདའ་བས་དེའི་ལན་དུ། “ཁྱེད་ཀྱི་ད་ལྟ་རྟེན་འབྲེལ་རྟོགས་ཚུལ་གྱི་ལྟ་བ་དེ་ཤིན་ཏུ་བཟང་ཡང་། སྒྱུ་མའི་འཛིན་པ་ཅུད་ཟད་ཡོད་པས་ལྟ་བ་འདི་ལ་ངེས་པ་རྙེད་ན་དེ་ཡང་འཇིགས་པས། ད་དུང་གསོལ་བ་ཐོབ་ཅིག རང་གིས་དཔྱོད་དང་། རིང་པོ་མི་ཐོགས་པར་ངེས་པ་རྙེད་པར་འགྱུར། ཡི་དམ་གྱིས་ཀྱང་རང་གི་རྒྱུད་ཚོད་དང་མཐུན་པར་སྟོན་པས་ཐེངས་གཅིག་རྟོགས་པ་ལ་ཆོག་ཚོད་བཟུང་མི་ཉན།” ཞེས་གསུངས། གང་ལྟར་ཡང་རྗེ་ཙོང་ཁ་པ་ནི་མཁྱེན་དཔྱོད་འགྲན་ཟླ་བྲལ་བ་ཞིག་ཡིན་པས་ན་གནས་ལུགས་དང་རྒྱུ་མཚན་ཁོ་ན་རྩལ་དུ་འདོན་པ་ལས་ལྷ་ཡི་ལུང་བསྟན་སོགས་ལ་དེ་ཙམ་ཡིད་ཆེས་མཁན་མིན་པ་ལྟར་ཡིན་ན་ཡང་། ཁོང་གིས་ཡི་དམ་གྱི་ལྷ་ཡི་མགོན་སྐྱོབ་ལ་རེ་བ་དང་ལུང་བསྟན་ལ་ཡིད་ཆེས་ཧ་ཅང་ཆེ་བས་ན་རྗེ་ཙོང་ཁ་པ་ནི་འཇམ་དབྱངས་ཀྱི་སྤྲུལ་པ་ཡིན་པར་གྲགས་ཀྱང་འཇམ་དབྱངས་དང་ཙོང་ཁ་པའི་བར་དུ་གསུང་སྒྱུར་མཁན་དགོས་ཚུལ་སོགས་ཀྱི་གཏམ་རྒྱུད་ངོ་མཚར་ཅན་རྣམས་བྱུང་། དེའི་ཆ་ནས་རེད་མདའ་བ་ནི་ཡི་དམ་གྱི་ལྷ་ལ་རེ་མཁན་དང་གྲུབ་ཆེན་དུ་གྲགས་པ་ཞིག་གི་ལུང་བསྟན་སོགས་ལ་མཉེས་པོ་བྱེད་མཁན་ཞིག་མིན་པར་སྣང་།

   རྗེ་ཙོང་ཁ་པ་རང་གིས་ཀྱང་རེད་མདའ་བ་ལ་སློབ་དཔོན་གྱི་འདུ་ཤེས་ལས་ཅི་གསུང་བཀའ་སྒྲུབ་དང་ཅི་མཛད་ལེགས་མཐོང་དགོས་པའི་རྩ་བའི་བླ་མ་ཞིག་གི་འདུ་ཤེས་ཡོད་དཀའ་སྟེ། རེད་མདའ་བས་སྙིམ་པའི་མེ་ཏོག་གི་བཤད་སྲོལ་ཚུགས་ན་བཟང་བའི་ཕྱག་བྲིས་རྗེ་ཙོང་ཁ་པར་བསྐུར་བ་ལས་རེད་མདའ་བས། “ཡེ་ཤེས་ཞབས་ལུགས་ཀྱི་འགྲེལ་པ་རྣམས་ལས་ཤནྟི་པའི་འགྲེལ་པ་འདི་རྒྱུད་ཀྱི་ཁོག་ཕུག་བྱིངས་ཆེ་ཞིང་ཚིག་དོན་ལ་འབྱོར་བ་ལེགས་པ་གཅིག་སྣང་། ངས་འདི་ལེགས་པར་ཤོད་པར་ཡོད་སྟེ་གོ་མཁན་མི་གདའ། སྔར་ཡི་གེ་བསྐུར་བའི་ལུགས་བཞིན་ཉིད་ཅག་གིས་འདི་ལ་བཤད་སྲོལ་གཅིག་ཚུགས་ན་དོན་ཆེ་བར་གདའ། འདི་དང་མུ་ཏིག་འཕྲེང་བ་གཉིས་ལ་རྗེ་མགོས་ཀྱི་འགྱུར་མཆན་ལེགས་པོ་ཐོ་རེ་ཅིག་སྣང་། གཞན་འདི་སྔར་བོད་དུ་ཤོད་པ་མ་བྱུང་ཞིང་ད་ཡོང་མི་སྲིད་པར་གདའ།” ཞེས་གསུངས་པ་ལ། ཙོང་ཁ་པས་དེའི་ལན་དུ། “མཁས་པ་ཤཱནྟི་པའི་ལུགས་དེ་སྔ་གོང་ཞུས་པ་བཞིན་འགྲེལ་པ་དེའི་ལུང་ཙམ་ཡང་མ་ཐོབ་པས་དེ་ལ་ཡིག་འཇོག་དང་བཤད་ཉན་བྱས་ཀྱང་མང་པོའི་ཁ་སྨྲ་བ་ཅིག་དང་ཕན་ཆེར་མེད་པ་གཅིག་ལས་མི་ཡོང་བར་སྣང་བས་དེ་ལྟར་བྱེད་པ་མ་བྱུང་ལགས། སྤྱིར་བཀའ་སྩལ་ལ་མ་གུས་པ་མ་ལགས། དེ་ལྟར་དགོངས་པ་ཐུགས་ལ་འདོགས་པར་ཞུ།” ཞེས་གསུངས་པ་ལ། འདིར་ཙོང་ཁ་པས་མ་གུས་པ་མ་ཡིན་གསུངས་དགོས་བྱུང་བ་དེས་དོན་དུ་མ་གུས་པའི་རྣམ་པར་འགྱུར་གྱི་ཡོད་པ་གསལ་པོ་རེད། 

