སློབ་དཔོན་ཟླ་གྲགས་ཀྱི་གྲུབ་མཐའ། (སྨད་ཆ།)

40082

                                    རྩོམ་པ་པོ། རྩིས་ཆེ་ལེགས་མཐོང་།


བོད་སྔ་རབས་པའི་མཁས་པ་རྣམས་ཀྱིས་སློབ་དཔོན་ཟླ་བ་གྲགས་པ་ལ་རང་ལུགས་དང་གྲུབ་མཐའ་སོགས་མེད་ཚུལ་ནན་གྱིས་གསུངས་ན་ཡང་ཟླ་བ་གྲགས་པའི་འཇུག་པའི་རང་འགྲེལ་དུ་སེམས་ཙམ་པ་དང་དབུ་མ་པ་གཉིས་འགལ་བ་ཅན་གྱི་གྲུབ་མཐའ་གཉིས་ཡིན་ཚུལ་གསལ་པོར་བསྟན་ཅིང་། ཟླ་གྲགས་ཀྱིས་བདག་ནི་དབུ་མ་པ་ཡིན་ནོ། དབུ་མ་ཐལ་འགྱུར་བ་ཡིན་ནོ་ཞེས་མ་གསུངས་ཀྱང་། ཁོང་གིས་ཚིག་གསལ་གྱི་རབ་བྱེད་བཅུ་བདུན་པའི་འགྲེལ་པ་ལས། “དེའི་ཕྱིར་དངོས་པོ་རྣམས་ཀྱི་རང་བཞིན་ཁས་མ་བླངས་པས། དབུ་མ་པ་རྣམས་ཁོ་ན་ལ་རྟག་པ་དང་ཆད་པར་ལྟ་བ་གཉིས་སུ་ཐལ་བ་མེད་པ་ཡིན་ནོ་ཞེས་ཤེས་པར་བྱའོ།།” ཞེས་གསུངས་པ་སོགས་ཀྱི་ཤུགས་ལ་དབུ་མ་པ་ནི་ནང་པའི་གྲུབ་མཐའ་ཞིག་ཡིན་པ་དང་། ཟླ་གྲགས་རང་ཉིད་དེའི་ཕྱོགས་འཛིན་པ་ཡིན་པའི་ཚུལ་གསལ་པོར་མཐོང་ཐུབ། དེར་བརྟེན་རྗེ་ཙོང་ཁ་པ་དང་གོ་རམས་པ་སོགས་ཀྱིས་གསུངས་པ་ལྟར་དབུ་མའི་གཞུང་རྣམས་སུ་ཕྱོགས་དང་གྲུབ་མཐའ་ཡོད་མེད་རྩོད་པ་བྱུང་བ་རྣམས་ནི་དབུ་མ་པའི་སློབ་དཔོན་རྣམས་ཀྱིས་དོན་དམ་དུ་གང་ཡང་རང་བཞིན་གྱིས་མ་གྲུབ་པར་གསུངས་པ་ལ་ཕ་རོལ་པོ་དངོས་སྨྲ་བས་དེ་ལྟར་ན་ཁྱོད་ལ་རང་ལུགས་ཀྱང་མེད་པར་ཐལ་བ་སོགས་ཀྱི་སྐྱོན་འཕངས་པའི་ལན་དུ་དབུ་མ་པ་རྣམས་ཀྱིས་དོན་དམ་དུ་རང་ལུགས་དང་གཞན་ལུགས་གང་ཡང་མ་གྲུབ་པར་གསུངས་པ་ཞིག་ཡིན་པས་ན་ཟླ་གྲགས་ཀྱིས་ཐ་སྙད་ཙམ་དུ་གྲུབ་མཐའ་ཁས་ལེན་པའི་ཚུལ་ནི་ཚིག་རེ་ཟུང་ཙམ་ལ་བརྟེན་ནས་མཇུག་བསྡོམས་མ་བརྒྱབ་པར་བསྟན་བཅོས་ཀྱི་མགོ་མཇུག་ཧྲིལ་པོ་བསྒྲིལ་ན་རྟོགས་ཐུབ།

འོ་ན་ཟླ་བ་གྲགས་པའི་གྲུབ་མཐའ་དེ་ཅི་འདྲ་རེད་དམ་སྙམ་ན། ཟླ་བ་གྲགས་པས་བཞི་བརྒྱ་པའི་རབ་བྱེད་ཐ་མའི་འགྲེལ་པ་ལས། “གང་གི་ཚེ་འཇིག་རྟེན་པའི་དངོས་པོ་བཤད་པར་འདོད་པ་དེའི་ཚེ་ཕྱི་ནང་གི་དོན་གྱི་དབྱེ་བས་ཕུང་པོ་ལྔ་ཆར་ཡང་འཇིག་རྟེན་པའི་རྟོག་པ་ཚད་མར་བྱས་ཏེ་ཁས་བླང་བར་བྱ་ལ། གང་གི་ཚེ་འཇིག་རྟེན་ལས་འདས་པའི་དེ་ཁོ་ན་ཉིད་བཤད་པར་འདོད་པ་དེའི་ཚེ་འཕགས་པའི་ཡེ་ཤེས་ལ་ལྟོས་ནས་ཕུང་པོ་ལྔ་ཆར་ཡང་རང་བཞིན་གྱིས་སྟོང་པར་བཤད་པར་བྱའོ།།” ཞེས་གསུངས་པ་ལྟར་ནང་པ་སངས་རྒྱས་པའི་གྲུབ་མཐའ་རྣམས་ཀྱིས་ཆོས་ཐམས་ཅད་བདེན་པ་གཉིས་སུ་ཕྱེ་ནས་བཤད་པ་ལ་ཟླ་བ་གྲགས་པས་དོན་དམ་གྱི་བདེན་པ་ནི་རིགས་པ་གཙོ་བོར་བྱས་ནས་རྣམ་གཞག་བྱ་དགོས་པ་དང་། ཀུན་རྫོབ་ཀྱི་བདེན་པ་ནི་འཇིག་རྟེན་ཡོངས་གྲགས་ལྟར་བྱས་ནས་འཇོག་དགོས་ཚུལ་འཇུག་པའི་རང་འགྲེལ་དུ་ཞིབ་ཕྲ་གསུངས། འཇིག་རྟེན་ཡོངས་གྲགས་ཀྱི་བཤད་སྲོལ་གལ་ཆེན་དུ་འཛིན་པ་ནི་ཟླ་བ་གྲགས་པས་སྤོབས་པ་ཞིག་ཏུ་བརྩིས་གནང་བས་ན་ཚིག་གསལ་ལས། “ཁོ་བོ་ནི་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་འཇོག་པ་ལ་མཁས་པའི་ཕྱིར། འཇིག་རྟེན་པའི་ཕྱོགས་ཉིད་ལ་གནས་ཏེ་ཀུན་རྫོབ་ཀྱི་ཕྱོགས་གཅིག་བསལ་བའི་ཕྱིར་བཀོད་པའི་འཐད་པ་གཞན་འཐད་པ་གཞན་གྱིས་ཟློག་པར་བྱེད་ཅིང་འཇིག་རྟེན་གྱི་རྒན་རབས་ལྟར། འཇིག་རྟེན་གྱི་ཆོས་ལུགས་ལས་ཉམས་པ་ཁྱོད་ཁོ་ན་ཟློག་པར་བྱེད་པ་ཡིན་གྱི་ཀུན་རྫོབ་ནི་མ་ཡིན་ནོ།།” ཞེས་གསུངས།

དེ་ལྟར་ཟླ་གྲགས་ཀྱིས་ཀུན་རྫོབ་ཀྱི་རྣམ་གཞག་བྱེད་པའི་སྐབས་སུ་གྲུབ་མཐའ་སྨྲ་བའི་མཁས་པ་རྣམས་ལས་ཀྱང་འཇིག་རྟེན་ཡོངས་གྲགས་གཙོ་བོར་བྱེད་པའི་རྒྱུ་མཚན་ནི་ཟླ་གྲགས་ཀྱིས་བཞི་བརྒྱ་པའི་རྒྱ་ཆེར་འགྲེལ་གྱི་རབ་བྱེད་དགུ་པའི་འགྲེལ་པ་ལས། “དེའི་ཕྱིར་འཇིག་རྟེན་པའི་དངོས་པོ་རྣམས་ནི་འཇིག་རྟེན་ལས་འདས་པ་ལ་ཡོངས་སུ་མཐོང་བའི་རྣམ་པར་དཔྱད་པ་མ་བཅུག་པར་འཇིག་རྟེན་ན་ཇི་ལྟར་ཡིན་པ་དེ་ལྟར་ཁས་བླང་བར་བྱ་ཞིང་། ཇི་ལྟར་རྣམ་པར་ཤེས་པ་འཇིག་རྟེན་པ་ཡིན་པ་དེ་ལྟར་རྡུལ་ཕྲ་རབ་ཀྱང་ཡིན་པས་འདིས་རིགས་པ་བཅུག་ནས་རྡུལ་ཕྲ་རབ་བསལ་བར་མི་ནུས་ཏེ། དེའི་རིགས་པ་ལ་འཇིག་རྟེན་དང་ལུང་གི་གནོད་པས་གནོད་པའི་ཕྱིར་རོ།།” ཞེས་ཟླ་གྲགས་ཀྱིས་སེམས་ཙམ་པས་སྣང་བ་སེམས་ཡིན་པར་འདོད་པ་ལ་དེ་ལྟར་གསུངས་པ་ལ། དེའི་དོན་ནི་རྡུལ་ཕྲ་རབ་དང་རྣམ་པར་ཤེས་པ་ལ་སོགས་པ་དེ་ཐམས་ཅད་འཇིག་རྟེན་པའི་ཆོས་ཡིན་པས་ན་དེའི་རྣམ་གཞག་བྱེད་པར་འཇིག་རྟེན་དང་མཐུན་དགོས་ཤིང་། འཇིག་རྟེན་གྱི་ལུགས་སུ་རྡུལ་ཕྲ་རབ་ནི་རྣམ་ཤེས་སམ་སེམས་མ་ཡིན་པས་ན་སེམས་ཙམ་པ་ཁྱོད་ཀྱིས་བཤད་པའི་འཇིག་རྟེན་གྱི་རྣམ་གཞག་ནི་འཇིག་རྟེན་དང་འགལ་བ་ཞིག་ཡིན་པར་གསུངས་པའོ།

