འགྲེལ་པ་བཞི་སྦྲགས་ཞུས་པའི་ཉམས་མྱོང་།

39988


                       རྩོམ་པ་པོ། རྩིས་ཆེ་ལེགས་མཐོང་།

                སྤྱི་ལོ་2019 ཟླ་6 ཚེས་ 23།



ངས་བརྗེད་མི་ཐུབ་པ་ཞིག་ལ་ལོ་ངོ་བཞི་ལྔའི་གོང་དུ་ང་རང་དྷ་སར་འགྲོ་སྐབས་ཤིག་ཏུ་རླངས་འཁོར་ཆུང་ངུ་ཞིག་གི་ནང་དུ་འཛུལ་བ་ན་ལོ་ན་ང་རང་ལས་ཅུང་ཆེ་བའི་གྲྭ་པ་ཞིག་དང་ཐུག ང་རང་སྤྱིར་བཏང་དཔེ་དེབ་ལ་དགའ་བའི་ཐོག་སྐབས་དེར་ང་རང་ལོ་རྒྱུས་ལ་ཞིབ་འཇུག་བྱེད་བཞིན་པའི་སྐབས་ཡིན་པས་གྲྭ་པ་དེས་དཔེ་རས་སེར་པོས་བཏུམ་པའི་དཔེ་ཆ་ཆེན་པོ་དང་རིང་པོ་ཞིག་རླངས་འཁོར་ཆུང་ངུ་དེའི་ནང་དུ་ཤོང་ལ་མི་ཤོང་བའི་ཚུལ་གྱིས་ཁྱེར་ནས་ཡོད་པ་ལ་རྩ་ཆེའི་ཕྱག་དཔེ་དེ་གང་ཡིན་ནམ་སྙམ་པའི་ཤེས་འདོད་དྲག་པོ་སྐྱེས། སྤྱིར་བཏང་ང་རང་ངོ་མི་ཤེས་པའི་མི་ལ་སྐད་ཆ་བཤད་རྒྱུར་དགའ་པོ་མེད་ན་ཡང་ཉིན་དེར་དཔེ་ཆ་དེ་གང་ཡིན་ཤེས་འདོད་བྱུང་བའི་རྐྱེན་གྱིས་གྲྭ་པ་དེས་དྲི་བ་འདྲ་མིན་བཏང་བ་རྣམས་ལ་གུས་པ་དང་བཅས་ལན་བཏབ་ཅིང་། དེ་ནས་ཁོང་ལ་ཁྱེད་ཀྱི་བསྣམས་པའི་ཕྱག་དཔེ་དེ་གང་རེད་དམ་ཞེས་དྲིས་པ་ན། ཁོང་གིས་ད་ཆ་ངའི་རྒྱབ་ལྗོངས་སྐོར་ལ་ཅུང་ཙམ་ཤེས་ཟིན་པས་དཔེ་ཆ་འདི་རང་གིས་ཤེས་ཀྱི་མ་རེད་ཟེར།


གསང་བ་འདུས་པ།

ངས་ལན་དུ་ཡིན་ན་ཡང་ཁྱེད་ཀྱིས་གསུངས་ཙམ་གྱིས་དང་། གཅིག་བྱས་ན་ངས་ཤེས་ཀྱང་སྲིད་ཅེས་བཤད་པས། གྲྭ་པ་དེས་ཉོབ་སྣང་དང་བཅས་དཔེ་ཆ་འདི་གསང་བ་འདུས་པའི་འགྲེལ་པ་བཞི་སྦྲགས་ཟེར་བ་དེ་རེད། འགྲེལ་པ་བཞི་སྦྲགས་ཟེར་བ་གོ་མྱོང་ངམ་ཟེར། ངས་ལན་དུ་འགྲེལ་པ་བཞི་སྦྲགས་རེ་རེ་ནས་གང་ཡིན་མི་ཤེས་ཀྱང་དེའི་ནང་དུ་ཟླ་བ་གྲགས་པས་མཛད་པའི་སྒྲོན་གསལ་ཡོད་པ་དང་། གཞན་རྣམས་རྗེ་ཙོང་ཁ་པས་མཛད་པ་ཡིན་ཚུལ་ཙམ་ཤེས་ཀྱི་ཡོད་ཅེས་བཤད་པས་གྲྭ་པ་དེ་ཏོག་ཙམ་ངོ་མཚར་བ་ལྟ་བུས་ཁྱོད་ཀྱིས་དེ་ཚོ་གང་ནས་ཤེས་སོང་། དེ་སྔོན་དཔེ་ཆ་ལྟ་མྱོང་ཡོད་དམ་སོགས་ཀྱི་དྲི་བ་མང་ཙམ་དྲིས། ཉིན་དེའི་གླེང་མོལ་ལྷག་མ་རྣམས་ནི་བརྗེད་སོང་ན་ཡང་འགྲེལ་པ་བཞི་སྦྲགས་དང་འབྲེལ་བའི་གཏམ་དེ་ནི་ནམ་ཡང་བརྗེད་མི་ཐུབ་པ་ཞིག་རེད། ཕྱིས་སུ་ང་རང་རྡོར་གདན་དུ་འགྲོ་བའི་སྐབས་སུ་ཟ་ཁང་ཁ་ཤས་ཀྱི་སྒོ་འགྲམ་དུ་གསལ་བསྒྲགས་སྦྱར་བ་མཐོང་བའི་ནང་ནས་ཏག་ཏག་གྲྭ་པ་དེའི་དཔར་ནོར་བ་མེད་པར་མཐོང་ཞིང་། གསལ་བསྒྲགས་དེ་དག་གི་ནང་དུ་འཁོད་པ་ལྟར་ན་གྲྭ་པ་དེ་ནི་དགེ་ལུགས་ནས་ཡིན་པའི་དགེ་བཤེས་ཤིག་ཡིན་པ་དང་། ཁོང་གིས་དུས་རྒྱུན་ཕྱི་རྒྱལ་གྱི་མི་རིགས་ཚོར་ཆོས་བཤད་ཀྱི་ཡོད་པ་རེད་འདུག



ངས་དེ་ལྟར་འགྲེལ་པ་བཞི་སྦྲགས་ཀྱི་སྐོར་ལ་གོ་མྱོང་ནས་ཡུན་རིང་པོ་ཡིན་ཀྱང་། འགྲེལ་པ་བཞི་སྦྲགས་རྣམས་གང་དང་གང་ཡིན་པ་བློ་ལ་ངེས་པར་ཡུན་རིང་ཙམ་འགོར་ཞིང་ང་རང་ཙམ་མིན་པར་མི་མང་པོ་ཞིག་ལ་ཡང་དེ་མཚུངས་ཀྱི་ཉམས་མྱོང་ཡོད་པའི་ཡིད་ཆེས་ཡོད། དེ་ནི་ང་ཚོའི་དྲན་ཤེས་བརྟན་པོ་མེད་པའམ་ཤེས་རྟོགས་སྐྱོ་བའི་སྐྱོན་ཙམ་མིན་པར་སྔོན་གྱི་བཤད་སྲོལ་ལ་ཡང་ཁག་ཅུང་ཟད་ཡོད་པར་སྣང་། རྒྱུ་མཚན་འགྲེལ་པ་བཞི་སྦྲགས་རྣམས་གང་དང་གང་ཡིན་མིན་ཐད་རི་བོ་དགེ་ལྡན་པའི་ནང་ཁུལ་དུ་ཡང་བཤད་སྲོལ་གཉིས་ཡོད་པ་རེད་འདུག བཤད་སྲོལ་གཅིག་ལ་འགྲེལ་པ་བཞི་སྦྲགས་ནི་དང་པོ་ཟླ་བ་གྲགས་པས་མཛད་པའི་སྒྲོན་གསལ། གཉིས་པ་རྗེ་ཙོང་ཁ་པས་མཛད་པའི་ས་གཅད་དང་བསྡུས་དོན། གསུམ་པ་རྗེ་ཙོང་ཁ་པས་མཛད་པའི་སྒྲོན་གསལ་གྱི་མཆན་འགྲེལ། བཞི་པ་རྗེ་ཙོང་ཁ་པས་མཛད་པའི་མཐའ་དཔྱོད་བཅས་ཡིན་པ་དང་། ཡང་བཤད་སྲོལ་གཅིག་ལྟར་ན་ཟླ་གྲགས་ཀྱི་སྒྲོན་གསལ་མི་བརྩི་བར་རྗེ་ཙོང་ཁ་པས་མཛད་པ་རྣམས་ཁོ་ན་བགྲང་བའི་ལུགས་སྲོལ་ཞིག་སྟེ། དང་པོ་རྗེ་ཙོང་ཁ་པས་མཛད་པའི་ས་གཅད་དང་བསྡུས་དོན། གཉིས་པ་རྗེ་ཙོང་ཁ་པས་མཛད་པའི་སྒྲོན་གསལ་གྱི་མཆན་འགྲེལ་གཉིས་ལས་དཀྱུས་མཆན་རྣམས། གསུམ་པ་རྗེ་ཙོང་ཁ་པས་མཛད་པའི་སྒྲོན་གསལ་གྱི་མཆན་འགྲེལ་གཉིས་ལས་ཟུར་མཆན་རྣམས། བཞི་པ་རྗེ་ཙོང་ཁ་པས་མཛད་པའི་མཐའ་དཔྱོད་བཅས་ཡིན་པ་རེད། བཤད་སྲོལ་དེ་གཉིས་ལས་ལུགས་ཕྱི་མ་དེ་ཉིད་དར་ཁྱབ་ཆེ་བར་ཐོས་ཀྱང་ང་རང་སྔ་མ་དེ་ལ་མོས་པོ་བྱུང་། 


ལོ་ཆེན་རིན་ཆེན་བཟང་པོ།

བོད་ཀྱི་གསང་སྔགས་ཀྱི་ལོ་རྒྱུས་ཐོག་སྙན་གྲགས་ཆེ་བའི་ཏྲེ་བོ་མགོན་པོའི་རྣམ་ཐར་གྱི་ནང་དུ་ཁོང་ཉིད་རྒྱུད་གསང་བ་ལ་འདུས་པ་མོས་ཀྱང་ལས་འབྲེལ་ཀྱེ་རྡོར་ལ་ཡོད་པར་གཟིགས་པར་གྲགས་པ་བཞིན་ང་ཡང་ཁོར་ཡུག་ཀརྨ་བཀའ་བརྒྱུད་ལ་འཚར་ལོངས་བྱུང་བ་དེས་ཀརྨ་བཀའ་བརྒྱུད་པའི་ཁྲོད་དུ་ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེ་ནས་བཟུང་སྟེ་རྒྱུད་ཀྱི་བཤད་པའི་ནང་ནས་དགྱེས་རྡོར་རམ་བརྟག་གཉིས་ལ་གཙོ་བོ་སྦྱོང་སྲོལ་ཡོད་པ་དེས་ཁོ་བོས་ཀྱང་རྒྱལ་ཚབ་བཅུ་གཉིས་པ་གྲགས་པ་མི་འགྱུར་གོ་ཆའི་མདུན་ནས་དགྱེས་རྡོར་གྱི་རྒྱུད་དང་། ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་ཟབ་མོ་ནང་དོན་གཉིས་ཀྱི་བཤད་པ་ཆ་ཚང་བ་ཐོབ་པ་དེས་གསང་སྔགས་ལ་འཇུག་པའི་ལམ་ཁ་རྙེད་པ་ལྟ་བུའི་ཉམས་མྱོང་ཐོབ། དུས་འཁོར་ལ་དམིགས་བསལ་གྱི་བཤད་པ་མང་ཞིང་། དུས་འཁོར་ལ་མཁས་ན་མཁས་པའི་མཐོང་ཆེ་བ་བཤད་མ་དགོས་ཀྱང་གསང་སྔགས་ཀྱི་རྒྱུད་སྤྱི་ལ་འཇུག་པར་དགྱེས་རྡོར་གྱི་རྒྱུད་བརྟག་གཉིས་ལས་ལྷག་པ་ཕལ་ཆེར་མེད་པ་དེས་ད་དུང་དགྱེས་རྡོར་གྱི་རྒྱུད་ལ་ཧ་ཅང་དགའ་མོས་ཆེ་ཡང་སེམས་གཏིང་ནས་གསང་བ་འདུས་པ་ལ་ཧ་ཅང་མོས་པ་ནི་ངས་རྒྱུ་མཚན་ཅི་ཞིག་ཡིན་མི་ཤེས། ངས་བསམས་ན་དེ་ནི་ཚེ་སྔ་མའི་ལས་སྨོན་ལྟ་བུ་རྒྱུ་མཚན་ཟབ་མོ་ཞིག་ཡོད་པས་མ་ཡིན་པར་གསང་བ་འདུས་པ་ཟེར་བའི་མིང་དེ་སྙན་པོ་ཚོར་བ་ཙམ་གྱིས་ཡིན་སྲིད་ཀྱང་དྲན།