   དེ་བཞིན་རྗེ་ཙོང་ཁ་པས་མདོ་སྔགས་ཀྱི་དཔྱད་པ་ཡོངས་སུ་རྫོགས་པ་མཐར་ཕྱིན་པ་གྲུབ་ནས། མདོ་ཕྱོགས་ནས་ཇོ་བོ་རྗེའི་ལམ་རིམ་དང་། སྔགས་ཕྱོགས་ནས་གཟུགས་སྐུ་སྒྲུབ་བྱེད་ཀྱི་རྒྱུ་གཙོ་བོ་སྒྱུ་ལུས་སྟོན་པ་ཕ་རྒྱུད་གསང་བ་འདུས་དང་། ཆོས་སྐུ་སྒྲུབ་བྱེད་ཀྱི་རྒྱུ་གཙོ་བོ་བདེ་སྟོང་གི་ཡེ་ཤེས་སྟོན་པ་མ་རྒྱུད་འཁོར་ལོ་བདེ་མཆོག དེ་དག་སྒྲུབ་པར་བྱེད་པ་ལ་ཕྱི་ནང་གི་བར་ཆད་དང་དམ་ཚིག་ཉམས་ཆག་སེལ་བ་སོགས་ལ་ཡི་དམ་གྱི་ལྷ་མཆོག་ཏུ་གྱུར་པ་འཇིགས་བྱེད་དེ། གསང་བདེ་འཇིགས་གསུམ། གཞན་ཡང་མགོན་པོ་དང་། རྒྱལ་ཆེན་རྣམ་ཐོས་སྲས་སོགས་ཆོས་སྐྱོང་གི་རིགས་གང་དང་གང་དགོས་པ་བཅས། མདོར་ན་རི་བོ་དགེ་ལྡན་ཞེས་གྲགས་པའི་ཆོས་བརྒྱུད་དབུ་བརྙེས་པར་ཆ་རྐྱེན་གང་དང་གང་དགོས་པ་རྣམས་ཆ་ཚང་གཏན་ལ་ཕབ་ཟིན་རྗེས་རྗེ་ཙོང་ཁ་པས་རེད་མདའ་བ་ལ་བསྐུར་བའི་ཕྱག་བྲིས་དེ་ལས། “ཉམས་ལེན་གྱི་གནད་འདི་ལྟ་བུ་ཆེས་ཆེར་ནས་ཤིན་ཏུ་དཀོན་ཅིང་གསང་བ་མཐར་ཐུག་པར་འདུག་པ་གཞན་ལ་གཏན་ནས་མི་སྟོན་པར་ཞུ་ཞུ། འདི་དག་གི་དོན་རེ་རེ་བཞིན་ཞིབ་པར་གསུང་བ་རྣམས་མཇལ་དུས་ཞུ་བར་སྨོན།” ཞེས་གསུངས་པ་དག་ལ་མཇལ་ན་ཁོ་བོས་འདི་ཉིད་མ་གུས་པའི་ཚིག་རེད་ཅེས་སྨྲ་བར་མི་སྤོབས་ཀྱང་། ང་ལྟ་བུས་རང་ཉིད་ཀྱི་བླ་མ་ལ་མ་གུས་པའི་རྣམ་པར་འགྱུར་དུ་དྭོགས་པས་འདི་འདྲའི་ཡི་གེ་ནམ་ཡང་བསྐུར་བར་མི་ཕོད། 

   དེ་ལྟར་རེད་མདའ་བ་ལ་བརྟེན་ནས་རྗེ་ཙོང་ཁ་པའི་མཁྱེན་དཔྱོད་རྒྱས་ཤིང་། རིམ་པས་རྗེ་ཙོང་ཁ་པའི་མཁྱེན་པ་དང་། སྙན་པ། མཛད་པ་ཐམས་ཅད་རེད་མདའ་བ་ལས་ལྷག་པ་བྱུང་བས་ན་རེད་མདའ་བ་ནི་རྗེ་ཙོང་ཁ་པའི་བཀའ་དྲིན་ཆེ་བའི་བླ་མར་གྱུར་ན་ཡང་བརྒྱུད་པ་འདྲེན་ས་དང་ཁུངས་བཅོལ་སའི་བླ་མར་གྱུར་མེད་པས་ན། རིམ་ལྔ་གསལ་སྒྲོན་ལྟ་བུ་གསུང་རྩོམ་རྣམས་སུ་རྗེ་ཙོང་ཁ་པས་བླ་མའི་གཙོ་བོ་འཇམ་དཔལ་དབྱངས་ལ་མཆོད་བརྗོད་མཛད་ཡོད་ཅིང་། རྗེ་ཙོང་ཁ་པའི་རྣམ་ཐར་རྣམས་སུ་དབུ་མའི་དགོངས་པ་མཐར་ཐུག་པ་དང་། རྒྱུད་ཀྱི་གནད་འགག་སོགས་མང་པོ་ཞིག་རྗེ་ཙོང་ཁ་པ་རང་ཉིད་ཀྱིས་དཔྱད་པ་མཛད་ཅིང་སངས་རྒྱས་བསྐྱངས་སོགས་ཀྱིས་བྱིན་གྱིས་བརླབས་པ། འཇམ་དཔལ་དབྱངས་དང་དྲི་བ་དྲིས་ལན་གནང་བ་དེས་རྗེ་ཙོང་ཁ་པས་དགོངས་པ་དེ་དག་རྙེད་ཚུལ་གསུངས་པ་ལས་དེ་དག་རེད་མདའ་བ་ནས་རྗེ་ཙོང་ཁ་པ་ལ་བརྒྱུད་པ་ཞིག་ཡིན་ཚུལ་གྱི་བཤད་སྲོལ་ཕལ་ཆེར་མེད། དེ་ལྟར་ན་ཡང་རྗེ་ཙོང་ཁ་པའི་གྲུབ་མཐའི་དམིགས་བསལ་ཡོད་དོ་ཅོག་རེད་མདའ་བ་ནས་བྱུང་བ་ཞིག་མ་ཡིན་ཀྱང་། རི་བོ་དགེ་ལྡན་པ་རྣམས་ཀྱིས་རྗེ་རིན་པོ་ཆེའི་མདོ་སྔགས་ཀྱི་བསྟན་པ་གཉིས་ལས་མདོ་ཡི་བསྟན་པ་ནི་དབུ་མ་ཐལ་འགྱུར་བའི་དགོངས་པ་དང་། སྔགས་ཀྱི་བསྟན་པ་ནི་སྒྱུ་ལུས་ལ་ངོས་འཛིན་པར་བཤད་སྲོལ་ཡོད་པ་དེ་གཉིས་ཀའི་ཐོག་མའི་ལམ་ཆེན་འབྱེད་མཁན་ནི་རྗེ་ཙོང་ཁ་པ་རང་ཉིད་མ་ཡིན་པར་རེད་མདའ་བ་གཞོན་ནུ་བློ་གྲོས་ཡིན་པ་གསལ་པོ་རེད།

   དེར་བརྟེན་རེད་མདའ་བ་ནི་ས་སྐྱ་པ་ཡིན་པར་གྲགས་ཀྱང་། དོན་དུ་ས་སྐྱ་པ་ལས་ཀྱང་དགེ་ལུགས་ཀྱི་ཆ་ཤུགས་ཆེ་སྟེ། རེད་མདའ་བས་བླ་མ་གཙོ་བོ་ས་སྐྱའི་བླ་མ་རྣམས་བསྟེན་པ་བདེན་ཅིང་། བཞུགས་གནས་ཀྱང་གཙོ་བོ་ས་སྐྱ་སོགས་ཡིན་པ་བདེན་ན་ཡང་། སྐྱེ་བོ་ཕལ་པ་རྣམས་ཆོས་བརྒྱུད་གང་ཡིན་ངོས་འཛིན་སྐབས་བླ་མ་དང་དགོན་པ་གང་ལ་དད་པ་ཆེ་བ་དང་། གང་གི་ཕྱོགས་ཞེན་བྱེད་པ་སོགས་ལ་བརྟེན་ནས་འཇོག་དགོས་ན་ཡང་། བླ་མའམ་ཉམས་ལེན་པ་ཚད་ལྡན་ཞིག་ཆོས་བརྒྱུད་གང་ཡིན་ངོས་འཛིན་བྱེད་སྐབས་བླ་མ་དེས་བརྒྱུད་པ་གང་འཛིན་མིན་ལ་ཐུག་ཅིང་། བརྒྱུད་པ་གང་འཛིན་མིན་ཀྱང་ཉམས་ལེན་གཙོ་བོ་གང་བྱེད་མིན་ལ་ཐུག་ཡོད། དེས་ན་ས་སྐྱ་པ་ཡིན་པར་ས་སྐྱ་པའི་མདོ་ལ་མཁས་པས་མི་འགྲིག་ཅིང་། ས་སྐྱ་པའི་བླ་མ་བསྟེན་པས་མི་འགྲིགས་པ་དང་། ས་སྐྱ་པ་ལ་ཞེན་པ་ཆེ་བས་ཀྱང་མི་འགྲིག་པར་གཙོ་བོ་ས་སྐྱ་པ་ནས་བརྒྱུད་པའི་ལམ་འབྲས་བླ་མ་དེའི་ཉམས་ལེན་གྱི་གཙོ་བོ་ཡིན་མིན་ལ་ཐུག་པ་ལ། རེད་མདའ་བས་ལམ་འབྲས་གསན་མྱོང་ཡོད་མོད་ལམ་འབྲས་རེད་མདའ་བའི་ཉམས་ལེན་གཙོ་བོ་ཡིན་པའི་རྣམ་པ་ཅི་ཡང་མི་གསལ་ཞིང་། ཐ་ན་ཁོང་གི་གསུང་རྩོམ་རྣམས་སུ་ཡང་ལམ་འབྲས་ཀྱི་ཆོས་སྐད་ནི་སྲིད་པ་ཙམ་ཡིན་པས་ན་ཁོང་དོན་གྱི་ས་སྐྱ་པར་འཇོག་པ་ནི་དཀའ་བར་སྣང་ངོ་། 