གྲུབ་མཐའ་སྨྲ་བ་གཞན་གྱིས་ལུང་དང་རིགས་པ་འདྲ་མིན་དྲངས་ཏེ་འཇིག་རྟེན་ན་མ་གྲགས་པ་ཞིག་སྨྲ་བར་དགའ་བ་ལ། ཟླ་གྲགས་ཀྱིས་ཚིག་གསལ་གྱི་རབ་བྱེད་དང་པོ་རྐྱེན་བརྟག་པའི་འགྲེལ་པའི་སྐབས་ལས། “དཔྱད་པ་ཞིབ་མོ་འཇིག་རྟེན་པའི་ཐ་སྙད་ལ་བཅུག་པ་འདིས་ཅི་དགོས་ཞེས་ཁོ་བོ་ཅག་ཀྱང་དེ་སྐད་དུ་སྨྲ་སྟེ། ཀུན་རྫོབ་ཕྱིན་ཅི་ལོག་ཙམ་གྱིས་བདག་གི་ངོ་བོ་ཡོད་པར་རྙེད་པ། ཐར་པ་འདོད་པ་རྣམས་ཀྱི་ཐར་པ་འདྲེན་པར་བྱེད་པའི་དགེ་བའི་རྩ་བ་སོག་པའི་རྒྱུར་གྱུར་པ་འདི་ནི་ཇི་སྲིད་དེ་ཁོ་ན་ཉིད་མ་རྟོགས་པ་དེ་སྲིད་དུ་གནས་པར་འགྱུར་མོད། ཁྱོད་ནི་དོན་དམ་པ་ལ་མི་མཁས་པས་ལ་ལར་འཐད་པ་བཅུག་ནས་རིགས་པ་མ་ཡིན་པས་ལས་དེ་འཇིག་པར་བྱེད་པ་ཡིན་ནོ།།” ཞེས་ཕྱི་ནང་གི་གྲུབ་མཐའ་གང་ཡིན་ཀྱང་རྟོག་བཟོས་གྲུབ་མཐའ་འདྲ་མིན་རྩོམ་པ་ནི་སྙིང་པོ་མེད་པ་ཞིག་ཡིན་ཚུལ་ནན་པོ་བྱས་ནས་གསུངས་གནང་ཡོད། ཟླ་གྲགས་ཀྱིས་དབུ་མ་ལ་འཇུག་པའི་ནང་དུ་མུ་སྟེགས་པས་འདོད་པའི་བདག་གི་རང་བཞིན་འགོག་སྐབས་ཀྱང་འཇིག་རྟེན་པས་དེ་ལྟར་མི་གཟུང་བ་རྒྱུ་མཚན་དུ་བཀོད་ནས་བཀག་གནང་ཞིང་། འཇུག་འགྲེལ་དང་ཚིག་གསལ་སོགས་སུ་ཟླ་གྲགས་རང་ལུགས་ཀྱི་འདོད་པ་མང་པོ་ཞིག་ཀྱང་འཇིག་རྟེན་གྱི་གྲགས་པ་ཙམ་ལ་ཁུངས་བཅོལ་བ་དཔེར་ན་ཟླ་གྲགས་ཀྱིས་དངོས་པོ་རྣམས་བདག་དང་གཞན་གང་རུང་ལས་མི་སྐྱེ་བར་རྒྱུ་ལ་བརྟེན་ནས་འབྲས་བུ་སྐྱེ་བ་ཙམ་ཡིན་པར་གསུངས་པ་ལྟ་བུ་རེད།

དེར་བརྟེན་ཟླ་བ་གྲགས་པས་ཕྱི་རོལ་མུ་སྟེགས་པ་དང་། ནང་པ་སངས་རྒྱས་པའི་གྲུབ་མཐའ་གང་ལ་ཡིན་ཀྱང་ཕྱོགས་རིས་མ་གནང་བར་གྲུབ་མཐའ་སྐམ་པོའི་གསར་གཏོད་རེ་གཟིགས་ནས་བཟུང་དགག་པ་གནང་རྐྱང་གནང་ཡོད། དཔེར་ན་ཟླ་བ་གྲགས་པའི་སྐབས་སུ་ནང་པའི་གྲུབ་མཐའ་སྟོབས་ཤུགས་ཆེ་ཤོས་སེམས་ཙམ་པ་ཡིན་པ་ལ་སེམས་ཙམ་པའི་འདོད་པ་དམིགས་བསལ་སྣང་བ་སེམས་དང་། རྣམ་ཤེས་བདེན་གྲུབ། ཀུན་གཞི་རྣམ་ཤེས། གཞན་དབང་། རང་རིག་སོགས་འཇིག་རྟེན་ན་ཡོངས་སུ་མ་གྲགས་པའི་གསར་གཏོད་ཡོད་དོ་ཅོག་ལ་ཟླ་བ་གྲགས་པས་དགག་པ་གནང་ཞིང་། དབུ་མ་པའི་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རྨི་ལམ་དུ་ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་ཡོད་པར་གསུངས་པ་ལ་ཡང་ཟླ་གྲགས་ཀྱིས་འཇུག་པ་རང་འགྲེལ་དུ་དགག་པ་གནང་ཡོད། ཐ་ན་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་མངོན་སུམ་ཞེས་པའི་ཐ་སྙད་ནི་གཙོ་བོ་ཡུལ་ཅན་ལ་བེད་སྤྱོད་པ་ཙམ་ལ་ཡང་ཟླ་གྲགས་ཀྱིས་དགོངས་ཡངས་མ་གནང་བར་བཞི་བརྒྱ་པའི་རབ་བྱེད་བཅུ་གསུམ་པའི་འགྲེལ་པ་ལས། “འཇིག་རྟེན་པའི་དོན་ལ་འཇིག་རྟེན་པའི་མཐོང་བ་སྤངས་ནས་དོན་གཞན་ལ་བརྟེན་པར་རིགས་པ་མ་ཡིན་ནོ། དེའི་ཕྱིར་འཇིག་རྟེན་ན་ཡུལ་ཁོ་ན་དངོས་ཀྱི་འཇུག་པས་མངོན་སུམ་ཡིན་ལ་ཤེས་པ་ནི་བཏགས་པ་ལས་སོ།” ཞེས་སོགས་གསུངས་ནས་དགག་པ་གནང་ཞིང་། བཞི་བརྒྱ་པའི་འགྲེལ་པར་གྲངས་ཅན་པ་ནི་འཇིག་རྟེན་ན་ཡོངས་སུ་མ་གྲགས་པ་མང་པོ་རྟོག་བཟོ་བྱས་ནས་བཤད་པས་ན་སྨྱོན་པ་དང་མཚུངས་པར་གསུངས།

ཟླ་གྲགས་ཀྱིས་སངས་རྒྱས་ཀྱི་གསུང་ལ་ཡང་གལ་ཆེ་ཤོས་ཀྱི་ཁྱད་ཆོས་གཅིག་ནི་ལྟ་གྲུབ་སྐམ་པོ་མང་པོ་ཞིག་གསར་བཟོ་མ་གནང་བར་འགྲོ་བ་མི་ཡི་སེམས་ཁམས་དང་མཐུན་པར་གསུངས་པ་ཉིད་ཡིན་པར་གཟིགས་ཡོད་ངེས་ཏེ། དབུ་མ་པའི་ལུགས་ལྟར་ན་སངས་རྒྱས་ཀྱི་གསུང་གལ་ཆེ་ཤོས་སུ་ངོས་འཛིན་པ་རྟེན་འབྲེལ་གྱི་དོན་ནི་ཟླ་གྲགས་ཀྱིས་ཧ་ཅང་སྟབས་བདེ་མོ་སྟེ་འདི་ཡོད་པས་འདི་འབྱུང་བ་དེ་ཙམ་གྱི་དོན་ཡིན་པར་གསུངས་ཏེ། དེ་ལས་གཞན་དུ་འགྲེལ་བརྗོད་བྱེད་མཁན་རྣམས་ལ་ཟླ་གྲགས་ཀྱིས་དགག་པ་ཡང་མཛད་པ་ནི་ཚིག་གསལ་གྱི་རབ་བྱེད་བདུན་པ་འདུས་བྱས་བརྟག་པའི་འགྲེལ་པ་ལས། “འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ནི་འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་ལ། འདི་སྐྱེས་པས་འདི་སྐྱེ་སྟེ་ཞེས་བྱ་བ་ལ་སོགས་པས་རྟེན་ཅིང་འབྲེལ་བར་འབྱུང་བ་ཕྱིན་ཅི་མ་ལོག་པར་གསལ་བར་མཛད་ཅིང་། རང་བཞིན་དང་། དབང་ཕྱུག་དང་། ངོ་བོ་ཉིད་དང་། དུས་དང་། རྡུལ་དང་། སྲེད་མེད་ཀྱི་བུ་ལ་སོགས་པ་བྱེད་པ་པོར་སྨྲ་བ་བསལ་ནས། དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་བསྟན་པར་མཛད་པ་ཡིན་ལ། ཁྱོད་ཀྱིས་ནི། སྐྱེ་དང་མ་སྐྱེས་སྐྱེ་བཞིན་པ།། ཇི་ལྟ་བུར་ཡང་མི་སྐྱེད་པ།། ཞེས་བྱ་བ་ལ་སོགས་པས་དེ་སུན་འབྱིན་པར་བྱེད་པས་ན། དེ་བཞིན་གཤེགས་པ་བསྐྲུན་པར་མཛད་པའི་ཡུལ་རྟེན་ཅིང་འབྲེལ་བར་འབྱུང་བ་བསད་པར་བྱས་པ་ཡིན་ཏེ། དེའི་ཕྱིར་ཐམས་ཅད་མེད་པར་སྨྲ་བ་པ་ཁྱོད་དང་བརྩད་པས་ཆོག་གོ།” ཞེས་སོགས་གསུངས།

གང་ལྟར་ཡང་ཟླ་བ་གྲགས་པའི་གྲུབ་མཐའི་ཁྱད་ཆོས་གཙོ་བོ་ནི་གྲུབ་མཐའ་སྐམ་པོ་ཞིག་གསར་བཟོ་དང་རྒྱ་བསྐྱེད་མི་བྱེད་པ་དེ་ཡིན་ན་ཡང་བོད་ཀྱི་མཁས་པ་རྣམས་ཀྱིས་ཟླ་གྲགས་ལ་རང་ལུགས་ཡོད་མེད་བཤད་པ་གང་ལྟར་ཡང་ཟླ་གྲགས་ཀྱི་གྲུབ་མཐའ་ལ་དམིགས་བསལ་གྱི་ཁྱད་ཆོས་འདོན་གང་ཐུབ་གནང་སྲོལ་ཡོད་པས་རྗེ་ཙོང་ཁ་པས་ཟླ་གྲགས་ཀྱི་གྲུབ་མཐའ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བརྒྱད། གོ་རམས་པས་ཁྱད་ཆོས་བཅུ་དྲུག དཔལ་ཁང་ལོ་ཙཱ་བས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྔ་ཡོད་པར་གསུངས། འོན་ཀྱང་ཟླ་བ་གྲགས་པའི་གྲུབ་མཐའ་སྨྲ་བ་པོ་རྣམས་ལས་ཁོ་བོས་བལྟས་ན་དོན་དམ་གྱི་རྣམ་གཞག་བྱེད་ཚུལ་རྗེ་ཙོང་ཁ་པ་དང་ཀུན་རྫོབ་ཀྱི་རྣམ་གཞག་བྱེད་ཚུལ་ཀརྨ་པ་མི་བསྐྱོད་རྡོ་རྗེ་ལས་ལྷག་པ་མ་བྱུང་བ་ལྟ་བུར་མངོན། དོན་དམ་གྱི་སྐོར་ལ་མང་དུ་དྭོགས་པས་རེ་ཞིག་བཤད་པར་མི་འདོད་ཅིང་། ཀུན་རྫོབ་ཀྱི་སྐོར་ལ་མི་བསྐྱོད་རྡོ་རྗེས་ཐལ་འགྱུར་བས་རིགས་པས་དཔྱད་ནས་ཐ་སྙད་ཀྱི་རྣམ་གཞག་ནམ་ཡང་མི་བྱེད་པར་འཇིག་རྟེན་ན་གང་གྲགས་པ་དེ་རང་རྗེས་བརྗོད་བྱེད་ཚུལ་ནན་ཏན་དུ་གསུངས་ཡོད་ཅིང་། རྗེ་ཙོང་ཁ་པས་ཐལ་འགྱུར་བའི་ལུགས་སུ་ཞིག་པ་དངོས་པོར་འདོད་ཅིང་དེ་ཡང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་པར་གསུངས་པ་ལ་ཀརྨ་པ་མི་བསྐྱོད་རྡོ་རྗེས་ཙོང་ཁ་པའི་གསུང་དེ་ནི་ཐལ་འགྱུར་བའི་གཞི་རྩའི་སྒྲོམ་གཞི་དང་འགལ་བ་ཞིག་ཡིན་ཚུལ་གསུངས་ནས་དགག་པ་གནང་ཡོད།