འགོས་ཁུག་པ་ལྷས་བཙས།

བཀའ་བརྒྱུད་པ་མི་ཉུང་བ་ཞིག་གིས་མར་པ་ལས་བྱུང་བའི་གསང་བ་འདུས་པའི་བཤད་རྒྱུན་ནི་ད་ལྟ་ང་ཚོ་བཀའ་བརྒྱུད་ལ་མེད་པར་དགེ་ལུགས་པར་ཡོད་པས་རང་གི་མེས་པོའི་རྒྱུ་ནོར་རྩ་ཆེན་ཞིག་རང་ཉིད་ཀྱིས་བདག་མ་ཕོག་པར་གཞན་དག་གིས་བདག་ཏུ་བཟུང་ཡོད་པ་ལྟར་སྙམ་གྱི་ཡོད་ཅིང་། ང་ལ་ཡང་དེའི་བག་ཆགས་ཡུན་རིང་ཙམ་ཡོད་ན་ཡང་། ད་ལྟའི་ཆར་ང་རང་གསང་བ་འདུས་པ་ལ་མོས་པ་ནི་དེ་འདྲའི་རྒྱུ་མཚན་གྱིས་མིན། གང་ཡིན་ཞེ་ན་གསང་བ་འདུས་པ་ལ་དབང་དང་། རྒྱུད་ཀྱི་བཤད་པ། མན་ངག་གི་ཁྲིད་སོགས་ཆ་ལག་མང་པོ་ཞིག་ཡོད་པ་ལས་མར་པ་ནས་བརྒྱུད་པའི་དབང་དང་མན་ངག་གཉིས་པོ་ནི་ད་ལྟའི་བར་བཀའ་བརྒྱུད་དང་དགེ་ལུགས་གཉིས་ཀར་ཡོད་ཅིང་། དགེ་ལུགས་པར་ཡོད་པའི་གསང་བ་འདུས་པའི་རྒྱུད་ཀྱི་བཤད་པ་ནི་གཙོ་བོ་འགོས་ཁུག་པ་ལྷས་བཙས་ལས་བརྒྱུད་པ་ཡིན་པར་གྲགས་པ་ལྟར་གཙོ་བོ་འགོས་ལུགས་ཡིན་པ་ལས་མར་ལུགས་ཀྱི་བཤད་པ་མཚན་ཉིད་ཚང་བ་ཞིག་མིན་པར་མངོན། དེར་བརྟེན་རྗེ་རིན་པོ་ཆེས་རིམ་ལྔ་གསལ་སྒྲོན་ལས་མར་པ་ལ་གསང་བ་འདུས་པ་བཤད་སྲོལ་བདུན་ཡོད་པར་གྲགས་ཀྱང་བོད་དུ་སྒྲོན་གསལ་གྱི་བཤད་པ་མ་ཚུགས་ཤིང་རིམ་ལྔའི་གདམས་ངག་གི་དར་རྒྱས་ཆེ་བར་བྱུང་ཞེས་གསུངས་ཤིང་། རྗེ་རིན་པོ་ཆེས་གསང་འདུས་ཀྱི་མཆན་འགྲེལ་གྱི་ནང་དུ་ཡང་གཙོ་བོ་འགོས་དང་། ཆག་ལོ། པ་ཚབ་གསུམ་གྱི་འགྱུར་ཙམ་ལས་ཁོང་གིས་མར་པའི་མཚན་ཡང་རེ་གཉིས་ལས་སྨོས་གནང་མེད།


བུ་སྟོན་རིན་ཆེན་གྲུབ།

དེ་ལྟར་ན་ཡང་རྗེ་ཙོང་ཁ་པའི་གསང་འདུས་ཀྱི་བརྒྱུད་པ་ནི་གཙོ་བོ་བུ་སྟོན་ལས་བྱུང་བ་ལ། བུ་སྟོན་གྱིས་གསང་འདུས་གསན་ས་འཕགས་འོད་ཡིན་ཅིང་། བུ་སྟོན་གྱིས་མཛད་པའི་གསང་འདུས་ཀྱི་བཤད་ཐབས་ནང་དུ་འཕགས་འོད་ལ་མར་འགོས་གཉིས་ཀའི་བཤད་རྒྱུན་ཡོད་པར་གསུངས་པས་ན་བུ་སྟོན་ལ་མར་པའི་ལུགས་ཀྱི་གསང་འདུས་རྒྱུད་ཀྱི་ལུང་རྒྱུན་ཙམ་ཡོད་པ་ནི་བཤད་མ་དགོས་ཀྱང་། མཚན་ཉིད་ཚང་བའི་བཤད་རྒྱུན་དངོས་ཡོད་མེད་ནི་བརྟག་པར་བྱ་བ་སྟེ། ཁོ་བོས་བསམས་ན་དཔེར་ན་བོད་དུ་རྒྱུད་བླ་མ་ལ་བཤད་རྒྱུན་མི་འདྲ་བ་མང་པོ་ཞིག་ཡོད་པ་ལ་འཇམ་མགོན་བློ་གྲོས་མཐའ་ཡས་ལྟ་བུར་བརྒྱུད་པ་དེ་དག་ཆ་ཚང་བ་བཞུགས་ཤིང་ཁོང་གིས་སློབ་མ་ཞིག་ལ་རྒྱུད་བླ་མ་ཁྲིད་པའི་དབང་དུ་བྱས་ན་གལ་སྲིད་ཁོང་གིས་བདེ་བར་གཤེགས་པའི་སྙིང་པོ་ནི་སྟོང་པ་ཉིད་རང་གི་དབང་དུ་མཛད་ནས་ཁྲིད་ན་བཤད་རྒྱུན་དེ་ནི་རྔོག་ལོའི་བཤད་རྒྱུན་རེད་ལ། གལ་སྲིད་ཁོང་གིས་བདེ་བར་གཤེགས་པའི་སྙིང་པོ་ནི་རྟག་བརྟན་ཐེར་ཟུག་གི་ངོ་བོར་བཀྲལ་ནས་ཁྲིད་ན་དེ་ནི་ཇོ་ནང་པའི་བཤད་རྒྱུན་ཡིན་པ་རེད། དེ་བཞིན་ཁོང་གིས་བདེ་བར་གཤེགས་པའི་སྙིང་པོ་ནི་ཐ་མལ་གྱི་ཤེས་པ་ཡིན་པར་གསུངས་ནས་བདེ་གཤེགས་སྙིང་པོ་དང་ཕྱག་རྒྱ་ཆེན་པོ་གཉིས་ངོ་བོ་གཅིག་པར་བཀྲལ་ནས་ཁྲིད་གནང་ན་དེ་ནི་བཀའ་བརྒྱུད་པའི་བཤད་རྒྱུན་རེད། དཔེ་དེ་བཞིན་དུ་བཤད་རྒྱུན་ཡོད་མེད་དང་གང་གི་བཤད་རྒྱུན་ཡིན་མིན་ཀྱང་དེ་འདྲའི་ཁྱད་ཆོས་ཚང་མིན་ལ་བལྟ་དགོས་པ་ལས་ཐོགས་མེད་ཀྱིས་མཛད་པའི་རྒྱུད་བླའི་འགྲེལ་པའི་ལུང་ཙམ་ཞུས་ནས་ས་དགེ་བཀའ་རྙིང་ཡོངས་སུ་རྫོགས་པའི་རྒྱུད་བླ་མའི་བཤད་རྒྱུན་གྱི་ཆུ་བོ་ཐམས་ཅད་ང་ལ་འདུས་ཡོད་ཅེས་བཤད་ན་ག་ལ་རུང་།


རྗེ་ཙོང་ཁ་པ།

དེ་གཞིར་བཟུང་གིས་བསམས་ན་ད་ལྟ་གསང་འདུས་རྩ་རྒྱུད་དང་འགྲེལ་པ་སྒྲོན་གསལ་བཅས་ལ་མར་ལུགས་ཀྱི་ལུང་རྒྱུན་ཡང་ཡོད་པ་ཙམ་ལས་མར་ལུགས་ཀྱི་གསང་བ་འདུས་པའི་བཤད་རྒྱུན་ཟེར་བ་མཚན་ཉིད་ཚང་བའམ་རང་རྐང་ཚུགས་པ་ཞིག་ཡོད་པར་མ་མཐོང་ཞིང་། དེ་བཞིན་དགེ་ལྡན་པའི་མཁས་པ་འགས་མར་ལུགས་ཀྱི་མན་ངག་རིམ་ལྔ་ལ་རྗེ་རིན་པོ་ཆེས་ཞུ་དག་མཐར་ཕྱིན་པ་གནང་ཞིང་དེའི་བརྒྱུད་འཛིན་རྣམས་ཀྱིས་ད་ལྟའི་བར་འཛིན་སྐྱོང་སྤེལ་གསུམ་གནང་བ་དེས་བཀའ་བརྒྱུད་པ་རྣམས་ཀྱིས་རྗེ་ཙོང་ཁ་པ་གཙོ་བོར་གྱུར་པའི་དགེ་ལྡན་པ་རྣམས་ལ་བཀའ་དྲིན་རྗེས་དྲན་ཚོར་དགོས་པ་ལྟར་སེམས་པར་བྱེད་ཅིང་བཤད་པར་ཡང་བྱེད་མོད། དོན་དུ་ད་ལྟ་ཡོད་པའི་བཀའ་བརྒྱུད་ནི་དྭགས་པོ་བཀའ་བརྒྱུད་ཡིན་པ་དང་། དྭགས་པོ་བཀའ་བརྒྱུད་དང་རི་བོ་དགེ་ལྡན་པ་གཉིས་པོ་མདོ་ཕྱོགས་ནས་གཉིས་ཀ་བཀའ་གདམས་པ་ཡིན་པ་ཡོངས་གྲགས་དང་། སྔགས་ཀྱི་ཆ་ནས་རྗེ་ཙོང་ཁ་པས་ཀྱང་གཙོ་བོ་མར་ལུགས་མཛད་པའི་ཚུལ་དགེ་ལྡན་པའི་མཁས་པ་ལས་ཆེན་ཀུན་དགའ་རྒྱལ་མཚན་སོགས་ཀྱིས་གསུངས་ཤིང་། རྗེ་རིན་པོ་ཆེའི་གསང་སྔགས་ཀྱི་བསྟན་པ་ནི་གཙོ་བོ་གསང་འདུས་ཀྱི་ཁྲིད་མར་པ་ནས་བརྒྱུད་པའི་རིམ་ལྔ་ཡིན་པ་དང་། དེའི་ནང་ནས་ཀྱང་གཙོ་བོ་སྒྱུ་ལུས་ཡིན་པ་ཡོངས་གྲགས་ལ། དེའི་ངེས་པ་ནི་རྗེ་བཙུན་མི་ལ་རས་པའི་མགུར་ལ་བརྟེན་ནས་རྙེད་ཚུལ་རྗེ་ཙོང་ཁ་པའི་རྣམ་ཐར་དུ་གསལ་བ་ལྟར་གསང་སྔགས་ཀྱི་ཆ་ནས་དགེ་ལྡན་པ་ཡང་བཀའ་བརྒྱུད་པ་དང་དེ་ཡང་མར་པ་བཀའ་བརྒྱུད་པ་ཡིན་པས་ན། དེ་ཤེས་པའི་སྒོ་ནས་དགེ་ལྡན་པས་མར་པ་བཀའ་བརྒྱུད་ལ་ཡར་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་ལས་ཚུར་དྭགས་པོ་བཀའ་བརྒྱུད་པར་རྫིག་རྫིག་བསྟན་ན་འོས་ཤིང་འཚམས་པ་ཞིག་ག་ལ་ཡིན།