   འོ་ན་རེད་མདའ་བ་དགེ་ལུགས་པ་ནི་དེ་བས་ཀྱང་ག་ལ་ཡིན་ཏེ་དགེ་ལུགས་པ་ནི་རྗེ་ཙོང་ཁ་པ་ལ་བརྟེན་ནས་ད་གཟོད་བྱུང་བས་སོ་སྙམ་ན་ཡང་། དགེ་ལུགས་ཞེས་པའི་ཚིག་ཙམ་ནམ་བྱུང་མིན་གྱིས་འཇོག་དགོས་ན་བཀའ་གདམས་ཞེས་པའི་ཐ་སྙད་ཀྱང་འབྲོམ་སྟོན་པའི་སྐབས་སུ་བྱུང་བ་མ་ཡིན་པར་པོ་ཏོ་བའི་སྐབས་སུ་བྱུང་བ་དང་། འབྲུག་པ་ཞེས་པའི་ཐ་སྙད་ཀྱང་གླིང་རས་ཀྱི་སྐབས་སུ་བྱུང་བ་མ་ཡིན་པར་གཙང་པ་རྒྱ་རས་ཀྱི་སྐབས་སུ་བྱུང་བ། གཡའ་བཟང་ཞེས་པ་ཡང་ཟ་ར་བའི་སྐབས་སུ་བྱུང་བ་མ་ཡིན་པར་གཡའ་བཟང་པའི་སྐབས་སུ་བྱུང་བས་ན་དེ་དག་གི་སྲོལ་འབྱེད་པ་པོ་ཡང་ཡོངས་གྲགས་ལྟར་སྔ་མ་སྔ་མ་ལ་བྱེད་མི་རུང་བར་ཕྱི་མ་ཕྱི་མ་ལ་བྱ་དགོས་པའི་ཐལ་བ་ཡོད། གལ་སྲིད་དེ་དག་གི་ཐ་སྙད་ཕྱི་མའི་སྐབས་སུ་བྱུང་ཡང་ཆོས་དང་གྲུབ་མཐའི་ལུགས་མི་འདྲ་བ་སྔ་མའི་སྐབས་སུ་བྱུང་བས་ཡོངས་གྲགས་ཀྱི་བཤད་སྲོལ་ལ་སྐྱོན་མེད་པར་འདོད་ན་རེད་མདའ་བ་ཡང་དེ་བཞིན་ཏེ། རི་བོ་དགེ་ལྡན་ཞེས་པའི་ཐ་སྙད་ནི་རྗེ་ཙོང་ཁ་པའི་སྐབས་སུ་བྱུང་ཡང་དེ་གང་ལ་ངོས་འཛིན་པའི་ཆོས་དང་གྲུབ་མཐའི་ལུགས་དམིགས་བསལ་བ་ནི་ཐོག་མར་རེད་མདའ་བའི་སྐབས་སུ་དབུ་བརྙེས་པས་སོ།། 

