སློབ་དཔོན་ཟླ་གྲགས་ཀྱི་གྲུབ་མཐའ། (སྟོད་ཆ།)

27590



                                      རྩོམ་པ་པོ། རྩིས་ཆེ་ལེགས་མཐོང་།



རྒྱ་གར་གྱི་ནང་པའི་སློབ་དཔོན་སྙན་གྲགས་ཅན་ཅཾདྲ་ཀིརྟིའམ་ཟླ་བ་གྲགས་པ་ནི་བོད་ཀྱི་མཁས་པ་རྣམས་ཀྱིས་དུས་རབས་དང་པོ་དང་གཉིས་པའི་ཡས་མས་སུ་བྱོན་པའི་སློབ་དཔོན་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་འདོད་ན་ཡང་། དེང་རབས་མཁས་པ་རྣམས་ཀྱིས་དུས་རབས་བདུན་པའི་སྐབས་ཙམ་དུ་བྱོན་པར་འདོད། དབུ་མའི་གྲུབ་མཐའ་གཙོ་བོར་དར་བའི་བོད་བརྒྱུད་ནང་བསྟན་པའི་མཁས་པ་རྣམས་ཀྱིས་རྒྱ་གར་གྱི་ནང་བསྟན་ཆོས་ལུགས་ཀྱི་ལོ་རྒྱུས་ཐོག་སློབ་དཔོན་ཀླུ་སྒྲུབ་ནི་ཉི་མ་ལྟ་བུ་དང་ཟླ་བ་གྲགས་པ་ནི་ཟླ་བ་ལྟ་བུར་འདོད་པས་ན་བཀའ་བརྒྱུད་པའི་བཀའ་བཞི་བརྒྱུད་པའི་ལོ་རྒྱུས་ཀྱི་རྣམ་ཐར་ནང་དུ་ཟླ་གྲགས་ལ། ཉི་མ་ནུབ་ཀྱང་ཟླ་བས་མུན་སེལ་བ།། ཞེས་པའི་ལུང་བསྟན་ཡོད་ཚུལ་འབྱུང་། འོན་ཀྱང་དོན་དངོས་སུ་ཟླ་གྲགས་ནི་རྒྱ་གར་དུ་ནང་བསྟན་ཆོས་ལུགས་ནུབ་ལ་ཁད་ཀྱི་བར་དུ་སྙན་གྲགས་དང་ཤུགས་རྐྱེན་ཧ་ཅང་ཆུང་བས་ན། དཔེར་ན་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ལ་རྒྱ་གར་དུ་འགྲེལ་པ་བརྒྱད་ཙམ་མཛད་མཁན་བྱུང་ཡོད་ན་ཡང་ཟླ་གྲགས་ཀྱིས་མཛད་པའི་གཞུང་ལ་འགྲེལ་པ་མཛད་མཁན་རྒྱ་གར་ལ་རེ་གཉིས་ལས་མ་བྱུང་ཞིང་། ཐ་ན་དུས་ཡུན་རིང་པོའི་བར་ཟླ་གྲགས་ཀྱི་མཚན་སྨོས་མཁན་གྱི་མཁས་པ་ཡང་ཉུང་ཉུང་རེད།

དེར་བརྟེན་བོད་དུ་ཟླ་གྲགས་ཀྱི་མཚན་སྙན་ཐོག་མར་རྒྱས་སྐབས་ཕྱ་པ་ཆོས་ཀྱི་སེང་གེས་ཟླ་གྲགས་ཀྱི་མཚན་དངོས་སུ་སྨོས་ནས་དགག་པ་མཛད་པ་ལ་བོད་ཀྱི་མཁས་པ་གཞན་རྣམས་ཅུང་ངོ་མཚར་དུ་བྱེད་ཀྱང་། ཟླ་གྲགས་རྒྱ་གར་དུ་ཤུགས་རྐྱེན་ཅི་ཙམ་ཆུང་བ་ཤེས་ན་ཕྱ་པ་ཆོས་ཀྱི་སེང་གེས་ཟླ་གྲགས་ལ་དགག་པ་མཛད་པ་ནི་ཧང་སང་དགོས་པ་ཞིག་མ་རེད། དེ་ལས་ལྡོག་སྟེ་བོད་ཀྱི་མཁས་པ་རྣམས་ཀྱིས་ཟླ་གྲགས་ལ་ཅི་ཙམ་ཚད་མར་འཛིན་པ་ངོ་མཚར་དུ་བརྩིས་ན་ཡང་འགྲིག་པ་ཞིག་རེད། སློབ་དཔོན་ཀླུ་སྒྲུབ་ལྟ་བུ་ནི་ཐེག་པ་ཆེན་པོ་དར་བའི་ཡུལ་གྲུ་སྤྱི་ལ་སྙན་གྲགས་རྒྱས་ཡོད་ཅིང་། སློབ་དཔོན་དབྱིག་གཉེན་ནི་དེ་བས་ཀྱང་སྙན་གྲགས་ཆེ་བས་ཟླ་བ་གྲགས་པ་དང་ལེགས་ལྡན་འབྱེད་སོགས་ཀྱི་གསུང་རྩོམ་རྣམས་སུ་ཡང་སློབ་དཔོན་དབྱིག་གཉེན་གྱི་ལུང་མི་ཉུང་བ་ཞིག་དྲངས་པ་མཐོང་རྒྱུ་ཡོད། དེས་ན་ཨོ་རྒྱན་གྱི་སློབ་དཔོན་གུ་རུ་རིན་པོ་ཆེ་དང་མཚུངས་པར་ཟླ་བ་གྲགས་པ་ཡང་གཙོ་བོ་བོད་ལ་སྙན་གྲགས་ཆེ་ཤོས་བྱུང་བས་ན་བོད་བརྒྱུད་ནང་བསྟན་པའི་གྲུབ་མཐའ་ནི་གཞི་རྩའི་ཆ་ནས་ཟླ་བ་གྲགས་པའི་གྲུབ་མཐའ་རེད་ཅེས་བཤད་ཀྱང་མ་ཆོག་པ་མེད། དེ་ལྟར་བྱུང་བའི་རྒྱུ་གཙོ་བོ་ནི་ཇོ་བོ་རྗེ་ཨ་ཏི་ཤ་ལ་བརྟེན་ནས་ཡིན་ཀྱང་མང་དུ་དྭོགས་པས་ཞིབ་ཏུ་བཤད་པར་མི་བྱ།

འོ་ན་ཟླ་བ་གྲགས་པའི་གྲུབ་མཐའ་ཅི་འདྲ་ཞིག་རེད་ཅེས་དྲིས་ན་དྲི་བ་དེ་ནི་བོད་ཀྱི་མཚན་ཉིད་རིག་པའི་ལོ་རྒྱུས་ཐོག་རྙོག་ཟིང་ཚ་ཤོས་ཀྱི་དྲི་བ་ཞིག་ཡིན་པས་བོད་ཀྱི་མཁས་པ་རྣམས་ཀྱིས་དབུ་མའི་བསྟན་བཅོས་པོད་བརྒྱ་ཕྲག་ལྷག་བརྩམས་པ་ཡང་དྲི་བ་འདི་ཉིད་ཀྱི་ལན་འདེབས་ཐབས་ཤིག་རེད། ངོས་རང་སྒེར་ལྟ་བུར་མཚོན་ན་ཟླ་བ་གྲགས་པ་ལ་བོད་བརྒྱུད་ནང་བསྟན་པ་གཞན་རྣམས་ལྟར་ཧ་ཅང་དགའ་མོས་ཆེན་པོ་བྱེད་མཁན་ཞིག་མིན་ན་ཡང་། ཉེ་ཆར་དབུ་མ་བཞི་བརྒྱ་པའི་འགྲེལ་པ་ཟླ་གྲགས་ཀྱིས་མཛད་པ་དེ་ཉིད་ཞིབ་ཀློག་བྱེད་སྐབས་ཟླ་གྲགས་ཀྱི་གྲུབ་མཐའ་ལ་དེ་སྔོན་དང་མི་འདྲ་བའི་གོ་བ་དང་ངེས་ཤེས་སམ་ཡང་ན་ཚོར་སྣང་དམིགས་བསལ་བ་ཞིག་སྐྱེས་པས་ངོས་ཀྱི་བསམ་ཚུལ་དེ་ཉིད་འགྲིག་མིན་གང་ལྟར་ཡང་། དེ་ལ་གནས་ལུགས་ངེས་ཅན་ཞིག་ཡོད་སྙམ་ཞིང་། ང་ཚོ་ལྟ་གྲུབ་སྨྲ་བ་རྣམས་ཀྱིས་ཤེས་དགོས་པ་ཞིག་ཏུ་ཡང་མཐོང་ནས་རྩོམ་འདི་ཉིད་ཀྱི་གཞི་རྩའི་བརྗོད་གཞི་ཟླ་ཤས་ཀྱི་གོང་དུ་བློ་ལ་འཁོར་ན་ཡང་ལས་དོན་གཞན་མང་པོ་ཞིག་གིས་ནར་མར་ལུས་ནས་ད་རེས་དངོས་སུ་ཡིག་ཐོག་ཏུ་འགོད་པའི་ལས་ལ་ཞུགས།

དེ་ལ་ཐོག་མར་ང་ཚོས་ཟླ་བ་གྲགས་པའི་གྲུབ་མཐའ་ཤེས་པར་སྤྱིར་བཏང་གི་གྲུབ་མཐའ་འམ་མཚན་ཉིད་རིག་པ་ཤེས་དགོས་རྒྱུ་ཧ་ཅང་གལ་ཆེན་དུ་མཐོང་། དེ་ཡང་མཚན་ཉིད་རིག་པ་ནི་འཇིག་རྟེན་ལས་འདས་མ་འདས་ཀྱི་དངོས་པོ་དང་ཤེས་བྱའི་ཆོས་ཐམས་ཅད་ལ་འགྲེལ་བརྗོད་བྱེད་ཐབས་ཤིག་ཡིན་པས་ན་དེ་དག་ཆ་ཚང་གི་སྐོར་ལ་གླེང་སློང་བྱ་རྒྱུ་ནི་ལས་ཀྱང་སླ་པོ་མིན་ཅིང་། དགོས་ངེས་ཤིག་ཀྱང་མ་ཡིན་པ་ལ། གནས་སྐབས་ང་ཚོ་ཐུན་མོང་གི་རྒྱུད་ལ་ཡོད་ཅིང་། མཚན་ཉིད་རིག་པ་བ་ཕལ་མོ་ཆེའི་གླེང་གཞི་གལ་ཆེ་ཤོས་གཅིག་ཏུ་གྱུར་པ་བདག་གམ་རྣམ་ཤེེས་ཀྱི་ཐད་ལ་ཤར་ནུབ་ཀྱི་ཆོས་ལུགས་དང་མཚན་ཉིད་རིག་པ་བ་རྣམས་ཀྱིས་གླེང་ཚུལ་གང་འདྲ་ཡོད་མེད་བཤད་ན་སྐབས་སུ་བབ་པ་ངས་བཤད་འདོད་པ་གང་ཡིན་གང་འཚམས་གསལ་པོར་སྟོན་ཐུབ་སྙམ། དེ་ལ་ལེགས་སྦྱར་གྱི་སྐད་དུ་ཨཱཏྨཱ་དང་། དབྱིན་སྐད་དུ་ Soul སཽལ་ཞེས་ཟེར་བ་དེ་ནི་ང་ཚོས་བདག་ཏུ་འཛིན་པའི་གཞི་འམ་བདག་གི་མཚན་གཞི་ལྟ་བུ་ཡིན་པས་ན་རྒྱ་གར་གྱི་རིག་གཞུང་ལྟར་ན་བདག་ལ་བསྒྱུར་ན་གོ་བདེ་བར་མཐོང་ཞིང་། དེ་ལས་གཞན་པའི་རིག་གཞུང་ལྟར་ན་རྣམ་ཤེས་ལ་བསྒྱུར་ན་གོ་བདེ་བར་མཐོང་། སྐབས་རེ་འདི་དག་གནའ་བོའི་བོད་ཀྱི་རིག་གཞུང་དུ་འབྱུང་བའི་བླ་སྲོག་ལ་གོ་བ་ལྟ་བུ་ཡང་ཡོད།