མདོར་ན་བོད་བརྒྱུད་ནང་བསྟན་དང་ཡེ་ཤུའི་ཆོས་ལུགས་གཉིས་བསྡུར་ནས་བཤད་ན་སངས་རྒྱས་ཤཱཀྱ་ཐུབ་པ་ནི་བོད་བརྒྱུད་ནང་བསྟན་གྱི་ཡིན་པར་བཤད་ན་འགྲིག་ཀྱང་བོད་བརྒྱུད་ནང་བསྟན་དང་གནས་བརྟན་སྡེ་པ་གཉིས་བསྡུར་ནས་བཤད་སྐབས་སངས་རྒྱས་ཤཱཀྱ་ཐུབ་པ་ནི་བོད་བརྒྱུད་ནང་བསྟན་གྱི་ཡིན་པར་བཤད་ན་མི་འགྲིག་པར་གཉིས་ཀའི་སྟོན་པ་ཡིན་པ་ལྟར། སྤྱིར་དྭགས་པོ་བཀའ་བརྒྱུད་པས་ཁུངས་གཏུགས་ས་བོད་དུ་མར་པ་དང་རྒྱ་གར་དུ་ནཱ་རོ་པ་ཡིན་ཅིང་། ས་སྐྱ་པས་ཁུངས་གཏུག་ས་བོད་དུ་འབྲོག་མི་དང་རྒྱ་གར་དུ་བིར་ཝ་པ་ཡིན་ཀྱང་། དེ་ཙམ་གྱིས་མར་པ་དང་ནཱ་རོ་པ་གཉིས་དྭགས་པོ་བཀའ་བརྒྱུད་པའི་ཡིན་པ་དང་། འབྲོག་མི་དང་བིར་ཝ་པ་གཉིས་ས་སྐྱ་པའི་ཡིན་པར་བཤད་ན་ག་ལ་འགྲིག འབྲོག་མིའི་འགྱུར་གྱིས་མར་པ་བཀའ་བརྒྱུད་སོགས་གསང་སྔགས་གསར་མ་སྤྱི་ལ་ཁྱབ་ཡོད་ཅིང་། མར་པའི་རྒྱུད་དང་མན་ངག་གིས་ཀྱང་བཀའ་བརྒྱུད་དང་ས་སྐྱ། དགེ་ལུགས་གསུམ་གར་ཁྱབ་ཡོད་པ་ནི་རྩོད་མེད་ཀྱི་བླ་མ་དེ་དག་བོད་བརྒྱུད་ནང་བསྟན་ཐུན་མོང་གི་ཡིན་པ་ལས་ཆོས་བརྒྱུད་བྱེ་བྲག་པ་གང་རུང་ཞིག་གི་བླ་མ་ཉི་ཚེ་བ་ཞིག་མིན་པས་རེད། དེའི་རྒྱུ་མཚན་གྱིས་ས་ཆེན་ཀུན་དགའ་སྙིང་པོ་དང་ས་སྐྱ་པཎྜི་ཏ་སོགས་ས་སྐྱ་གོང་མ་རྣམས་ཀྱིས་དྭགས་པོ་བཀའ་བརྒྱུད་པའི་ཕྱག་ཆེན་ལ་དགག་པ་མཛད་པ་ལས་མར་པ་ལ་དགག་པ་མཛད་པ་ལྟ་ཞོག་མར་པ་ནས་བརྒྱུད་པའི་དབང་ལུང་མན་ངག་ཁྲིད་མང་པོ་ཞུས་ཚུལ་དེ་དག་གི་རྣམ་ཐར་རྣམས་སུ་འབྱུང་ན་ཡང་། ཕྱིས་སུ་ཞིབ་ཕྲ་དེ་འདྲ་འབྱེད་མ་ཐུབ་པས་ཀུན་མཁྱེན་གོ་རམས་པས་ཀྱང་དྭགས་པོ་བཀའ་བརྒྱུད་པ་ལ་ཐུགས་མ་མཉེས་པའི་རྐྱེན་གྱིས་མར་ལུགས་ཀྱི་གསང་འདུས་ལ་ཡང་ཟུར་ཟ་རེ་གནང་མོད། ཁོ་བོས་ནི་སྙིང་པོ་དེ་ཙམ་ཡོད་པར་མ་མཐོང་ངོ་།

གང་ལྟར་ཡང་རྒྱུ་མཚན་དམིགས་བསལ་འདི་ཡིན་སྙམ་པ་མེད་ཀྱང་ང་རང་གསང་བ་འདུས་པ་ལ་དགའ་མོས་བྱུང་ནས་ཡུན་རིང་ཡིན་ཅིང་། བར་སྐབས་ཤིག་ཏུ་གསང་སྔགས་ནི་ནང་ཆོས་ཀྱི་ནང་ནས་རྨོངས་དད་ཆེ་ཤོས་ཀྱི་ཆོས་ལུགས་ལྟ་བུར་མཐོང་ནས་ཅུང་མི་དགའ་བར་གྱུར་ཀྱང་། གསང་སྔགས་ཀྱི་རྒྱུད་སྡེ་གལ་ཆེ་བ་རྣམས་ཀྱི་བསྐྱེད་རིམ་དང་རྫོགས་རིམ་གྱི་ཁྲིད་རྣམས་དང་། དེ་དག་དང་འབྲེལ་བའི་ལྟ་གྲུབ་སྐོར་གྱི་གསུང་རྩོམ་དང་དཔྱད་རྩོམ་མི་ཉུང་བ་བལྟས་པ་ན་གསང་སྔགས་ཀྱི་རྒྱུད་ལ་སྤྲོ་བ་ཇེ་ཆེར་གྱུར། ལྷག་པར་གསང་སྔགས་ནི་སྲོལ་རྒྱུན་གྱི་རིག་གནས་གལ་ཆེན་ཞིག་ཡིན་པ་ལ། དེ་ལྟར་ན་གསང་སྔགས་ཀྱི་རིག་གནས་ཤིག་ད་ལྟ་གནས་ཡོད་མེད་ནི་ད་ལྟ་དེའི་དཔེ་ཆ་ཡོད་མེད་དང་། དེའི་སྐོར་ལ་སློབ་སྦྱོང་དང་ཉམས་ཞིབ་བྱེད་པའི་ལུགས་སྲོལ་ཡོད་མེད་ཙམ་མ་ཡིན་པར་དེའི་དབང་ལུང་ཁྲིད་གསུམ་གྱི་བརྒྱུད་པ་ཡོད་མེད་ལ་ཐུག་ཡོད་པར་ཤེས་ནས། རང་ཉིད་ཀྱིས་སྤྲོ་བ་ཡོད་པའི་གསང་སྔགས་ཀྱི་གཞུང་གང་ཞིག་ལ་སྦྱངས་ན་ཡང་དེ་དང་དེའི་དབང་དང་ལུང་ཞུ་བ་སོགས་ལ་ཡང་སྤྲོ་བ་ཇེ་ཆེར་གྱུར། དྲང་པོ་བཤད་ན་དེ་ནི་ངས་གསང་སྔགས་ཀྱི་གཞུང་གང་ཞིག་ལ་སྦྱངས་པས་དེའི་རིག་གནས་ལ་གུས་པ་ཐོབ་ཅིང་། དེ་ལ་གུས་པ་ཐོབ་པས་དེའི་རིག་གཞུང་ལ་རང་ཉིད་ཀྱང་ལུགས་དང་མཐུན་པར་ཞུགས་འདོད་ཡོད་པའི་རྒྱུ་མཚན་ལས་དད་ལྡན་པ་གཞན་རྣམས་ལྟར་དབང་དང་ལུང་ལ་དམིགས་བསལ་གྱི་ནུས་པ་ཆེན་པོ་ཞིག་ཡོད་པར་ཡིད་ཆེས་ཆེ་བའི་རྒྱུ་མཚན་གྱིས་མིན།

དམིགས་བསལ་གྱི་ནུས་པ་ཡོད་མེད་གང་ལྟར་ཡང་བག་ཆགས་ཤིག་གིས་ཡོད་སྲིད་པའི་རེ་བ་ཞིག་ཡོད་པ་དེས་འདས་པའི་ལོ་ཤས་ནང་ངས་རང་ཉིད་ཀྱི་གསང་སྔགས་ཀྱི་དབང་ལུང་ཁྲིད་གསུམ་དང་། ད་དུང་གལ་ཆེ་ཤོས་གསང་སྔགས་ཀྱི་རྒྱུད་ཀྱི་བཤད་པ་ནི་ཁྱད་དུ་འཕགས་པའི་རྒྱུ་ནོར་ལྟ་བུར་ངོས་འཛིན་གྱིས་གང་ཐོབ་ཐོབ་རེ་ཞུས་པ་ལས་གལ་ཆེ་ཤོས་ནི་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེའི་མདུན་ནས་མར་ལུགས་ཀྱི་རྒྱུད་སྡེ་རྣམས་ཀྱི་དབང་ལུང་ཁྲིད་གསུམ་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་ཕྱོགས་བསྒྲིགས་གནང་བ་བཀའ་བརྒྱུད་སྔགས་མཛོད་ཅེས་པ་ཆ་ཚང་བ་ཐོབ་ཅིང་། རྒྱུད་སྡེ་རྣམས་ཀྱི་བཤད་པའི་ནང་ནས་ཐོག་མར་དགྱེས་པ་རྡོ་རྗེ་སྟེ་ས་རྔོག་སྤྱི་དང་བྱེ་བྲག་ཏུ་ཀརྨ་བཀའ་བརྒྱུད་པས་གལ་ཆེ་ཤོས་སུ་ངོས་འཛིན་པའི་རྒྱུད་ཀྱི་བཤད་པ་དེ་ཐོབ་པས་ན་དགའ་བ་དང་སྤོབས་པ་ཆེ་ཤོས་ཤིག་ཡིན། དེ་རྗེས་ལོ་འདིར་སླར་ཡང་རྒྱལ་ཚབ་རིན་པོ་ཆེའི་སྐུ་མདུན་ནས་འཇམ་དཔལ་མཚན་བརྗོད་ཀྱི་དབང་དང་ཁྲིད། རྔོག་ཞེ་སྡང་རྡོ་རྗེས་མཛད་པའི་འགྲེལ་པ་དང་། འབྲུག་གི་རྗེ་མཁན་པོ་དགེ་འདུན་རིན་ཆེན་གྱིས་མཛད་པའི་འགྲེལ་པ་རྣམས་གཞིར་བཞག་ཐོག་རྒྱུད་ཀྱི་བཤད་པ་ཡང་ཆ་ཚང་བ་ཐོབ་པ་ལ། འཇམ་དཔལ་མཚན་བརྗོད་ནི་རྣལ་འབྱོར་བླ་མེད་ཀྱི་ཕ་རྒྱུད་ལ་འདོད་ཆགས། ཞེ་སྡང་། གཏི་མུག་བཅས་རིགས་གསུམ་ཡོད་པ་ལས་གཏི་མུག་རིགས་ཀྱི་རྒྱུད་ཀྱི་ངོས་འཛིན་ས་གཙོ་བོ་དེ་ཡིན་པས་ན་ད་ལྟའི་བར་རྒྱུད་འདིའི་བཤད་པ་བཞུགས་ཤིང་། དེ་ཡང་རང་ཉིད་ཀྱིས་ཐོབ་པར་སྤྲོ་བ་ཤིན་ཏུ་ཆེ།

དེ་ནས་ད་རེས་རྒྱུད་སྟོད་ར་མོ་ཆེར་སླེབས་ནས་གསང་བ་འདུས་པའི་འགྲེལ་པ་བཞི་སྦྲགས་ཞུ་རྒྱུ་བྱུང་བ་ལ། གསང་བ་འདུས་པ་ནི་སྤྱིའི་ཆ་ནས་བུ་སྟོན་ཐམས་ཅད་མཁྱེན་པ་དང་། རེད་མདའ་བ་གཞོན་ནུ་བློ་གྲོས། རྗེ་ཙོང་ཁ་པ་དང་། འགོས་ལོ་གཞོན་ནུ་དཔལ་སོགས་མཁས་པའི་སྙན་གྲགས་ཆེ་བའི་བླ་མ་མང་པོས་ཐུགས་མཉེས་ཤོས་ཀྱི་རྒྱུད་ཅིག་ཡིན་པས་ན་ཁོང་རྣམ་པས་འདི་ཉིད་རྒྱུད་ཀྱི་རྒྱལ་པོ་ཡིན་པའི་ཚུལ་ལུང་དང་རིགས་པ་མང་པོས་བསྒྲུབས་གནང་ཡོད། རྗེ་ཙོང་ཁ་པས་གཉིས་མེད་ཀྱི་རྒྱུད་ཅེས་པ་ཟུར་དུ་ཡོད་པར་མི་བཞེད་པས་ཞལ་ནས་གསུངས་པ་ཙམ་མིན་པར་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོར་ཐུགས་གཏིང་ནས་ཡིད་ཆེས་ཡོད་ངེས་ཀྱང་། གཅིག་ཤོས་བུ་སྟོན་དང་འགོས་ལོ་གཞོན་ནུ་དཔལ་སོགས་ཀྱིས་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་མཐར་ཐུག་པ་ལ་འདོད་མིན་ནི་བཤད་དཀའ། གང་ལྟར་ན་ཡང་གསང་སྔགས་ལ་ཕ་རྒྱུད་དང་མ་རྒྱུད་གཉིས་ཡོད་པ་ལས་ཕ་རྒྱུད་ཀྱི་རྒྱུད་གལ་ཆེ་ཤོས་གསང་བ་འདུས་པ་ཡིན་པ་ནི་བོད་ཀྱི་མཁས་པ་ཐམས་ཅད་ཀྱིས་རྩོད་མེད་དུ་ཞལ་གྱིས་བཞེས་པ་ཞིག་ཡིན་པས་ན་གསང་སྔགས་ཀྱི་རིག་གནས་འཚོལ་མཁན་ཁོ་བོ་ལྟ་བུར་མཚོན་ན་སྤྱི་སྒེར་གང་ནས་ཀྱང་མ་མཐར་ཡང་རྒྱུད་འདིའི་ལུང་ཙམ་ཐོབ་པ་ནི་ཧ་ཅང་གལ་ཆེན་དུ་ངོས་འཛིན་གྱི་ཡོད་པའི་ཆ་ནས་ཐེངས་འདིར་འཛིན་གྲྭ་འདིར་ཞུགས་ཐུབ་པ་བྱུང་བ་ནི་ཡུན་རིང་སེམས་ལ་ཉར་བའི་རྨི་ལམ་ཞིག་མངོན་དུ་གྱུར་པར་ངོས་འཛིན་གྱི་ཡོད།

ཆོས་ལུགས་པའི་དད་མོས་ཙམ་མིན་པར་དེང་རབས་ཞིབ་འཇུག་པའི་ངོས་ནས་བཤད་ན་ཡང་གསང་བ་འདུས་པ་ནི་ནང་པའི་རྒྱུད་གལ་ཆེ་ཤོས་ཤིག་ཡིན་པ་ཡང་། དེང་རབས་མཁས་པ་རྣམས་ཀྱིས་བཤད་ན་ནང་པ་སངས་རྒྱས་པ་རྣམས་ཀྱིས་ཐོག་མར་ནང་པའི་ཐེག་པ་ཆེན་པོ་དང་ཧིན་དྷུ་ཆོས་ལུགས་ཀྱི་ཆོ་ག་བཅས་ལ་གཞི་བྱས་ནས་བྱ་རྒྱུད་ཀྱི་གཟུངས་སྔགས་རྣམས་བརྩམས་ཤིང་། དེ་ནས་སྤྱོད་རྒྱུད་ཀྱི་རྣམ་སྣང་མངོན་བྱང་བརྩམས། དེ་ནས་རྣལ་འབྱོར་རྒྱུད་ཀྱི་དེ་ཉིད་བསྡུས་པ་བརྩམས་ཤིང་། དེ་རྗེས་རྒྱ་གར་དུ་རྣལ་འབྱོར་རྒྱུད་ཀྱི་སློབ་དཔོན་ཀུན་དགའ་སྙིང་པོས་རྣལ་འབྱོར་རྒྱུད་དུ་བཀྲལ་ཞིང་བོད་ལ་རྣལ་འབྱོར་བླ་མེད་དུ་ངོས་འཛིན་པ་སྒྱུ་འཕྲུལ་དྲ་བའི་རྒྱུད་ཅེས་གྲགས་པ་གསང་བ་འདུས་པ་དང་མཐུན་ཆ་ཧ་ཅང་ཆེ་བའི་རྒྱུད་དེ་བརྩམས་པ་དང་། དེ་ནས་གསང་བ་འདུས་པ་བརྩམས་པར་བཤད། རྣལ་འབྱོར་གྱི་རྒྱུད་དེ་ཉིད་བསྡུས་པ་དང་། གསང་བ་འདུས་པ་གཉིས་ལ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པས་ན་རྒྱ་གར་དུ་པཎ་ཆེན་ནཱ་རོ་པ་དང་། བོད་དུ་རྗེ་ཙོང་ཁ་པ་སོགས་ཀྱིས་གསང་བ་འདུས་པ་ལྟོས་ན་དེ་ཉིད་བསྡུས་པ་ནི་རྩ་རྒྱུད་ལ་ངོས་འཛིན་ན་ཆོག་པར་གསུངས་ཡོད།

གང་ལྟར་ཡང་ནང་པའི་གསང་སྔགས་ཀྱི་ལྟ་གྲུབ་ཚད་མཐོ་ཤོས་ནི་རྣལ་འབྱོར་བླ་མེད་ཀྱི་རྒྱུད་དུ་གསལ་བ་ལ། དེང་རབས་མཁས་པ་རྣམས་ཀྱིས་ཞིབ་འཇུག་བྱས་པ་ལྟར་ན་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་གལ་ཆེ་བའི་ནང་ནས་ཐོག་མར་བརྩམས་པ་ནི་གསང་བ་འདུས་པའི་རྒྱུད་ཡིན་པ་རེད། རྒྱ་གར་དུ་དུས་རབས་བརྒྱད་པའི་ཡས་མས་ལ་གསང་བ་འདུས་པ་དར་འཕེལ་བྱུང་ཞིང་། རྒྱ་ནག་ཏུ་སྤྱི་ལོ་༡༠༠༢ ལོར་དཱ་ན་པཱ་ལའམ་སྦྱིན་པ་སྐྱོང་ཞེས་པས་གསང་བ་འདུས་པའི་རྒྱུད་རྒྱ་ཡིག་ཏུ་བསྒྱུར་ན་ཡང་དར་འཕེལ་ཆེན་པོ་བྱུང་ཐུབ་མེད། བོད་དུ་བོད་བཙན་པོའི་སྐབས་ནས་གསང་བ་འདུས་པ་འགྱུར་བས་ན་རྙིང་མའི་རྒྱུད་ཀྱི་ནང་ནས་གལ་ཆེ་ཤོས་གཅིག་ཏུ་ངོས་འཛིན་སྲོལ་ཡོད་ཀྱང་། གསང་སྔགས་གསར་མ་བ་རྣམས་ཀྱིས་རྙིང་མའི་རྒྱུད་ཀྱི་ནང་དུ་བཞུགས་པ་དེ་ལ་ཡིད་རྟོན་བྱེད་སྲོལ་མེད་པར་བསྟན་པ་ཕྱི་དར་གྱི་སྐབས་སུ་ལོ་ཆེན་རིན་ཆེན་བཟང་པོས་བསྒྱུར་ཞིང་། དེ་གཞིར་བཞག་གིས་འགོས་ཁུག་པ་ལྷས་བཙས་དང་། པ་ཚབ་ཉི་མ་གྲགས། ཆག་ལོ་ཆོས་རྗེ་དཔལ་སོགས་ཀྱིས་འགྱུར་དང་འགྱུར་ཞུས་བྱས་པ་རྣམས་ལ་བརྟེན་ནས་འཆད་ཉན་བྱེད་སྲོལ་བྱུང་།

བོད་འགྱུར་གྱི་གསང་བ་འདུས་པར་ལེ་བཅུ་བདུན་ཡོད་ན་ཡང་། ཐོག་མའི་ལེའུ་བཅུ་གཉིས་པོར་གསང་འདུས་རྩ་རྒྱུད་ཀྱི་བརྗོད་བྱ་གལ་ཆེ་ཤོས་སྒྲུབ་པ་ཡན་ལག་བཞི་སྐོར་བཤད་ཟིན་པ་དང་། གཞན་ཡང་རྩོམ་གྱི་འགྲོས་སོགས་ལ་དཔྱད་པའི་སྒོ་ནས་ཉི་ཧོང་གི་མཁས་པ་ 松永Matsunaga མ་ཚུ་ན་རྒ་སོགས་ཀྱིས་ཐོག་མར་གསང་བ་འདུས་པའི་རྩ་རྒྱུད་ཀྱི་ལེའུ་དང་པོ་ནས་ལེའུ་བཅུ་གཉིས་པའི་བར་དུ་བརྩམས་པ་དང་། ལེའུ་བཅུ་གསུམ་པ་ནས་བཟུང་ལེའུ་བཅུ་བདུན་པའི་བར་སྨད་ཀྱི་ལེའུ་ལྔ་ནི་ཕྱིས་སུ་བརྩམས་པ་ཞིག་ཡིན་པ་དང་། དེའི་རྒྱུ་མཚན་གྱིས་གསང་འདུས་ཀྱི་བཤད་རྒྱུད་དགོངས་པ་ལུང་སྟོན་གྱིས་ལེའུ་ཕྱི་མ་ལྔ་ཡི་སྐོར་ལ་འགྲེལ་བརྗོད་མ་གནང་བ་ཞིག་ཡིན་པར་བཤད། འོན་ཀྱང་རྗེ་ཙོང་ཁ་པས་ནི་དགོངས་པ་ལུང་བསྟན་ཆ་ཚང་བ་བོད་དུ་མ་འགྱུར་བར་གསུངས། གང་ལྟར་གསང་འདུས་ཀྱི་ལེའུ་སྔ་མ་རྣམས་ལ་ལྟོས་ན་ལེའུ་ཕྱི་མ་རྣམས་ནི་ཧ་ཅང་རིང་བ་དང་ནང་དོན་ཀྱང་དགྲ་བགེགས་གསོད་བཅོམ་སོགས་ལས་ཚོགས་གཙོ་བོར་བྱས་པ་ལས་ལྟ་གྲུབ་དམིགས་བསལ་གལ་ཆེན་དེ་ཙམ་མེད་པ་སོགས་ཀྱིས་ལེའུ་སྔ་ཕྱི་དེ་དག་གི་རྩོམ་པ་པོ་ཐ་དད་པའི་རྣམ་པ་ཧ་ཅང་ཆེ་བ་ནི་བཤད་མ་དགོས་ཤིང་། རྒྱུད་སྟོད་སྨད་ཀྱི་ཞལ་འདོན་གྱི་ནང་དུ་ཡང་གསང་འདུས་ལེའུ་དང་པོ་ནས་བཅུ་གཉིས་པའི་བར་དུ་མ་གཏོགས་ལེའུ་ཕྱི་མ་རྣམས་མེད་པ་ཡང་སྟོད་ཀྱི་ལེའུ་བཅུ་གཉིས་པོས་གསང་འདུས་ཀྱི་བརྗོད་བྱ་གལ་ཆེན་རྣམས་ཆ་ཚང་བ་བསྟན་གྲུབ་པས་ཡིན་པར་བཤད་སྲོལ་ཡོད།

རི་བོ་དགེ་ལྡན་པ་རྣམས་ཀྱིས་རྗེ་ཙོང་ཁ་པའི་མདོ་ཕྱོགས་ཀྱི་བསྟན་པའི་སྙིང་པོ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའམ་རང་བཞིན་མེད་པ་ཉིད་ཡིན་ཅིང་། སྔགས་ཕྱོགས་ཀྱི་བསྟན་པའི་སྙིང་པོ་ནི་གསང་བ་འདུས་པ་དང་དེའི་ཡང་སྙིང་པོ་སྒྱུ་ལུས་ཡིན་པས་ན་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་ཡང་སྒོས་སུ་རྗེ་རིན་པོ་ཆེའི་བསྟན་པ་གནས་ཡོད་མེད་ཀྱི་ས་མཚམས་ཀྱང་གསང་བ་འདུས་པ་ལ་ཐོས་བསམ་སྒོམ་གསུམ་བྱེད་པའི་ལུགས་སྲོལ་གནས་ཡོད་མེད་ལ་ངོས་འཛིན་དགོས་པར་བཤད་སྲོལ་ཡོད། རྗེ་ཙོང་ཁ་པའི་གསུང་འབུམ་གྱི་ནང་དུ་མཇལ་ན་ཁོང་གིས་ལྷ་མོ་བཞིས་ཞུས་དང་། རྡོ་རྗེ་ཕྲེང་བ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ། སྒྲུབ་ཐབས་ཀུན་བཟང་། རྣམ་གཞག་རིམ་པ་སོགས་གསང་འདུས་དང་འབྲེལ་བའི་བཀའ་དང་བསྟན་བཅོས་ཕལ་མོ་ཆེར་འགྲེལ་པའམ་ཡིག་ཆ་རེ་མཛད་ཡོད་པས་ན་ཁོང་ནི་བོད་དུ་གསང་བ་འདུས་པ་ལ་རིགས་གཅིག་རྐང་འཛིན་གནང་མཁན་གྱི་མཁས་པ་ཆེན་པོ་ཞིག་ཡིན་པར་མཐོང་ཐུབ། འོན་ཀྱང་ཁོང་གིས་གསང་འདུས་རྩ་རྒྱུད་ལ་འགྲེལ་པ་ལོགས་སུ་བྲིས་གནང་མེད་ན་ཡང་། ཁོང་ནི་འགྲེལ་པ་ཞིག་འབྲི་ཐུབ་པ་ཙམ་གྱིས་དོན་ལྡན་གྱི་བྱ་བ་ཆེན་པོ་ཞིག་བསྒྲུབས་ཡོད་སྙམ་ནས་རློམས་སེམས་བྱེད་པའི་མཁས་པ་གཞན་དང་མི་འདྲ་བར་སྔོན་གྱི་མཁས་པ་རྣམས་ཀྱིས་བརྩམས་པ་ལས་ལྷག་པ་དགོས་ཤིང་དེ་ཡང་རང་ཉིད་ཀྱིས་ཐུབ་ན་རྩོམ་མཁན་དང་། དེ་ཡང་མི་དགོས་པའམ་མི་ཐུབ་པར་གཟིགས་ན་མི་རྩོམ་མཁན་ཡིན་པས་ན་རྗེ་ཙོང་ཁ་པ་མངོན་པ་མཛོད་དང་འདུལ་བ་གཉིས་ལ་ཧ་ཅང་མཁས་ན་ཡང་དེ་གཉིས་པོར་ཁོང་གིས་འགྲེལ་པ་མ་མཛད་པ་ནི་མཆིམས་མཛོད་དང་མཚོ་སྣ་བའི་འདུལ་ཊིཀ་གཉིས་ལས་ལྷག་པ་མི་དགོས་ཤིང་མི་ཐུབ་པའི་དགོངས་ཚོར་བྱུང་བས་ཡིན་པར་གྲགས།

དེར་བརྟེན་ཁོང་གིས་གསང་བ་འདུས་པར་ཡང་དམིགས་བསལ་གྱི་འགྲེལ་པ་མ་མཛད་པ་ནི་ཟླ་བ་གྲགས་པས་མཛད་པའི་སྒྲོན་གསལ་ལས་ལྷག་པ་མི་དགོས་ཤིང་མི་ཐུབ་པར་གཟིགས་པའི་རྐྱེན་གྱིས་ཡིན་ངེས་ཤིང་། ཁོང་གིས་རང་ངོས་ནས་དེ་ལ་དམིགས་བསལ་ཞབས་འདེགས་ཞུ་འོས་པར་གཟིགས་པ་ནི་ནང་དོན་དམིགས་བསལ་ཡོད་ལ་མེད་ཀྱི་འགྲེལ་པ་པོད་ཆེན་པོ་ཁ་ཤས་འབྲི་བ་ལས་ཀྱང་གསང་འདུས་རྩ་བའི་རྒྱུད་དང་དེའི་འགྲེལ་པ་སྒྲོན་གསལ་གཉིས་པོའི་ནང་དོན་མང་པོ་གོ་གསལ་དུ་གཏོང་བའི་ཕྱིར་དུ་ས་གཅད་དང་བསྡུས་དོན། བྱེ་བྲག་ཏུ་སྒྲོན་གསལ་གྱི་ཚིག་རྣམས་གོ་གསལ་དུ་གཏོང་བའི་ཕྱིར་དུ་དཀྱུས་མཆན། དམིགས་བསལ་འགྱུར་གྱི་རྐྱེན་པས་གོ་ནོར་ཤོར་ཉེན་ཡོད་པའམ། འགྱུར་ལ་ནོར་བ་སོགས་ཡོད་ན་ལོ་ཆེན་རིན་བཟང་དང་འགོས་ལོ་སོགས་ཀྱིས་བསྒྱུར་བའི་འགྱུར་ལ་གང་ཡོད་པ་དང་། ཕྱིས་འགྱུར་པ་ཚབ་དང་ཆག་ལོ་ཙཱ་བ་གཉིས་ཀྱི་འགྱུར་ལ་ཚིག་གང་ཡོད་པ་རྣམས་སྐབས་དང་སྐབས་སུ་གདམ་གའི་ཚུལ་དང་སྐབས་དང་སྐབས་སུ་ཞུ་དག་གི་ཚུལ་དུ་སྒྲོན་གསལ་གྱི་ཚིག་རྣམས་ཀྱི་གོང་འོག་གང་རུང་དུ་བཀོད་གནང་ཡོད་པ་ལ་ཡོངས་གྲགས་སུ་ཟུར་མཆན་ཞེས་འབོད་སྲོལ་འདུག བོད་ཀྱི་མཁས་པ་ཕལ་མོ་ཆེས་དམིགས་བསལ་གྱི་གཏམ་བཅུ་རེ་ཙམ་བཤད་པའི་དོན་དུ་ཡོངས་གྲགས་ཀྱི་གཏམ་བརྒྱ་ཕྲག་ཙམ་བཤད་པ་ལྟར་མིན་པར་རྗེ་ཙོང་ཁ་པས་གསང་འདུས་དང་འབྲེལ་བའི་དམིགས་བསལ་རྣམས་ཕྱོགས་གཅིག་ཏུ་གསུང་བའི་དོན་དུ་དཔེ་ཆ་ཟུར་པ་ཞིག་མཛད་པ་ལ་དཔེ་ཆ་དེའི་མཚན་ལ་མཐའ་དཔྱོད་མྱུ་གུ་ཞེས་འབོད་སྲོལ་འདུག

བསམ་པ་ལྟར་བྱུང་ན་ངས་གསང་བ་འདུས་པའི་འགྲེལ་བཤད་ཆ་ཚང་བ་ཞིག་ཐོབ་ན་སྙམ་པའི་རེ་བ་ཡོད་ན་ཡང་། ལོ་འདིར་རྒྱུད་སྟོད་ལ་གསང་བ་འདུས་པའི་འགྲེལ་པ་བཞི་སྦྲགས་གནང་གཏན་ཁེལ་བ་ལ་རྒྱུད་སྟོད་ནས་ཡིན་པའི་ངོ་ཤེས་གྲོགས་པོ་ཞིག་གི་བརྒྱུད་ནས་འགྲེལ་བཤད་མ་ཡིན་པར་ལུང་ཡིན་པའི་གནས་ཚུལ་ཐོས། དེ་ནི་ཅུང་ཕངས་དགོས་པ་ཞིག་ཡིན་ན་ཡང་སྲོལ་རྒྱུན་གྱི་དཔེ་ཁྲིད་ནི་ལོ་དང་ཟླ་བ་འགོར་ཞིང་། ད་ལྟའི་ཆར་ང་རང་སྒེར་གྱི་ལས་ཀ་ཙག་ཙིག་ཀྱང་མང་ཞིང་ཐག་ཉེ་རིང་གང་སར་བསྐྱོད་པའི་འགྲུལ་བཞུད་ཀྱང་མང་བའི་རྐྱེན་གྱིས་ཚིག་དོན་རེ་རེ་ནས་འགྲེལ་བཤད་ཆ་ཚང་བ་ཐོབ་པ་ནི་དེང་སང་གི་དུས་འདིར་དགེ་རྒན་དང་སློབ་མ་གཉིས་ཀའི་ངོས་ནས་དཀའ་ཚོད་དུ་འདུག དེ་ལ་བསམས་ན་ཐེངས་འདིར་འགྲེལ་པ་བཞི་སྦྲགས་ཀྱི་ལུང་ཞིག་ཞུ་བའི་གོ་སྐབས་བྱུང་ན་དེ་ལ་བརྟེན་ནས་གཙོ་ཆེ་ཤོས་ཟླ་བ་གྲགས་པས་མཛད་པའི་སྒྲོན་གསལ་གྱི་ལུང་ཐོབ་འགྲོ་བ་མ་ཟད་དེ་དང་མཉམ་དུ་འགྲེལ་པ་བཞི་སྦྲགས་ཀྱི་ཡིག་ཆ་གཞན་རྣམས་ཀྱང་རྗེ་ཙོང་ཁ་པའི་གསུང་དམིགས་བསལ་དཀའ་གནད་ཅན་ཤ་སྟག་ཅན་ཡིན་པས་དོན་གྱིས་ན་གསང་བ་འདུས་པའི་བཤད་རྒྱུན་ཐོབ་པ་ཡིན་པ་བཤད་མ་དགོས་སྙམ། བཤད་རྒྱུན་ཐོབ་མ་ཐོབ་ཀྱི་ཐོག་མའི་ས་མཚམས་ནི་ཐོས་མ་ཐོས་ལ་ངོས་འཛིན་དགོས་པ་ལ་ཤེས་མ་ཤེས་ལ་ངོས་གཟུང་དགོས་ན་གསང་བ་འདུས་པའི་ཚིག་དོན་ཆ་ཚང་ཤེས་ན་མ་གཏོགས་བཤད་རྒྱུན་ཆ་ཚང་བ་མེད་པའི་སྐྱོན་ཡོད་པས་དེ་ལྟར་ན་ང་ཚོ་ཙམ་མིན་པར་གསང་འདུས་ཀྱི་འགྲེལ་པ་མཛད་པ་པོ་རྣམས་ཀྱི་ནང་ཁུལ་དུ་དགག་བཞག་མི་ཉུང་བ་ཡོད་པས་དེ་དག་མང་པོས་ཀྱང་གསང་འདུས་ཀྱི་བཤད་རྒྱུན་ཆ་ཚང་ཐོབ་མེད་པའི་སྐྱོན་ཡོད་སྙམ།