   དེས་ན་རེད་མདའ་བ་དང་ཙོང་ཁ་པའི་འབྲེལ་པ་ནི་ས་སྐྱ་པ་ནས་དགེ་ལུགས་བྱུང་བའི་འབྲེལ་བ་ཞིག་མ་ཡིན་པར་ས་སྐྱ་པ་ནས་རེད་མདའ་བ་ལོགས་སུ་གྱེས་ཤིང་། རེད་མདའ་བ་ནས་རིམ་པས་དགེ་ལུགས་བྱུང་བ་ཞིག་སྟེ། རེད་མདའ་བ་དང་ཙོང་ཁ་པའི་འབྲེལ་པ་ལོ་རྒྱུས་ཀྱི་དཔེ་མཚོན་ཐོག་ནས་བཤད་ན་སངས་རྒྱས་བསྐྱངས་ནས་ཟླ་བ་གྲགས་པ་དང་། ཕྱོགས་ཀྱི་གླང་པོ་ནས་དཔལ་ལྡན་ཆོས་གྲགས་ལྟར། སྔ་མས་གཞི་བཏིང་ཞིང་། ཕྱི་མས་དེ་ཉིད་སྔར་ལས་ཀྱང་ཕུན་སུམ་ཚོགས་སུ་བཏང་བ་ཞིག་གོ། དེ་ནི་དགེ་སློབ་ཀྱི་དཔེ་མཚོན་ཆེས་བླ་ན་མེད་པ་ཞིག་སྟེ། ཕལ་མོ་ཆེས་སློབ་མ་ལ་དགེ་རྒན་ལས་ལྷག་པ་ཡོང་བའི་རེ་བ་མེད་ཀྱང་། དོན་དམ་དུ་སློབ་ཕྲུག་གི་ཤེས་ཚད་ཀྱིས་དགེ་རྒན་གྱི་ཤེས་ཚད་ལས་བརྒལ་མ་ཐུབ་པར་ལྷག་ན་སྤྱི་ཚོགས་ལ་ཡར་རྒྱས་ཀྱི་རེ་བ་ཕལ་ཆེར་མེད་པ་ལྟ་བུ་རེད། དེས་ན་ང་ཚོས་རེད་མདའ་བའི་རྣམ་ཐར་ནས་སློབ་སྦྱོང་ལེན་ཐུབ་པ་མང་པོ་ཡོད་ལ། རེད་མདའ་བའི་མཛད་རྣམ་རྒྱས་པོ་མེད་ཀྱང་ཁོང་གི་མཛད་པ་རྣམས་དམིགས་བསལ་ཡིན་པ་དང་། དེས་བོད་ཀྱི་ལོ་རྒྱུས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པས་ན་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ལ་གོ་བ་ཆ་ཚང་བ་ལེན་པར་རེད་མདའ་བ་ནི་ངེས་པར་དུ་མི་ཤེས་སུ་མི་རུང་བའི་མི་སྣ་གཅིག་ཡིན་ན་ཡང་ཁོང་གི་སྐོར་ལ་ཤེས་རྟོགས་ཡོད་མཁན་ཉུང་བ་ནས་འདིར་ཁོ་བོས་དཔེ་ཀློག་ཟིན་བྲིས་རིང་ཙམ་འདི་ཉིད་བྲིས་པ་ལགས་སོ།། 


0

4 Responses to རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གལ་གནད།

  1. kanpo sherab ལགས་ཀྱིས:

    འདིར་དཔྱད་པ་ཡག་པོ་བརྒྱབ་སྟེ་་བྲིས་ཡོད་པས་རྗེས་སུ་ཡི་རངས་ཞུ།། བསམ་ཚུལ་གཅིག་ཞུ་འདོད་པ་ནི། རྩོམ་པ་པོ་རྩིས་ཆེ་ལེགས་མཐོང་ལགས་ཀྱིས་རང་ཉིད་ཀྱི་རྣམ་དཔྱོད་རྩལ་དུ་འདོན་ཞོར་དུ་ཆོས་བརྒྱུད་དབྱེ་འབྱེད་དང་རིས་ཆོད་ཀྱི་ཚིག་འགའ་བཀོད་པ་དེ་ཅི་ཡིན་ནམ་སྙམ། སྔོན་རྗེ་རིན་པོ་ཆེའི་སྐབས་སུ་ཆོས་བརྒྱུད་བཞི་ལྔའི་ཁྱད་འབྱེད་་བོད་ཕྱི་སྡོད་བཙན་བྱོལ་ལྟར་ཆགས་སྡང་དང་ཕྲག་དོག་མགོ་མནོན་གྱི་ཚུལ་མེད་པ་སྐུ་ཉིད་ཀྱིས་ལོས་མཁྱེན། རེད་མདའ་བ་དེ་དོལ་པོ་བས་ལུང་བསྟན་གནང་རབས་ཡང་གོ་ཐོས་བྱུང་རྒྱུ་འདུག་པས་དཔྱད་ཚལ།

  2. kanpo sherab ལགས་ཀྱིས:

    ཡང་བསྐྱར་ཞིག་འབྲི་འདོད་བྱུང་། ཀུན་མཁྱེན་དོལ་པོའི་སློབ་བརྒྱུད་དང་རེད་མདའ་བས་ཕན་ཚུན་ལ། སེམས་ཙམ་པའི་གྲུབ་མཐའ་གང་ཡིན་ལ་རྩོད་པ་བྱས་པ་གཏན་མེད་ཚུལ། ཉིད་ཀྱིས་དྲངས་པའི་རེད་མདའི་རྣམ་ཐར་དང་གཞུང་ལ་ལྟོས་དང་གསལ། དེ་བཞིན་ཀུན་མཁྱེན་དོལ་པོའི་སློབ་བརྒྱུད་འཛིན་པ་རྣམས་ཀྱི་རྣམ་ཐར་དང་གཞུང་དུའང་གསལ། ཉིད་ནས། (དེའི་སྔོན་དུ་རེད་མདའ་བས་ཇོ་ནང་པས་འདོད་པའི་གཞུང་དེ་དག་སེམས་ཙམ་གྱི་བསྟན་བཅོས་མིན་ན་འོ་ན་སེམས་ཙམ་གྱི་བསྟན་བཅོས་གང་ཞིག་རེད་ཅེས་རྩལ་དུ་བཏོན་ནས་གསུངས་ཡོད།) ཅེས་་བཀོད་པ་འདི་ནི་བདེན་དཔང་མེད་པའི་སྒྲོ་འདོགས་ཁོ་ན་ཡིན། ད་དུང་ཉེས་བཤད་དང་རློམ་བཤད་གཞན་ཞིག་ཡོད་པ་ནི། ཉིད་ནས། (དཔེར་ན་ཙོང་ཁ་པས་ཇོ་ནང་པས་ཁུངས་བཅོལ་བའི་གཞུང་རྣམས་སེམས་ཙམ་པའི་གཞུང་ཡིན་པར་བསྒྲུབས་ན་དེ་རང་གིས་ཇོ་ནང་པའི་གྲུབ་མཐའ་ཉམས་འགྲོ་བར་གསུངས་པ་ལྟར། )ཞེས་རྗེ་རིན་པོ་ཆེས་མ་གསུངས་པ་ཞིག་གསུངས་སོ་ཞེས་རང་གི་རློམ་ཚིག་རྗེ་རིན་པོ་ཆེའི་ཞལ་དུ་དུག་ལྟར་བཙན་དྲངས་ཡོད་པ་འདི་ཉེས་པ་ཆེན་པོའི་གནས་ལགས་མིན་དཔྱད་འཚལ། ད་དུང་། ཉིད་ནས། སེམས་ཙམ་པར་ཆགས་ན་གྲུབ་མཐའ་ཉམས་འགྲོ་ཞེས་འདོད་འདུག་མོད། སེམས་ཙམ་པར་ཆགས་ན་གྲུབ་མཐའ་ཉམས་འགྲོ་བའི་རྒྱུ་མཚན་གང་ཡང་མེད། དཔེར་ན། མདོ་སྡེ་བར་ཆགས་ན་གྲུབ་མཐའ་ཉམས་མི་དགོས་པ་བཞིན་ནོ། དེའི་ཕྱིར་མཁས་པའི་ཉམས་དོད་ས་ནས་བླུན་པོའི་ཚིག་ཤོར་འདུག འོ་དེའི་དོན་དེ་གྲུབ་མཐའ་ནས་གཏན་ཉམས་འགྲོ་བའི་དོན་མ་ཡིན་པར། གྲུབ་མཐའ་གོང་མ་ལས་འོག་མར་ཉམས་འགྲོ་བའི་དོན་ཡིན་ཞེ་ན། རྗེ་རིན་པོ་ཆེས་ཀྱང་དོལ་པོའི་དགོངས་པ་དེ་དབུ་མ་ཞིག་ཡིན་པར་ཁས་བླངས་པར་སོང་། གཞན་ཡང་། རྗེ་ཙོང་ཁ་པ་རྗེས་འབྲང་དང་བཅས་པས། དོལ་པོ་བས་ཁུངས་བཅོལ་བའི་གཞུང་རྣམས་སེམས་ཙམ་པའི་གཞུང་ཡིན་པར་བསྒྲུབས་མོད་ཀྱང་། དེ་ཙམ་གྱིས་དོལ་པོའི་སློབ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་རྒྱུད་་ལ་འཁྲུངས་པའི་ཤེས་རབ་ཀྱི་བསླབ་པ་རྣམས་ག་ལ་ཉམས་འགྲོ རང་གི་ཞེ་འདོད་དེ་གཙུགས་སུ་བཟུང་་ནས་རྗེ་རིན་པོ་ཆེ་་དང་དོལ་པོ་སངས་རྒྱས་མན་ཆད་ཀྱི་ཞལ་དུ་བཙན་བཅུག་བྱས་པས་རྩིས་ཆེ་དང་ལེགས་མཐོང་ཟེར་བ་མིན་ནམ། འདི་དག་གི་སྐོར་བགྲོ་བྱ་འདོད་ཡོད་ན་རིམ་གྱིས་བྱོན་དང་རྩོད་ཆོག

  3. kanpo sherab ལགས་ཀྱིས:

    * ཀུན་མཁྱེན་དོལ་པོའི་སློབ་བརྒྱུད་དང་རེད་མདའ་བ་གཉིས་ཀྱིས་ཕན་ཚུན་ལ། སེམས་ཙམ་པའི་གྲུབ་མཐའ་གང་ཡིན་ལ་རྩོད་པ་བྱས་པ་གཏན་མེད་ཚུལ། ཉིད་ཀྱིས་དྲངས་པའི་རེད་མདའི་རྣམ་ཐར་དང་གཞུང་ལ་ལྟོས་དང་གསལ། དེ་བཞིན་ཀུན་མཁྱེན་དོལ་པོའི་སློབ་བརྒྱུད་འཛིན་པ་རྣམས་ཀྱི་རྣམ་ཐར་དང་གཞུང་དུའང་གསལ། ཉིད་ནས། (དེའི་སྔོན་དུ་རེད་མདའ་བས་ཇོ་ནང་པས་འདོད་པའི་གཞུང་དེ་དག་སེམས་ཙམ་གྱི་བསྟན་བཅོས་མིན་ན་འོ་ན་སེམས་ཙམ་གྱི་བསྟན་བཅོས་གང་ཞིག་རེད་ཅེས་རྩལ་དུ་བཏོན་ནས་གསུངས་ཡོད།) ཅེས་་བཀོད་པ་འདི་ནི་བདེན་དཔང་མེད་པའི་སྒྲོ་འདོགས་ཁོ་ན་ཡིན། ད་དུང་ཉེས་བཤད་དང་རློམ་བཤད་གཞན་ཞིག་ཡོད་པ་ནི། ཉིད་ནས། (དཔེར་ན་ཙོང་ཁ་པས་ཇོ་ནང་པས་ཁུངས་བཅོལ་བའི་གཞུང་རྣམས་སེམས་ཙམ་པའི་གཞུང་ཡིན་པར་བསྒྲུབས་ན་དེ་རང་གིས་ཇོ་ནང་པའི་གྲུབ་མཐའ་ཉམས་འགྲོ་བར་གསུངས་པ་ལྟར། )ཞེས་རྗེ་རིན་པོ་ཆེས་མ་གསུངས་པ་ཞིག་གསུངས་སོ་ཞེས་རང་གི་རློམ་ཚིག་རྗེ་རིན་པོ་ཆེའི་ཞལ་དུ་དུག་ལྟར་བཙན་དྲངས་ཡོད་པ་འདི་ཉེས་པ་ཆེན་པོའི་གནས་ལགས་མིན་དཔྱད་འཚལ། ད་དུང་། ཉིད་ནས། སེམས་ཙམ་པར་ཆགས་ན་གྲུབ་མཐའ་ཉམས་འགྲོ་ཞེས་འདོད་འདུག་མོད། སེམས་ཙམ་པར་ཆགས་ན་གྲུབ་མཐའ་ཉམས་འགྲོ་བའི་རྒྱུ་མཚན་གང་ཡང་མེད། དཔེར་ན། མདོ་སྡེ་བར་ཆགས་ན་གྲུབ་མཐའ་ཉམས་མི་དགོས་པ་བཞིན་ནོ། དེའི་ཕྱིར་མཁས་པའི་ཉམས་དོད་ས་ནས་བླུན་པོའི་ཚིག་ཤོར་འདུག འོ་དེའི་དོན་དེ་གྲུབ་མཐའ་ནས་གཏན་ཉམས་འགྲོ་བའི་དོན་མ་ཡིན་པར། གྲུབ་མཐའ་གོང་མ་ལས་འོག་མར་ཉམས་འགྲོ་བའི་དོན་ཡིན་ཞེ་ན། རྗེ་རིན་པོ་ཆེས་ཀྱང་དོལ་པོའི་དགོངས་པ་དེ་དབུ་མ་ཞིག་ཡིན་པར་ཁས་བླངས་པར་སོང་། གཞན་ཡང་། རྗེ་ཙོང་ཁ་པ་རྗེས་འབྲང་དང་བཅས་པས། དོལ་པོ་བས་ཁུངས་བཅོལ་བའི་གཞུང་རྣམས་སེམས་ཙམ་པའི་གཞུང་ཡིན་པར་བསྒྲུབས་མོད་ཀྱང་། དེ་ཙམ་གྱིས་དོལ་པོའི་སློབ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་རྒྱུད་་ལ་འཁྲུངས་པའི་ཤེས་རབ་ཀྱི་བསླབ་པ་རྣམས་ག་ལ་ཉམས་འགྲོ རང་གི་ཞེ་འདོད་དེ་གཙུགས་སུ་བཟུང་་ནས་རྗེ་རིན་པོ་ཆེ་་དང་དོལ་པོ་སངས་རྒྱས་མན་ཆད་ཀྱི་ཞལ་དུ་བཙན་བཅུག་བྱས་པས་རྩིས་ཆེ་དང་ལེགས་མཐོང་ཟེར་བ་མིན་ནམ། འདི་དག་གི་སྐོར་བགྲོ་བྱ་འདོད་ཡོད་ན་རིམ་གྱིས་བྱོན་དང་རྩོད་ཆོག

  4. kanpo sherab ལགས་ཀྱིས:

    *ཡང་བསྐྱར་ཞིག་འབྲི་འདོད་བྱུང་། ཀུན་མཁྱེན་དོལ་པོའི་སློབ་བརྒྱུད་དང་རེད་མདའ་བས་ཕན་ཚུན་ལ། སེམས་ཙམ་པའི་གྲུབ་མཐའ་གང་ཡིན་ལ་རྩོད་པ་བྱས་པ་གཏན་མེད་ཚུལ། ཉིད་ཀྱིས་དྲངས་པའི་རེད་མདའི་རྣམ་ཐར་དང་གཞུང་ལ་ལྟོས་དང་གསལ། དེ་བཞིན་ཀུན་མཁྱེན་དོལ་པོའི་སློབ་བརྒྱུད་འཛིན་པ་རྣམས་ཀྱི་རྣམ་ཐར་དང་གཞུང་དུའང་གསལ། ཉིད་ནས། (དེའི་སྔོན་དུ་རེད་མདའ་བས་ཇོ་ནང་པས་འདོད་པའི་གཞུང་དེ་དག་སེམས་ཙམ་གྱི་བསྟན་བཅོས་མིན་ན་འོ་ན་སེམས་ཙམ་གྱི་བསྟན་བཅོས་གང་ཞིག་རེད་ཅེས་རྩལ་དུ་བཏོན་ནས་གསུངས་ཡོད།) ཅེས་་བཀོད་པ་འདི་ནི་བདེན་དཔང་མེད་པའི་སྒྲོ་འདོགས་ཁོ་ན་ཡིན། ད་དུང་ཉེས་བཤད་དང་རློམ་བཤད་གཞན་ཞིག་ཡོད་པ་ནི། ཉིད་ནས། (དཔེར་ན་ཙོང་ཁ་པས་ཇོ་ནང་པས་ཁུངས་བཅོལ་བའི་གཞུང་རྣམས་སེམས་ཙམ་པའི་གཞུང་ཡིན་པར་བསྒྲུབས་ན་དེ་རང་གིས་ཇོ་ནང་པའི་གྲུབ་མཐའ་ཉམས་འགྲོ་བར་གསུངས་པ་ལྟར། )ཞེས་རྗེ་རིན་པོ་ཆེས་མ་གསུངས་པ་ཞིག་གསུངས་སོ་ཞེས་རང་གི་རློམ་ཚིག་རྗེ་རིན་པོ་ཆེའི་ཞལ་དུ་དུག་ལྟར་བཙན་དྲངས་ཡོད་པ་འདི་ཉེས་པ་ཆེན་པོའི་གནས་ལགས་མིན་དཔྱད་འཚལ། ད་དུང་། ཉིད་ནས། སེམས་ཙམ་པར་ཆགས་ན་གྲུབ་མཐའ་ཉམས་འགྲོ་ཞེས་འདོད་འདུག་མོད། སེམས་ཙམ་པར་ཆགས་ན་གྲུབ་མཐའ་ཉམས་འགྲོ་བའི་རྒྱུ་མཚན་གང་ཡང་མེད། དཔེར་ན། མདོ་སྡེ་བར་ཆགས་ན་གྲུབ་མཐའ་ཉམས་མི་དགོས་པ་བཞིན་ནོ། དེའི་ཕྱིར་མཁས་པའི་ཉམས་དོད་ས་ནས་བླུན་པོའི་ཚིག་ཤོར་འདུག འོ་དེའི་དོན་དེ་གྲུབ་མཐའ་ནས་གཏན་ཉམས་འགྲོ་བའི་དོན་མ་ཡིན་པར། གྲུབ་མཐའ་གོང་མ་ལས་འོག་མར་ཉམས་འགྲོ་བའི་དོན་ཡིན་ཞེ་ན། རྗེ་རིན་པོ་ཆེས་ཀྱང་དོལ་པོའི་དགོངས་པ་དེ་དབུ་མ་ཞིག་ཡིན་པར་ཁས་བླངས་པར་སོང་། གཞན་ཡང་། རྗེ་ཙོང་ཁ་པ་རྗེས་འབྲང་དང་བཅས་པས། དོལ་པོ་བས་ཁུངས་བཅོལ་བའི་གཞུང་རྣམས་སེམས་ཙམ་པའི་གཞུང་ཡིན་པར་བསྒྲུབས་མོད་ཀྱང་། དེ་ཙམ་གྱིས་དོལ་པོའི་སློབ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་རྒྱུད་་ལ་འཁྲུངས་པའི་ཤེས་རབ་ཀྱི་བསླབ་པ་རྣམས་ག་ལ་ཉམས་འགྲོ རང་གི་ཞེ་འདོད་དེ་གཙུགས་སུ་བཟུང་་ནས་རྗེ་རིན་པོ་ཆེ་་དང་དོལ་པོ་སངས་རྒྱས་མན་ཆད་ཀྱི་ཞལ་དུ་བཙན་བཅུག་བྱས་པས་རྩིས་ཆེ་དང་ལེགས་མཐོང་ཟེར་བ་མིན་ནམ། འདི་དག་གི་སྐོར་བགྲོ་བྱ་འདོད་ཡོད་ན་རིམ་གྱིས་བྱོན་དང་རྩོད་ཆོག

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།