འོ་ན་བདག་གམ་རྣམ་ཤེས་ཟེར་བ་དེ་ཅི་ཞིག་རེད་དམ་སྙམ་ན། ཐོག་མར་གནའ་བོའི་ Egypt ཨེ་རྗེབ་ཊི་ལྟར་ན་རྣམ་ཤེས་ལ་རིགས་གཉིས་ཡོད་པ་ལས། རྣམ་ཤེས་ཀྱི་རིགས་Ka ཀཱ་ཟེར་བ་ནི་མི་ཞིག་འཆི་བའི་རྗེས་སུ་དེའི་ལུས་དང་ལྷན་དུ་གནས་པ་དང་། རྣམ་ཤེས་ཀྱི་རིགས་Baབཱ་ནི་ཕྱི་མའི་ཡུལ་དུ་བསྐྱོད་པར་འདོད། གནའ་བོའི་རྒྱ་ནག་གི་ལུགས་སུ་ཡང་མི་གཅིག་ལ་རྣམ་ཤེས་ཀྱི་རིགས་གཉིས་ཡོད་པ་ལས་ཚོར་བ་གཙོ་བོར་གྱུར་པའི་རྣམ་ཤེས་ནི་མི་དེ་ཤི་བ་དང་དེ་དང་མཉམ་དུ་ཡལ་འགྲོ་ཞིང་། རིག་པ་གཙོ་བོར་གྱུར་པའི་རྣམ་ཤེས་ནི་འཆི་བ་མེད་པར་དུར་ཁྲོད་དུ་གནས་པས་དེ་ནི་མེས་པོ་གོང་མ་རྣམས་མཆོད་པའི་རྟེན་དུ་གྱུར་ཡོད། གནའ་བོའི་རྗེའུ་ཤིའི་ཆོས་ལུགས་ཀྱིས་ཐོག་མར་ལུས་ལས་ཐ་དད་པའི་རྣམ་ཤེས་མི་འདོད་པར་མཁས་པ་འགའ་ཤས་ཀྱིས་བཤད་ཀྱང་། ཡོངས་གྲགས་སུ་རྗེའུ་ཤིའི་ཆོས་ལུགས་ལྟར་ན་རྣམ་ཤེས་ནི་ལུས་སྲོག་ལྡན་དུ་བསྒྱུར་བའི་ནུས་པ་ཁྱད་པར་བ་ཞིག་དང་། དེ་ཡང་རྟག་བརྟན་རྒྱུན་གནས་ཀྱི་རང་བཞིན་ཞིག་ཡིན་པ་དང་། ལུས་དང་རྣམ་ཤེས་གཉིས་ནི་ཕར་ཕན་ཚུར་ཕན་གྱི་རྟེན་དང་བརྟེན་པའི་འབྲེལ་བ་ཡོད་པ་ཞིག་ཡིན་པ་ལས་ཆོས་ལུགས་གཞན་གྱིས་བཤད་པ་ལྟར་རྣམ་ཤེེས་ལུས་ཀྱི་བཙོན་ཁང་དུ་ཚུད་པ་ཞིག་མ་ཡིན་པས་ལུས་དང་རྣམ་ཤེས་དེ་གཉིས་ཀར་བདག་སྐྱོང་བྱ་དགོས་པ་དང་དགེ་སྡིག་ཀྱང་དེ་གཉིས་ཀར་འགན་ཁུར་ཡོད་པ་ཞིག་རེད།