གཞན་ཡང་ཀརྨ་པ་མི་བསྐྱོད་རྡོ་རྗེས་འཇུག་འགྲེལ་དྭགས་བརྒྱུད་གྲུབ་ཤིང་ལས། “གང་ལ་ཐ་སྙད་ལ་རིགས་པས་དཔྱད་ནས་འཇོག་པ་རྣམས་ནི་ཐ་སྙད་ཀྱི་རྣམ་གཞག་ཕྱིན་ཅི་ལོག་ཏུ་བཞག་པར་འགྱུར་བ་ཡིན་ཏེ། ཐ་སྙད་རིགས་པས་དཔྱད་ནས་རྙེད་ན་དོན་དམ་དུ་འགྱུར་གྱི། ཐ་སྙད་དུ་མི་རུང་ལ། མ་རྙེད་ན་ནི་ཐ་སྙད་སྟོར་ཞིང་དོན་དམ་པར་འགྱུར་བའི་ཕྱིར་རོ།” ཞེས་དང་། ཡང་མི་བསྐྱོད་རྡོ་རྗེས་དཔྱད་ནས་བསྒྲུབས་པའི་ཆོས་འདི་པས་བདེན་པ་གཉིས་ཀར་མི་བཞེད་པའི་ཕྱིར་ཞེས་སོགས་གསུངས་ནས། གོ་རམས་པ་དང་ཤཱཀ་མཆོག་སོགས་ཀྱིས་ཟླ་བ་གྲགས་པས་སྤྱིར་རང་རིག་དང་ཀུན་གཞི་རྣམས་འགོག་པ་མིན་པར་ཀུན་གཞི་དང་རང་རིག་རྣམས་དོན་དམ་དུ་གྲུབ་པ་འགོག་པ་ཡིན་ཚུལ་གསུངས་པ་ལ། མི་བསྐྱོད་རྡོ་རྗེས་འཇུག་འགྲེལ་ལས། “ཐལ་འགྱུར་བས་འཇིག་རྟེན་པས་ཐ་སྙད་ཀྱི་གཞིར་ཀུན་གཞི་དང་རང་རིག་མི་བཞག་པས་དེ་དག་ཐ་སྙད་དུ་མ་དཔྱད་པ་ནའང་མི་འཇོག་ལ། ལས་འབྲས་དང་མྱོང་དྲན་ཙམ་ཐ་སྙད་ཀྱི་གཞིར་རུང་བས་དེ་དག་མ་དཔྱད་པའི་ཐ་སྙད་ཀྱིས་ཐ་སྙད་དེ་དག་འཇིག་རྟེན་ན་རྣམ་པར་བཞག་གོ་ཞེས་གསལ་བར་བཤད་པའི་ཕྱིར།” ཞེས་སོགས་གསུངས་ཏེ། མི་བསྐྱོད་རྡོ་རྗེས་ཟླ་བ་གྲགས་པས་ཐ་སྙད་དུ་ཡང་གཞན་དབང་དང་རང་རིག་སོགས་ཀྱི་རྣམ་གཞག་མི་བྱེད་པ་ཡང་འཇིག་རྟེན་ལ་དེ་ལྟར་མ་གྲགས་ཤིང་། དེ་དག་མ་བཤད་ཀྱང་འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་འཐད་པས་དགོས་མེད་ཀྱི་གསར་བཟོ་མི་དགོས་པའི་རྒྱུ་མཚན་གྱིས་ཡིན་ཚུལ་མི་བསྐྱོད་རྡོ་རྗེའི་གསུང་རྣམས་ལ་མཇལ་ན་གསལ་པོར་མཐོང་ཐུབ།

མཐར་གཏུགས་ན་སློབ་དཔོན་ཟླ་བ་གྲགས་པའི་གྲུབ་མཐའ་ནི་དོན་དམ་དུ་རང་བཞིན་གྱིས་གྲུབ་པ་ཅི་ཡང་མེད་ཅིང་། ཐ་སྙད་དུ་འཇིག་རྟེན་ན་གང་ཡོངས་སུ་གྲགས་པ་དང་སངས་རྒྱས་ཀྱིས་གང་དངོས་སུ་གསུངས་པ་རྣམས་ལས། དེ་ལས་གཞན་གྲུབ་མཐའ་མཁན་པོ་རྣམས་ཀྱིས་བཏགས་པ་ནི་རྟོག་བཟོ་ཙམ་ཡིན་པས་སྙིང་པོ་ཅི་ཡང་མེད་པ་ནི་ཁོ་བོའི་གོ་བ་ལྟར་ན་སློབ་དཔོན་ཟླ་བ་གྲགས་པའི་གྲུབ་མཐའི་སྙིང་པོ་ལྟ་བུ་ཡིན་པར་མཐོང་། འོན་ཀྱང་སངས་རྒྱས་ཀྱིས་གསུངས་པ་ས་བཅུ་དང་ལམ་ལྔ་སོགས་འཇིག་རྟེན་གྱི་གྲགས་པའི་དབང་གིས་ཡོད་པ་མིན་ཀྱང་ཐ་སྙད་ཙམ་དུ་ཡོད་པར་ཟླ་གྲགས་ཀྱིས་ཀྱང་ལོས་འདོད་ངེས། འོན་ཀྱང་ཟླ་གྲགས་ཀྱིས་ནང་པ་སངས་རྒྱས་པའི་མཁས་པ་རྣམས་ལ་སངས་རྒྱས་ཀྱིས་གང་གསུངས་པ་དེ་རང་གིས་ཆོག་པས་དེའི་ཐོག་ཏུ་རྟོག་བཟོའི་འགྲེལ་བརྗོད་དང་གྲུབ་མཐའ་འདྲ་མིན་མི་བཟོ་བའི་འབོད་བསྐུལ་ནན་པོ་གནང་ཡོད། ཟླ་གྲགས་ལ་དགོངས་པ་དེ་འདྲ་བྱུང་བ་ཡང་རྒྱ་གར་ལ་ཆོས་ལུགས་རྣམས་ལ་རྟོག་བཟོའི་གྲུབ་མཐའ་ཧ་ཅང་མང་བས་གྲངས་ཅན་པས་ཤེས་བྱ་ཉེར་ལྔ་ལྟ་བུ་དང་། ནང་པའི་བྱེ་བྲག་སྨྲ་བས་ཐོབ་པ་དང་མ་ཐོབ་པ། སྐྱེ་བའི་སྐྱེ་བ་དང་སྐྱེ་བའི་རྒ་ཤི་སོགས་བརྗོད་གཞི་རེ་རེ་ལ་མཚན་ཉིད་དང་དབྱེ་བ། དབྱེ་བ་དེ་རེ་རེ་ལ་ཡང་ནང་གསེས་ཀྱི་དབྱེ་བ་མང་པོ་ཡོད་པའི་ལྟ་གྲུབ་མང་ཤོས་ནི་རྒྱ་གར་གྱི་གྲུབ་མཐའ་རྣམས་ཡིན་པས་ཟླ་བ་གྲགས་པ་རྟོག་བཟོའི་གྲུབ་མཐའ་སྐམ་པོ་དེ་འདྲའི་རིགས་ལ་ཐུགས་སུན་བྱུང་ནས་དེ་འདྲ་གསུངས་ཡོད་སྲིད་པ་ཞིག་རེད།

ཆོས་ལུགས་ཀྱི་མཚན་ཉིད་རིག་པས་ཤུགས་རྐྱེན་ཐེབས་པའི་ང་ཚོ་མང་པོ་ཞིག་ཀྱང་རྟོག་བཟོས་གྲུབ་མཐའ་སྐམ་པོ་མང་པོ་ཞིག་ལ་མགོ་བོ་འཐོམས་ཤིང་རྨོངས་ནས་རྩ་ཆེའི་དུས་ཚོད་མང་པོ་ཞིག་འཕྲོ་བརླགས་གཏོང་གི་ཡོད་ཅིང་། ད་ལྟའི་ཆར་འཚོ་གནས་དངོས་དང་འབྲེལ་བ་ཡོད་པའམ། རིགས་པ་ཡང་དག་གིས་བསྒྲུབ་ཏུ་ཡོད་པ། ཡང་ན་ཚན་རིག་གི་ལམ་ནས་གཏན་ལ་འབེབས་ཐུབ་པའི་ལྟ་གྲུབ་ཙམ་ལས་འཚོ་གནས་དང་མདུན་ལམ་ལ་ཕན་ཐོགས་མེད་ཅིང་། ཁྱད་གཞི་ཙམ་ཡང་ཡོད་པར་བསྒྲུབ་མི་ཐུབ་པར་ཁྱད་ཆོས་མང་པོ་བཤད་པའི་ལྟ་གྲུབ་སྐམ་པོའི་རིགས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་དུས་ཚོད་རྫོགས་ཟིན་ཡོད། ནུབ་ཕྱོགས་པའི་མཚན་ཉིད་རིག་པའི་ལོ་རྒྱུས་ཐོག་ལ་དེ་འདྲའི་མཚན་ཉིད་རིག་པ་ལ་སྐྱོན་བརྗོད་བྱེད་མཁན་ཡོངས་གྲགས་ཀྱི་ཐོག་མ་ལྟ་བུ་ནི་རྟོག་སད་པ་ Immanuel Kant