དེར་བརྟེན་སྤྱི་ཟླ་ལྔ་པའི་སྤྱི་ཚེས་༢༩ ཉིན་མོར་ཞོགས་པའི་ཆུ་ཚོད་དྲུག་པར་དྷ་སའི་རྒྱུད་སྟོད་ར་མོ་ཆེར་འབྱོར་ཞིང་། ཆུ་ཚོད་གཅིག་ཙམ་རིང་ངལ་གསོས་ནས་ཉལ་བའི་རྗེས་སུ་རྒྱུད་སྟོད་ཀྱི་མཁན་རིན་པོ་ཆེ་ཐུབ་བསྟན་བསྟན་འཛིན་གྱི་གཟིམ་ཆུང་དུ་བཅར་ནས་ང་རང་ད་རེས་ཆེད་དུ་འགྲེལ་པ་བཞི་སྦྲགས་ཞུ་བར་འབྲས་ལྗོངས་ནས་སླེབས་པ་དང་། གསང་བ་འདུས་པའི་དབང་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེའི་མདུན་ནས་ཞུས་མྱོང་ཡོད་ཅིང་། དེ་སྔོན་དགྱེས་རྡོར་གྱི་རྒྱུད་དང་། ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་ཟབ་མོ་ནང་དོན་སོགས་གསང་སྔགས་ཀྱི་དཔེ་ཆ་ཡང་མི་ཉུང་བ་ཞིག་ལྟ་མྱོང་ཡོད་པས་ན་ཐེངས་འདིར་འགྲེལ་པ་བཞི་སྦྲགས་ཀྱི་འཛིན་གྲྭར་བཅར་ཆོག་མིན་ཞུས་པ་ན་ཁོང་གིས་དབང་ཞུས་ཟིན་ན་ཆོག་དང་ཆོག་གསུངས་ནས་ཞལ་བཞེས་ཐོབ། དེ་ནས་དེའི་ཕྱི་དྲོ་ཆུ་ཚོད་དང་པོ་དང་ཕྱེད་ཀ་ནས་འཛིན་གྲྭ་དབུ་ཚུགས་ཏེ་གཟའ་ཉི་མའི་གུང་སེང་དང་དགེ་འདུན་པ་རྣམས་གཙུག་ལག་ཁང་དུ་བཀའ་ཆོས་ཞུ་བར་ཕེབས་དགོས་བྱུང་སྐབས་མ་གཏོགས་ཞོགས་པ་ཆུ་ཚོད་བདུན་པ་ནས་ཕྱི་དྲོ་ཆུ་ཚོད་ལྔ་པའི་བར་དུ་ལུང་མུ་མཐུད་གནང་བ་ལ་སྐར་ཆ་རེ་ཡང་རྗེས་སུ་མི་ལུས་ཐབས་ཀྱིས་འཛིན་གྲྭར་ཆད་མེད་བཅར། འོན་ཀྱང་དེ་དག་གི་རིང་དུ་སྟབས་མ་ལེགས་པར་ཐོག་མར་སོ་སྨན་ཁང་དུ་ཡང་ནས་ཡང་དུ་འགྲོ་དགོས་བྱུང་ཞིང་། དེ་རྗེས་ཕོ་བ་ན་བ་ལྟ་བུས་ཡང་ཡང་བསྐྱུགས་པས་ཐེངས་ཤིག་དགོང་མོ་ཟ་མ་ཟ་མ་ཐུབ་ཅིང་། ཞོགས་པ་ཡང་བསྐྱུགས་ནས་ཞོགས་ཇ་འཐུང་མ་ཐུབ། འོན་ཀྱང་འཛིན་གྲྭར་མུ་མཐུད་ཕྱིན་པས་ཉིན་གུང་ཆུ་ཚོད་བཅུ་གཉིས་མ་ཟིན་ཙམ་དུ་འཛིན་གྲྭ་གྲོལ་རན་ཁར་ཕོ་བ་ན་བ་དང་ལྟོགས་པ་གཉིས་ཀྱིས་ལུས་པོ་འདར་བ་ཚུན་བྱུང་ན་ཡང་ཆོས་ཕྱིར་དཀའ་བ་སྤྱད་པ་དང་། ལེགས་འགྲུབ་ཀྱི་ཆེད་དུ་སྡུག་རུས་ཐུབ་པར་སྤོབས་པ་མི་ཆུང་བ་སྐྱེས།

ད་ལྟའི་བར་ང་རང་ཀརྨ་བཀའ་བརྒྱུད་ཙམ་ལས་ཆོས་བརྒྱུད་གཞན་གྱི་འཛིན་གྲྭ་ལ་འགྲོ་མྱོང་མེད་པ་དེས་ཐེངས་འདིར་རྒྱུད་སྟོད་དགོན་པའི་འཛིན་གྲྭར་ཞུགས་པའི་སྐབས་སུ་ནམ་རྒྱུན་མཐོང་མ་མྱོང་བའི་གནས་ཚུལ་མི་ཉུང་བ་ཞིག་མཐོང་། དཔེར་ན་ཞོགས་པ་ལུང་མ་ཚོགས་པའི་གོང་དུ་དགེ་ཚུལ་སློང་རྣམས་ཀྱིས་ཚོགས་འཚོག་པ་ལ་སྐབས་དེར་དགེ་ཚུལ་རྣམས་སྐབས་རེ་རྒྱུགས་ཤར་བླངས་ནས་ལྷ་ཁང་དུ་འཛུལ་ཏེ་དགེ་སློང་རྣམས་དང་ལྷན་དུ་འདོན་པ་ཁ་ཤས་ཤིག་འདོན་པར་བྱེད། དེ་ནས་སླར་ཡང་རྒྱུགས་ཤར་འཐེན་པའི་སྒོ་ནས་ལྷ་ཁང་གི་ཕྱི་རོལ་དུ་ཐོན་ཏེ་སྐབས་རེ་ལྷ་ཁང་གི་གཤམ་དུ་ཡོད་པའི་རྡེའུའི་ཁྲོད་དེར་དཔེ་ཆ་རེ་ཟིན་ནས་སྡོད་ཅིང་། སྐབས་རེ་ལྷ་ཁང་གི་སྒོ་འགྲམ་རང་དུ་ཕུག་རོན་རྣམས་རྩེད་མོ་རྩེ་བའི་རྣམ་པ་ལྟ་བུས་ཕན་ཚུན་གདོང་པ་བསྟན་ནས་སྡོད་པ་སོགས་བྱེད། གཞན་ཡང་བཀའ་བརྒྱུད་དང་མི་འདྲ་བར་འདིར་དབུ་མཛད་ཆེན་མོ་སྐུ་ངོ་མ་བཞེངས་ནས་མཎྜལ་འབུལ་སྲོལ་འདུག་ཅིང་། ད་དུང་འདོན་པ་འདོན་སྐབས་བཀའ་བརྒྱུད་པ་རྣམས་ཀྱིས་འདོན་པ་མགོ་འཛུག་སྐབས་དབུ་མཛད་གཙོ་བོར་གྱུར་པས་སྐད་ཆེན་པོ་རྒྱག་སྲོལ་ཡོད་ཀྱང་འདིར་ནི་འདོན་པའི་མཇུག་རེ་ལ་ཚང་མས་ངར་སྐད་ཆེན་པོ་རེ་རྒྱག་གནང་སྲོལ་འདུག གོ་ཐོས་ལ་འཛིན་གྲྭར་ཞུགས་པ་ཕལ་མོ་ཆེ་ནི་གདན་ས་ཁག་གི་ལྷ་རམས་དགེ་བཤེས་རྣམས་ཡིན་རབས་འདུག་ལ། ངའི་མདུན་གྱི་བཞུགས་གྲལ་གཉིས་པོར་བཙུན་མ་མང་པོ་ཞིག་བཞུགས་ཡོད་པ་ནི་སྒྲོལ་མ་གླིང་ནས་ཡིན་སྐད་ཐོས། ང་རང་རྗེས་སུ་ལུས་པ་སོགས་ཀྱི་སྐབས་སུ་མིའི་མཐོང་སྣང་ལ་མི་མཛེས་པ་མི་ཡོང་བའི་ཆེད་དུ་རྐང་བཙུགས་ནས་གཡོན་ཕྱོགས་ཀྱི་གྲལ་ཐ་མའི་མཇུག་ཏུ་ས་ཐོག་ཏུ་འབོལ་གདན་ཆུང་ངུ་ཞིག་བཏིང་ནས་བསྡད། དཔེ་ཆ་ནི་ཚང་མས་རྒྱུད་སྟོད་དཔེ་མཛོད་ཁང་རང་ནས་གཡར་རྒྱུ་ཡོད་པ་དེས་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་།

མཁན་རིན་པོ་ཆེ་ཐུབ་བསྟན་བསྟན་འཛིན་གྱི་ལུང་གནང་སྟངས་ནི་ཚིག་ཧ་ཅང་སྒྲོས་དག་པོ་ཡིན་པ་གང་ཞིག་ལ་མགྱོགས་དལ་ཧ་ཅང་རན་པ་སྟེ། འགའ་ཤས་ལྟར་མགྱོགས་དྲགས་པས་ཚིག་གཅིག་ཀྱང་གོ་མི་ཐུབ་པ་ཡང་མིན་ཅིང་། དལ་དྲགས་པས་ཉོབ་ཏུ་འཇུག་པ་དེ་འདྲ་ཡང་མིན་པར་ལུང་གནང་ཚུལ་གྱི་དཔེ་ལ་བཞག་ན་ཡང་འགྲིག་པ་ལྟ་བུར་མཐོང་། ཁོང་གིས་གསུངས་ན་ཁོང་གིས་གསང་བ་འདུས་པའི་འགྲེལ་པ་བཞི་སྦྲགས་ཀྱི་ལུང་ཐོག་མར་སྤྱི་ལོ་༡༩༩༤ ལོར་ཞུས་གནང་ཞིང་། སྐབས་དེར་ཁོང་གིས་ཞུ་གནང་ས་ནི་དགའ་ལྡན་ཁྲི་ཟུར་པ་བློ་བཟང་བསྟན་འཛིན་ཡིན་པ་དང་། དེས་གསན་གནང་ས་ནི་ཡོངས་འཛིན་གླིང་རིན་པོ་ཆེ་ཡིན་པ་རེད། འགྲེལ་པ་བཞི་སྦྲགས་ཀྱི་ལུང་གནང་ཚུལ་ནི་གཞན་དང་མི་འདྲ་བར་ཕར་དཀྲུགས་ཚུར་དཀྲུགས་མང་པོ་ཞིག་བྱ་དགོས་པས་ན་ཧ་ཅང་རྙོག་ཟིང་ཆེ་བ་ཞིག་སྟེ་དཔལ་མང་དཀོན་མཆོག་རྒྱལ་མཚན་སོགས་ཀྱི་གསུང་རྩོམ་རྣམས་སུ་གསལ་བ་བཞིན་ལུང་གནང་མཁན་གྱིས་དཔེ་ཆ་གཅིག་ནས་གཅིག་ཏུ་ཕེབས་སྐབས་ས་གཅད་དང་བསྡུས་དོན་ལ་ཕེབས་པར་ཞུ། རྩ་བ་ལ་ཕེབས་པར་ཞུ། འགྲེལ་པ་ལ་ཕེབས་པར་ཞུ། མཆན་འགྲེལ་ལ་ཕེབས་པར་ཞུ། མཐའ་དཔྱོད་ལ་ཕེབས་པར་ཞུ་ཞེས་སོགས་གསུངས་ནས་འདོན་གནང་ཞིང་། གཞན་རྣམས་ཐེངས་རེ་ལས་འདོན་མི་དགོས་ཀྱང་འགྲེལ་པ་ལ་ཕེབས་པར་ཞུ་ཞེས་གསུང་སྐབས་ཟླ་གྲགས་ཀྱི་སྒྲོན་གསལ་ཁོ་ན་འདོན་གནང་བ་དང་། མཆན་འགྲེལ་ལ་ཕེབས་པར་ཞུ་ཞེས་གསུང་བའི་སྐབས་སུ་ཟླ་གྲགས་ཀྱི་སྒྲོན་གསལ་དང་། རྗེ་ཙོང་ཁ་པའི་མཆན་འགྲེལ་རྣམས་སྦྱར་ནས་འདོན་སྲོལ་ཡོད་པ་དེས་འགྲེལ་པ་བཞི་སྦྲགས་པོད་ཆེན་པོ་གཅིག་ཡིན་ཀྱང་དུས་ཚོད་ཀྱི་ཆ་ནས་པོད་གཉིས་མ་ཟིན་ཙམ་འདོན་པའི་དུས་ཚོད་འགོར་བ་ཞིག་རེད་འདུག