ནུབ་ཕྱོགས་མཚན་ཉིད་རིག་པའི་བཤད་སྲོལ་ལྟར་ན། ནུབ་ཕྱོགས་མཚན་ཉིད་རིག་པ་ཀུན་གྱི་ཐོག་མར་ངོས་འཛིན་པ་ Thales ཐེ་ལིས་ཟི་(624-545 BC)གིས་དངོས་པོ་ཐམས་ཅད་འབྱུང་བ་ཆུ་ནས་བྱུང་བར་འདོད་པས་རྣམ་ཤེས་སམ་བདག་ཀྱང་ཆུ་ནས་བྱུང་བར་འདོད་པ་དང་། ལྕགས་ལ་སོགས་པ་འཐེན་པའི་ནུས་པ་ཡོད་པས་ན་རྡོ་ཁབ་ལེན་ལ་ཡང་བདག་ཡོད་པར་གསུངས་ཞེས་གྲགས། དེ་བཞིན་ Anaximenese ཨ་ནཀ་སི་མི་ནིས་ཟ་གིས་བདག་ནི་རླུང་ཡིན་པར་གསུངས་ཤིང་། ལེགས་སྦྱར་གྱི་སྐད་དུ་བདག་ལ་ཨཱཏྨཱ་ཞེས་བརྗོད་པ་ཡང་གནའ་བོའི་རྒྱ་གར་དང་ཡུ་རོབ་གཉིས་ཀྱི་སྐད་ཀྱི་འབྱུང་ཁུངས་གཅིག་ཡིན་པ་ལ་དེའི་སྐད་དུ་ཨཱཏྨཱ་ཟེར་བ་ནི་རླུང་ལ་གོ་ཞིང་། དེ་ཡང་སྲོག་ལྡན་ལ་ཡོད་པའི་དབུགས་ལ་གོ་བར་བཤད། ཡང་གནའ་བོའི་རྒི་རི་སིའི་མཁས་པ་Heraclitus ཧེ་རོ་ཀ་ལའི་ཊུ་སི་གིས་རྣམ་ཤེས་ནི་མེ་ཆུ་གཉིས་འདུས་པ་ལས་བྱུང་བར་འདོད་ཅིང་། རྣམ་ཤེས་ལ་ཡོད་པའི་མེ་ཡི་ཆ་ནི་ཡོན་ཏན་དང་ཆུ་ཡི་ཆ་ནི་སྐྱོན་ཡིན་པས། མེ་མང་ཞིང་ཆུ་ཉུང་བའི་རྣམ་ཤེས་ནི་ཡོན་ཏན་མང་ཞིང་སྐྱོན་ཉུང་བས་རྣམ་ཤེས་སྐམ་པོ་ནི་ཤེས་རབ་ཆེ་ཤོས་དང་བཟང་ཤོས་དེ་ཡིན་པར་གསུངས་མྱོང་ཡོད།

ཡང་སྙན་གྲགས་ཆེ་བ་ Pythagoras པའི་ཐ་རྒེ་རེ་སི་(580-500 BC)ལ་རང་ཉིད་ཀྱི་ཆོས་ལུགས་ཤིག་ཀྱང་ཡོད་པ་ལ་དེའི་འདོད་པ་ལྟར་ན་རྣམ་ཤེས་ནི་འཇིག་མེད་རྟག་པའི་རང་བཞིན་ཡིན་ཀྱང་འགྱུར་བ་ཡོད་པས་ན་རྣམ་ཤེས་དེ་ཉིད་སྲོག་ལྡན་གྱི་དངོས་པོ་མི་འདྲ་བར་འགྱུར་ནས་སེམས་ཅན་རྣམས་བྱུང་བར་འདོད་ཅིང་། གནའ་བོའི་རྒི་རི་སི་གི་རྡུལ་ཕྲན་རིང་ལུགས་པའི་སློབ་དཔོན་Democritus ཌི་མོ་ཀྲཱི་ཊེ་སི་ (460-370 