ཁཱན་ཊི་ཡིན་པར་གྲགས་ཀྱང་། ཁཱན་ཊི་ནི་དུས་རབས་བཅོ་བརྒྱད་པའི་ནང་དུ་བྱུང་བ་ལ། སློབ་དཔོན་ཟླ་བ་གྲགས་པ་ནི་ཇི་ཙམ་འཕྱི་ཡང་དུས་རབས་བདུན་པའི་ནང་དུ་བྱུང་བས་ན། ཟླ་བ་གྲགས་པས་དུས་རབས་བདུན་པའི་ནང་དུ་ལྟ་གྲུབ་དེ་འདྲ་ཞིག་དར་སྤེལ་གནང་བ་ནི་ངོ་མཚར་ལས་ཀྱང་ངོ་མཚར་རེད་ལ། རྗེས་འཇུག་རྣམས་ཀྱི་ཁྲོད་དུ་ཟླ་གྲགས་ཀྱི་དགོངས་པ་དེ་འདྲ་ཡིན་པ་ཤེས་མཁན་དཀོན་པའི་ཐོག་ཏུ་ཟླ་གྲགས་ཀྱི་གྲུབ་མཐའ་ལ་དེ་ལས་ཀྱང་རྒྱས་སྤྲོས་མང་བ་བྱས་ཤིང་། དེའི་ཆེད་དུ་ད་ལྟའི་བར་རིགས་པའི་རྩོད་གླེང་ཙམ་མིན་པར་ཆགས་སྡང་གི་འཐབས་འཁྲུགས་ཀྱང་མང་ཙམ་བྱས་པ་ནི་ཕངས་དགོས་པ་ཞིག་ཀྱང་ལོས་ཡིན།

འོན་ཀྱང་དྲང་པོ་བཤད་ན་ཟླ་གྲགས་ཀྱི་དགོངས་པ་དངོས་གང་ཡིན་ནི་ད་ལྟའི་བར་རྩོད་གཞི་ཡིན་པས་ན་ཁོ་བོས་འདིར་བཤད་པ་འདི་དག་ཀྱང་མཐའ་གཅིག་ཏུ་ཟླ་གྲགས་ཀྱི་དགོངས་པ་རེད་ཅེས་དམ་བཅའ་བར་མི་ནུས་ཀྱང་། ཟླ་གྲགས་རང་ཉིད་ཀྱི་གསུང་རྩོམ་གྲགས་ཅན་གསུམ་སྟེ། འཇུག་པ་རྩ་འགྲེལ་དང་། བཞི་བརྒྱ་པའི་འགྲེལ་པ། རྩ་ཤེས་ཀྱི་འགྲེལ་པ་ཚིག་གསལ་གསུམ་དང་། བོད་འགྲེལ་རྣམས་ལས་ཀརྨ་པ་མི་བསྐྱོད་རྡོ་རྗེའི་འགྲེལ་པ་དྭགས་བརྒྱུད་གྲུབ་པའི་ཤིང་རྟ་བཅས་ལ་མཇལ་ན་ཚིག་གིས་དངོས་སུ་འདིར་ཁོ་བོས་བཤད་པ་ལྟར་ཧ་ཅང་གསལ་པོ་བྱས་ནས་གསུངས་པ་མ་མཐོང་ཡང་དོན་གྱི་གོ་བ་དེ་འདྲ་ཞིག་ལ་འབབ་ཀྱི་ཡོད་པ་ཕལ་ཆེར་གསལ་པོར་མཐོང་ཐུབ་སྙམ། གལ་ཏེ་དངོས་གནས་དེ་ལྟར་ཡིན་ན་གནད་འགག་འདི་ནི་ཟླ་བ་གྲགས་པའི་དགོངས་པ་ཙམ་མིན་པར་མཚན་ཉིད་རིག་པ་སྤྱི་དང་ལྷག་པར་ཆོས་ལུགས་དང་འབྲེལ་བའི་མཚན་ཉིད་རིག་པའི་འགྲོ་ཚུལ་ཤེས་པ་ལ་ཧ་ཅང་གལ་ཆེ་ན་ཡང་དེ་སྔོན་འདིའི་སྐོར་ཐུགས་སྣང་གནང་མཁན་དང་རྩལ་དུ་བཏོན་ནས་གསུང་མཁན་དཀོན་ཚོད་དུ་འདུག་པས་ད་རེས་ཁོ་བོས་ཅུང་ཟད་འབུར་དུ་འདོན་ཅིང་གསལ་པོར་བཟོ་ཐུབ་པའི་རེ་བས་ཡིག་ཚོགས་ཀྱི་ངལ་བ་ལ་མ་འཛེམས་པར་དཔྱད་རྩོམ་འདི་ཉིད་ཁོ་བོས་ཟླ་ཤས་གོང་དུ་བཞི་བརྒྱ་པའི་འགྲེལ་པ་ཟླ་གྲགས་ཀྱིས་མཛད་པ་དེ་ཉིད་ཆ་ཚང་ཞིབ་མཇལ་བྱ་རྒྱུ་བྱུང་བས་ན་དེའི་དཔེ་ཀློག་ཟིན་བྲིས་ཀྱི་དོད་དུ་བྲིས་པ་ཞིག་ཡིན།།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།