མཁན་རིན་པོ་ཆེ་ཐུབ་བསྟན་བསྟན་འཛིན་གྱིས་དཔེ་མི་འདྲ་བ་ཁ་ཤས་ལ་འགྲེལ་པ་བཞི་སྦྲགས་ཀྱི་སྨད་དུ་གཅོད་མཚམས་ཁ་ཤས་ཅུང་མི་འདྲ་བ་ཡོད་པ་ལས་གཞན་ཕལ་མོ་ཆེ་གཅིག་མཚུངས་རེད་ཅེས་གསུངས་པ་ལྟར། སྤྱིར་འགྲེལ་པ་བཞི་སྦྲགས་ཀྱི་ལུང་གནང་བའི་ཕྱག་སྲོལ་ནི་གཅིག་པ་ཡིན་སྐད། འོན་ཀྱང་དམིགས་བསལ་རྒྱུད་སྟོད་ཀྱི་ཕྱག་སྲོལ་དུ་གསང་བ་འདུས་པའི་ལེའུ་བཅུ་གསུམ་པའི་ཚིག ཆུ་ཡི་སྟེང་དུ་བཅག་པར་བྱ།། ཞེས་པའི་འགྲེལ་པ་དང་མཆན་འགྲེལ་གྱི་ཐད་དུ་ཆུ་ཡི་སྟེང་དུ་བཅག་པར་བྱས་ཀྱང་མི་འབྱིང་བ་སྟེ་སྒྲ་ཇི་བཞིན་པའོ།། ཞེས་པའི་མཚམས་ལ་སླེབ་དུས་ཆུ་ཚོད་ཁ་ཤས་བར་གསེང་ལ་འཇོག་སྲོལ་འདུག དེ་ནི་མཁན་རིན་པོ་ཆེས་གསུངས་ན་སྔར་རྒྱུད་སྟོད་གྲྭ་ཚང་ཐོག་མར་འཛུགས་པ་པོ་རྗེ་བཙུན་ཀུན་དགའ་དོན་གྲུབ་ལྷ་སའི་ཁུལ་དུ་གནས་ངེས་མེད་དུ་ཕེབས་བཞིན་པ་ལ་བར་སྐབས་ཤིག་ནས་ལྷ་སའི་སྐྱིད་ཆུ་བརྡོལ་ནས་མི་རྣམས་ཀྱིས་ཁོང་ལ་ལྷ་སའི་སྐྱིད་ཆུ་བཟློག་པར་གསོལ་བ་བཏབ་པ་ལ་རྗེ་བཙུན་ཀུན་དགའ་དོན་གྲུབ་ཀྱིས་གསང་བ་འདུས་པ་ནས་འབྱུང་བ། ཆུ་ཡི་སྟེང་དུ་བཅག་པར་བྱ།། ཞེས་པའི་དམིགས་རིམ་ལ་བརྟེན་ནས་ལྷ་སའི་སྐྱིད་ཆུའི་བཟློག་མཛད་པས་དེའི་བཀའ་དྲིན་གསབ་ཕྱིར་སྐབས་དེའི་བོད་ཀྱི་དཔོན་པོས་ལྷ་སའི་རྒྱུད་སྟོད་ར་མོ་ཆེའི་གཙུག་ལག་ཁང་རྗེ་བཙུན་ཀུན་དགའ་དོན་གྲུབ་ལ་ཕུལ་བས་དེ་ནས་བཟུང་རྒྱུད་སྟོད་གྲྭ་ཚང་ཞེས་པ་དེ་ཚུགས་པས་དེའི་རྗེས་དྲན་གྱི་ཚུལ་དུ་དེ་འདྲ་གནང་སྲོལ་ཡོད་པ་རེད་ཅེས་གསུངས།

ངས་དགེ་ལུགས་པའི་རིག་གཞུང་སྐོར་དེ་ཙམ་མི་ཤེས་ཀྱང་འགྲེལ་བརྗོད་དང་རྟགས་གསལ་གཏོང་བའི་ལམ་ལུགས་གཙོ་བོར་བྱེད་པའི་རི་བོ་དགེ་ལྡན་པར་མཚོན་ན་གཙོ་བོ་ལུང་བྱེད་པ་ནི་འགྲེལ་པ་བཞི་སྦྲགས་ཙམ་ཡིན་སྲིད་ཅིང་། དེ་ལ་རྒྱུ་མཚན་མེད་པ་མ་ཡིན་པར་བླ་མ་གོང་མ་རྣམས་ཀྱིས་ལུང་དང་རྟོགས་པ་གཉིས་ལས་ལུང་གི་བརྒྱུད་པ་ཟེར་བ་ནི་ཚིག་རེ་རེ་ཙམ་ཡང་ཆད་ལྷག་མེད་པར་བླ་མའི་ཞལ་ནས་སློབ་མའི་རྣ་བར་ཐོས་སུ་བཅུག་པ་ལ་གོ་བར་གསུངས་སྲོལ་ཡོད་པ་དེས་བཀའ་བརྒྱུད་པ་རྣམས་ཀྱིས་ཁྲིད་གལ་ཆེན་རྣམས་ལུང་གཙང་མ་གཙང་རྐྱང་རེ་བཏོན་ནས་ལུང་གི་བརྒྱུད་པ་གཏད་པར་མོས་ཤིང་། དེ་ནས་དམིགས་བསལ་འགྲེལ་བརྗོད་དགོས་པ་ལ་འགྲེལ་བརྗོད་གནང་ཞིང་དེ་ཡང་རབ་བྱུང་ན་བླ་མ་གོང་མས་ཅི་གསུངས་པ་དེ་རང་ལས་རང་ཉིད་ཀྱི་རིག་པས་དཔྱད་ནས་འགྲེལ་བརྗོད་འདྲ་མིན་བྱེད་པ་ལ་ཐུགས་རྩ་བ་ནས་མི་མཉེས་པ་ཡང་དེ་ནི་གསར་བཟོ་ལས་བརྒྱུད་པ་མིན་པས་ཡིན་རབས་འདུག རྒྱུ་མཚན་དེས་གོ་ཐོས་ལ་འཇུ་མི་ཕམ་གྱིས་མཛད་པའི་དུས་འཁོར་འགྲེལ་ཆེན་ཡང་མགྱོགས་དལ་ཧ་ཅང་འཚམས་པོས་ལུང་བཏོན་ན་མི་ཕམ་ཁོང་རང་ལ་ཡང་དེ་ལས་ལྷག་པ་གསུང་རྒྱུ་མེད་པས་དེ་རང་གིས་བཤད་རྒྱུན་གྱི་གོ་ཆོད་པར་གསུངས་མྱོང་ཡོད་རབས་འདུག དེ་ལྟར་ན་རྗེ་ཙོང་ཁ་པས་འགྲེལ་པ་བཞི་སྦྲགས་ཀྱི་ནང་དུ་ཁོང་གིས་གསང་བ་འདུས་པའི་སྐོར་ལ་དམིགས་བསལ་གསུང་རྒྱུ་ཅི་སྙེད་ཡོད་པ་ཐམས་ཅད་ཡིག་ཐོག་ལ་ཕབས་གནང་ཡོད་པ་ལ་ཐེ་ཚོམ་མི་དགོས་ཤིང་། བཤད་རྒྱུན་ཟེར་བ་དེ་ཡང་མཐའ་གཅིག་ཏུ་ངག་ཐོག་ནས་འགྲེལ་བཤད་རྒྱག་དགོས་པ་ཞིག་ཡིན་པའི་རྒྱུ་མཚན་མ་མཐོང་བས། ཕྱག་དཔེ་དེ་ཉིད་ལུང་མཁན་པོས་ཚིག་རེ་རེ་ཙམ་ཡང་ཆད་ལྷག་མེད་པར་བཏོན་ན་དེས་བཤད་རྒྱུན་ཐོབ་པ་ཙམ་དུ་མ་ཟད་གཅིག་བྱས་ན་དེ་ནི་སྐྱོན་མེད་རྣམ་དག་གི་བཤད་རྒྱུན་དངོས་དེ་ཡིན་སྲིད་ཀྱང་སྙམ།

སྤྱིར་ང་རང་ལ་དེང་རབས་ཀྱི་ཤུགས་རྐྱེན་ཆེ་ཞིང་རྟོག་གེ་པའི་འཛིན་པ་ཆེ་བ་དེས་ལུང་གི་ལུགས་སྲོལ་འདི་ལ་དེ་ཙམ་དགའ་མོས་མེད་པ་ནི་ལོ་རྒྱུས་ཐོག་ལ་བསམས་ན་ལུང་ནི་གནའ་བོའི་རྒྱ་གར་ནས་བྱུང་ཞིང་དེ་ཡང་བྲམ་ཟེ་རྣམས་ཀྱི་ཆོས་ལུགས་ནས་བྱུང་བ་སྟེ། སྐབས་དེར་ལུང་གི་ལུགས་སྲོལ་བྱུང་བ་ཡང་གཅིག་ནས་སྐབས་དེར་ཤོག་བུ་དང་སྣག་ཚ་མེད་པས་ཡི་གེ་འབྲི་བའི་ལུགས་སྲོལ་མེད་པ་དང་། གཉིས་ནས་རིག་བྱེད་གཙོ་བོར་གྱུར་པའི་རིག་གནས་རྣམས་བཟང་ཕྱོགས་ནས་བཤད་ན་བརྒྱུད་པ་ཚད་ལྡན་ཡོང་བ་དང་ངན་ཕྱོགས་ནས་བཤད་ན་དེ་དག་ལ་སྟངས་འཛིན་བྱས་ཏེ་བྲམ་ཟེ་དགེ་རྒན་ཞིག་གི་མདུན་ནས་མ་ཐོབ་ན་སུས་ཀྱང་སློབ་སྦྱོང་དང་དར་སྤེལ་སོགས་བྱ་མི་ཆོག་པ་བཟོ་བའི་ལམ་སྲོལ་ཞིག་སྟེ་མདོར་ན་ལུང་ཞེས་གྲགས་པ་ནི་སྤྱི་ཚོགས་རྙིང་པ་ལྟར་ན་རྗེས་ཟློས་ལ་བརྟེན་ནས་སྤྲོད་པའི་སློབ་སྦྱོང་གི་ཐབས་ལམ་ཞིག་དང་། ད་ལྟའི་དབང་དུ་བཤད་ན་ལུང་ནི་copy right སྟེ་དཔེ་བཤུའི་ཆོག་མཆན་ཞེས་པ་དེ་ཡིན་པ་རེད། ནང་པ་སངས་རྒྱས་པས་ཀྱང་དུས་རབས་ཁ་ཤས་ཀྱི་རིང་སངས་རྒྱས་ཀྱི་གསུང་རྣམས་ཡིག་ཐོག་ཏུ་མ་ཕབ་པས་ལུང་འདོན་པའི་ལུགས་སྲོལ་བྱུང་ཞིང་། ཕྱིས་སུ་གསང་སྔགས་དར་བ་ན་ཆོས་ལ་ཚོད་འཛིན་དང་དམ་བསྒྲགས་སྔར་ལས་ཆེ་བ་བྱུང་སྟེ་དབང་ལུང་ཁྲིད་གསུམ་གྱི་ལུགས་སྲོལ་སྔར་ལས་དར་ཁྱབ་ཆེ་བ་བྱུང་། འོན་ཀྱང་ལུང་ཞེས་པ་ནི་སྒྲ་དང་ཚིག་གི་བརྒྱུད་པ་ཡིན་པར་བཤད་སྲོལ་ཡོད་མོད། དོན་དངོས་སུ་བཀའ་འགྱུར་ལྟ་བུར་མཚོན་ན་རྒྱ་གར་དུ་འདུལ་བ་སོགས་པཱ་ལིའི་སྐད་དུ་ཡོད་ཅིང་། ཐེག་ཆེན་གྱི་མདོ་སྔགས་རྣམས་ལེགས་སྦྱར་གྱི་སྐད་དུ་ཡོད་པས་དེ་རྣམས་བོད་ཡིག་ཏུ་བསྒྱུར་ཟིན་རྗེས་སྒྲ་སྐད་ནི་གནམ་ས་བླ་འོག་བསྒྱུར་བ་ལྟར་འཕོ་འགྱུར་ཕྱིན་ཟིན་ཅིང་། ཚིག་གི་ནང་དོན་ལ་བསམས་ན་ཡང་འགྱུར་མི་འདྲ་བར་ཚིག་མི་འདྲ་བ་མང་བས་རིག་པས་བརྟགས་ཤིང་དཔྱད་ན་བཀའ་བསྟན་འགྱུར་གྱི་ལུང་གཙང་མ་ཡོད་ཟེར་བ་ནི་ཧ་ཅང་དཀའ་སྙམ།

བཀའ་འགྱུར་གྱི་ནང་དུ་མདོ་སྡེ་བརྒྱ་ཕྲག་མང་པོ་ཡོད་པ་ལ་དེ་ཚོ་མང་པོ་ཞིག་ཤར་ལྷོ་ནུབ་བྱང་གང་ནས་བྱུང་བ་ཡིན་ཀྱང་བཤད་དཀའ་ན་དེ་ཚང་མའི་ལུང་རྒྱུན་ཡོད་པར་གྲགས་པ་འདི་བསམ་བློ་གཏོང་མཁན་ཞིག་ཡིན་ན་ཧ་ཅང་ཡིད་ཆེས་དཀའ་ཞིང་། ལྷག་པར་ཕྱིས་སུ་བོད་དུ་བཀའ་འགྱུར་གྱི་ལུང་རྒྱུན་མང་པོ་ཞིག་ནི་བླ་མ་གང་དང་གང་གིས་རྨི་ལམ་ནང་དུ་ཞིང་ཁམས་གང་དང་གང་ལ་ཕེབས་ནས་ཆ་ཚང་བ་ཞུས་ཚུལ་སོགས་འཁོད་པས་ན་དོན་དུ་འདི་ཚོ་དད་པར་བྱ་བ་ཙམ་ལས་བརྟག་པར་བྱ་བ་ཞིག་མིན་པ་འདྲ། མ་ཟད་གསང་སྔགས་གཞིར་བཞག་བྱས་ན་དབང་མ་ཐོབ་པར་རྒྱུད་རྣམས་ཉན་མི་ཆོག་པར་གསུངས་ཀྱང་ད་ལྟ་དབང་ཆ་ཚང་མ་གནང་བར་བཀའ་འགྱུར་ནང་གི་རྒྱུད་ཆ་ཚང་གི་ལུང་གནང་བ་འདི་ཡང་འགྲིག་མིན་བཤད་དཀའ་བ་རེད་སྙམ། དེ་བཞིན་འཕྲུལ་ཆས་ཀྱི་ཡར་རྒྱས་ཆེ་བའི་ད་ལྟའི་སྐབས་སུ་མི་རྣམས་ཀྱིས་ལུང་ཞེས་པ་འདི་ལ་དངོས་སུ་བླ་མའི་སྒྲ་སྐད་གཙང་མ་ཐོས་དགོས་སམ་རྒྱང་གྲགས་ཁ་པར་གྱི་བརྒྱུད་ནས་ཐོས་པ་ཙམ་གྱིས་ཆོག དེ་ཆོག་ན་སྒྲ་བསྡུད་འཕྲུལ་འཁོར་གྱི་ནང་དུ་བཅུག་ནས་གཞན་ལ་ཉན་དུ་བཅུག་ན་ལུང་གི་གོ་ཆོད་མིན་སོགས་དྲི་བ་མང་པོ་ཞིག་ཡོད་པ་ལ་ང་ཚོས་དོན་དང་མཐུན་པའི་འགྲེལ་བཤད་བྱེད་མི་ཐུབ་པ་ཡང་དོན་དངོས་སུ་ལུང་ཞེས་པ་ནི་གཙོ་བོ་དད་མོས་ཀྱི་ཡུལ་དུ་ཡོད་པའི་ཆོས་ཞིག་ལས་དངོས་ཁམས་རིག་པས་བརྟགས་ཤིང་དཔྱད་པར་བྱ་བའི་དངོས་པོ་ཞིག་མ་ཡིན་པས་ཡིན་པར་སྣང་།

དེ་ལྟར་ན་ཡང་རང་ཉིད་སྒེར་གྱི་ཉམས་མྱོང་ལྟར་ན་དམིགས་བསལ་ནང་པའི་དཔེ་ཆ་གང་བལྟས་ན་ཡང་དགེ་རྒན་ཞིག་གི་མདུན་ནས་ལུང་དང་ཁྲིད་གང་རུང་ཞིག་ཞུ་རྒྱུ་བྱུང་ན་ཐོབ་སོང་སྙམ་པའི་ཚོར་བ་ཞིག་སྐྱེ་ཞིང་། དེ་ནས་རང་ཉིད་ཀྱིས་མུ་མཐུད་སྦྱངས་ན་ཤེས་སོང་སྙམ་པའི་ཚོར་བ་ཞིག་སྐྱེ་ཞིང་། དེ་ནས་གང་ཤེས་པ་དེ་ལག་ལེན་བསྟར་ན་ཕན་སོང་སྙམ་པའི་ཚོར་བ་ཞིག་སྐྱེ་བས་ན་ཚོར་སྣང་འདི་གསུམ་ནི་དཔེ་ཆ་ལྟ་བའི་བརྒྱུད་རིམ་གལ་ཆེ་ཤོས་གསུམ་དུ་མཐོང་བའི་ཆ་ནས་ལུང་གི་ལམ་སྲོལ་འདི་ལ་གུས་ཞབས་ངེས་ཅན་ཞིག་ཡོད་པས་རང་ཉིད་ཀྱིས་མོས་པ་ཆེ་བའི་དཔེ་ཆ་གང་ཡིན་ཀྱང་དེའི་དབང་ལུང་ཁྲིད་གསུམ་ཐོབ་པར་འབད་བརྩོན་ཅི་ནུས་བྱེད་ཁུལ་ཡིན་ཅིང་། ད་རེས་འགྲེལ་པ་བཞི་སྦྲགས་ཀྱི་ལུང་ཞུ་རྒྱུ་བྱུང་བ་ཡང་རྒྱུ་མཚན་དེ་འདྲའི་དབང་གིས་ང་རང་སྒེར་ལ་མཚོན་ན་གལ་གནད་ཧ་ཅང་ཆེ་བས་དེའི་ཉམས་མྱོང་དང་འབྲེལ་བའི་རྩོམ་ཡིག་རིང་མོ་འདི་ཡང་གཞན་གྱིས་ཀློག་མིན་ལ་མ་ལྟོས་པར་རང་གི་སེམས་ཚོར་མཚོན་བྱེད་ཙམ་དུ་སེམས་ལ་གང་ཤར་བྲིས་པ་ཞིག་ཡིན། དེ་ལ་སྤྱི་ཟླ་༥ པའི་ཚེས་༢༩ ནས་དབུ་བཟུང་སྟེ་གཟའ་ཉི་མ་ཕུད་ད་དུང་སྐང་གསོལ་རྒྱས་པ་སོགས་ཀྱི་ཆེད་དུ་ཉིན་ཤས་སྟོང་པ་བཞག་ནས་མཐར་སྤྱི་ཟླ་༦ ཚེས་༡༤ ཉིན་མོར་ལུང་ཆ་ཚང་བ་མཇུག་གྲུབ་པ་ལ། དེ་ནས་མཁན་རིན་པོ་ཆེས་ལུང་ཆ་ཚང་གྲུབ་རྗེས་སླར་ཡང་ས་གཅད་དང་བསྡུས་དོན། རྩ་བ་དང་འགྲེལ་པ། མཆན་འགྲེལ་དང་མཐའ་དཔྱོད་སོ་སོའི་དབུ་ནས་ཡིག་ཕྲེང་ཁ་ཤས་ཀློག་གནང་ནས་མཇུག་གྲུབ་པ་ལ། བཀའ་བརྒྱུད་ཀྱི་ལུགས་སུ་འདི་འདྲ་མ་མཐོང་ཡང་དགེ་ལུགས་པའི་རིག་གཞུང་ལྟར་ན་འདི་ཡང་རྟེན་འབྲེལ་གྱི་བརྩི་སྲོལ་ཞིག་ཡིན་པ་འདྲ།

ཆོས་ཟབ་མོ་དེ་འདྲ་གནང་ན་ཡང་མཇུག་ཏུ་ཁ་དར་འབུལ་བ་སོགས་ཀྱི་ལུགས་སྲོལ་ནི་མི་འདུག་པས་རང་ངོས་ནས་རྟེན་འབྲེལ་མཚོན་བྱེད་དུ་ཁ་དར་རིང་པོ་ཞིག་དང་ཡིག་སྐོགས་ཤིག་བཅས་ཁྱེར་ནས་མཁན་རིན་པོ་ཆེའི་གཟིམ་ཆུང་དུ་བཅར། མཁན་རིན་པོ་ཆེ་ལ་ད་རེས་ལུང་ཆ་ཚང་བ་ཐོབ་པར་དགའ་པོ་བྱུང་ཚོར་དང་། མཁན་རིན་པོ་ཆེས་སྐུ་ངལ་འོ་བརྒྱལ་ལ་མ་འཛེམས་པར་ལུང་སྤུས་དག་པོ་གནང་བར་བཀའ་དྲིན་ཆེ་རབས་བཅས་ཞུས་ནས་ང་རང་སྡོད་སའི་ཁང་པ་ཐག་རིང་བ་དང་སྐབས་རེ་འཛིན་གྲྭ་དུས་ཚོད་ལས་ཅུང་སྔ་བ་ཚོགས་པ་སོགས་ཀྱིས་སྒྲོན་གསལ་གྱི་ལུང་ཡིག་ཕྲེང་ཁ་ཤས་ཤིག་ཆད་ཤོར་བ་རྣམས་བྱུང་ན་བསྐྱར་དུ་འདོན་གནང་ན་འགྲིག་མིན་ཞུས་པར་ཁོང་གིས་འགྲིག་དང་འགྲིག་གསུངས་ནས་ཞབས་ཕྱི་ལ་དཔེ་ཆ་ཁྱེར་ཤོག་གསུངས་ནས་ངས་འདི་དང་འདི་ཆད་སོང་ཟེར་ནས་ཡིག་ཕྲེང་བཞི་ལྔ་ཞིག་སྤྱན་འབུལ་ཞུས་པ་རྣམས་སླར་ཡང་ཁོང་གིས་རེ་རེ་བཞིན་ཀློག་གནང་སོང་། དེ་ནས་ཁོང་གིས་ད་རེས་ཁྱེད་ལྟ་བུ་ས་ཐག་རིང་པོ་ནས་འགྲེལ་པ་བཞི་སྦྲགས་ཞུ་རུ་བྱུང་བ་མ་ཟད་ལུང་ཆ་ཚང་བ་བར་ཆད་གང་ཡང་མེད་པར་ཡག་པོ་གྲུབ་ཐུབ་པ་ལ་ཡང་དགའ་པོ་བྱུང་ཚུལ་གསུངས། ངས་ཀྱང་མཁན་རིན་པོ་ཆེའི་ལུང་རྒྱུན་གང་འདྲ་ཡིན་པ་དང་། འགྲེལ་པ་བཞི་སྦྲགས་ཀྱི་ལུང་གནང་སྟངས་འདྲ་མིན་ཡོད་མེད་སྐོར་གྱི་བཀའ་འདྲི་ཁ་ཤས་ཤིག་ཞུས་རྗེས་བཅོས་མ་མིན་པའི་གུས་བཀུར་ཕུལ་ནས་གཟིམ་ཆུང་ནས་ཐོན། དེ་ནས་རང་ཤག་ཏུ་ཕྱིན་ནས་ཅ་ལག་བསྡུ་གསོག་བརྒྱབ་ཅིང་། ངོ་ཤེས་གྲོགས་པོ་འགའ་ཤས་ཤིག་ཐུག་རྗེས་དགོང་མོ་དེ་རང་དུ་སྤྱི་སྤྱོད་རླངས་འཁོར་དུ་ཞུགས་ནས་སླར་ཡང་གཅིག་པུར་ལམ་དུ་ཆས་སོ།།


0

One Response to འགྲེལ་པ་བཞི་སྦྲགས་ཞུས་པའི་ཉམས་མྱོང་།

  1. བསམ་ཤེས། ལགས་ཀྱིས:

    རྗེས་སུ་ཡི་རངས་ཞུ། སྔོན་གྱི་རིས་མེད་སྐྱེས་ཆེན་རྣམ་པའི་ཞབས་ཀྱི་རྗེས་སུ་སྙག་མཁན་ཞིག་གི་ཚོར་བ་སླེབས་ནས། མ་འོངས་པའི་སྐྱེས་ཆེན་དམ་པ་ཞིག་གི་ལོ་རྒྱུས་འདེབས་བཞིན་པའི་དད་པ་ཤར།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།