BC)གིས་ཐམས་ཅད་རྡུལ་ཕྲན་ལས་གྲུབ་པས་རྣམ་ཤེས་ཀྱང་རྡུལ་ཕྲན་རང་བཞིན་ཡིན་པར་གསུངས་པ་ཙམ་དུ་མ་ཟད་རྣམ་ཤེས་ཀྱི་ནང་དུ་ཡང་རྡུལ་ཕྲན་ཡོད་པར་གསུངས། གནའ་བོའི་རྒི་རི་སིའི་མཚན་ཉིད་རིག་པ་བ་སྙན་གྲགས་ཆེ་ཤོས་གསུམ་ལས་ཐོག་མར་ Socrates སོ་ཀྲཱེ་ཊིས་ཟི་(469-399 BC)གིས་རྣམ་ཤེས་ནི་རྟག་པ་ཡིན་པ་དང་། འཆི་བ་ནི་ལུས་དང་རྣམ་ཤེས་གཉིས་ཐ་དད་དུ་གྱེས་པ་ཙམ་ཡིན་པར་གསུངས། ཁོང་གི་སློབ་མ་ Plato པི་ལེ་ཊཽ་(429-347 BC)གིས་ཀྱང་དེ་ལྟར་འདོད་པའི་ཐོག་ཏུ་པི་ལེ་ཊཽ་ལྟར་ན་མི་ཞིག་ལ་ཆ་ཤས་གསུམ་ཡོད་པ་ལས་དང་པོ་གཟུགས་ཅན་ལས་གྲུབ་པའི་ལུས་དང་། གཉིས་པ་ནི་སེམས། གསུམ་པ་ནི་རྣམ་ཤེས་ཏེ་རྣམ་ཤེས་དེ་ལ་བཟང་ངན་མི་འདྲ་བ་གསུམ་ཡོད་པས་ང་ཚོ་ཤི་བ་ན་སྐྱེ་བ་ལེན་ཚུལ་རིགས་མི་འདྲ་བ་གསུམ་ཡོད་པར་གསུངས། Plato པི་ལེ་ཊཽ་གི་སློབ་མ་Aristotle ཨ་རི་སི་ཊོ་ཊེལ་(384-322 BC)གིས་རང་ཉིད་ཀྱི་སློབ་དཔོན་པི་ལེ་ཊཽ་གཙོ་བོར་གྱུར་པ་ལ་དགག་པ་གནང་མྱོང་ཡོད་པས་ན་ཁོང་གིས་རྣམ་ཤེས་ནི་ལུས་ཀྱི་གསོན་ཤུགས་ཙམ་ཡིན་པས་ལུས་འཆི་བ་ན་རྣམ་ཤེས་ཀྱང་འཆི་བར་གསུངས།

གནའ་བོའི་རྒི་རི་སིའི་མངའ་ཐང་ཉམས་པའི་རྗེས་ཙམ་དུ་དར་བའི་ཡེ་ཤུའི་ཆོས་ལུགས་དང་མུ་སི་ལིམ་གྱི་ཆོས་ལུགས་གཉིས་པོ་ནི་རྗེའུ་ཤིའི་ཆོས་ལུགས་ལས་ལོགས་སུ་གྱེས་པ་ཞིག་ཡིན་ན་ཡང་དེ་གཉིས་པོས་བདག་དང་རྣམ་ཤེས་ཀྱི་འདོད་ཚུལ་ཐད་ལ་རྒི་རི་སིའི་མཚན་ཉིད་རིག་པའི་ཤུགས་རྐྱེན་ཆེ་བར་གྲགས། དེ་ཡང་ཡེ་ཤུའི་ཆོས་ལུགས་ཀྱི་ New Testament དམ་པའི་གསུང་གསར་དུ་ཞིབ་ཕྲ་གསུངས་མེད་ན་ཡང་རྣམ་ཤེས་ནི་ཚོར་བ་བདེ་སྡུག་ཡོད་པ་ཅན་ཞིག་ལ་མཐར་ཐུག་འཇིག་པ་མེད་པ་རྟག་པའི་རང་བཞིན་ཡིན་ཚུལ་གསལ་པོར་འཁོད་ཡོད། འོན་ཀྱང་ཕྱིས་སུ་ཡེ་ཤུའི་མཁས་པ་རྣམས་ཀྱིས་མི་ཞིག་ལ་ self བདག་དང་། soul རྣམ་ཤེས། spirit སེམས་ཉིད་བཅས་གསུམ་ཡོད་པར་བཤད་སྲོལ་ཡོད་ཅིང་། གསུམ་པོ་དེ་དག་སྔ་མ་ལ་ཕྱི་མ་ཡོད་ཅིང་། སྔ་མ་ལས་ཕྱི་མ་ཕྲ་བ་དང་བཟང་བར་ཡང་འདོད། དེ་ལ་བདག་ནི་ང་ཚོའི་ཕྱི་ཡི་རྣམ་པ་ཡིན་ཅིང་། རྣམ་ཤེས་དང་སེམས་ཉིད་གཉིས་ནི་ནང་གི་རྣམ་པ་ལྟ་བུ་ཡིན་པ་ལ། དེ་ཡང་རྣམ་ཤེས་ནི་གཙོ་བོ་འཇིག་རྟེན་འདི་ལ་ཕྱོགས་པའི་ཡིད་དང་། སེམས་ཉིད་ནི་གཙོ་བོ་ལྷ་ཆེན་པོ་ལ་ཕྱོགས་པའི་ཡིད་ཅིག་ཏུ་ངོས་འཛིན་པ་ལྟར་སྣང་། དེ་བཞིན་མུ་སི་ལིམ་རྣམས་ཀྱིས་ཀྱང་ཡེ་ཤུའི་ཆོས་ལུགས་དང་མཚུངས་པར་ལུས་དང་རྣམ་ཤེས་གཉིས་ལྷ་ཆེན་པོས་དུས་མཉམ་དུ་བཟོས་ཤིང་། ལུས་ནི་མི་རྟག་པ་དང་རྣམ་ཤེས་ནི་རྟག་པ་ཡིན་པར་འདོད།

ནུབ་ཕྱོགས་ཀྱི་དེང་རབས་མཚན་ཉིད་རིག་པ་རྣམས་ལས་ཐོག་མར་དེང་རབས་མཚན་ཉིད་རིག་པའི་སྲོལ་འབྱེད་པ་པོར་ངོས་འཛིན་པ་ Renes Descartes རེ་ནེ་་ཌེའི་ཀཱཊ་(1596-1650)གིས་མི་ཞིག་ལ་ལུས་དང་རྣམ་ཤེས་གཉིས་ཡོད་ཅིང་། དེ་གཉིས་ནི་དངོས་པོ་ཐ་དད་གཉིས་ཡིན་པར་གསུངས་པ་ལ་ཁོང་གིས་གསུངས་པའི་རྣམ་ཤེས་ནི་སེམས་དང་དོན་འདྲ། ཁོང་ལ་བརྟེན་ནས་ནུབ་ཕྱོགས་མཚན་ཉིད་རིག་པའི་ཁྲོད་དུ་གཉིས་སུ་སྨྲ་བ་ཞེས་པའི་གྲུབ་མཐའ་དེ་བྱུང་། གྲུབ་མཐའ་དེ་འཛིན་མཁན་ཡིན་པ་གང་ཞིག་ལ་རྗེའུ་ཤི་མི་རིགས་ཡིན་པའི་མཚན་ཉིད་རིག་པ་བ་གྲགས་ཅན་ Spinoza སི་པི་ནཽ་ཛ་(1632-1677)གིས་ལུས་དང་རྣམ་ཤེས་གཉིས་ལ་བརྟེན་ནས་དངོས་པོ་གཅིག་གྲུབ་པར་འདོད། དེ་རྗེས་རྗེར་མི་ནི་ནས་ཡིན་པའི་རྟོག་སད་པའི་མཚན་ཉིད་རིག་པ་བ་གྲགས་ཅན་Immanuel Kant ཨི་མེ་ནུ་ཨེལ་་ཁཱན་ཊི་(1724-1804)གིས་རྣམ་ཤེས་ནི་རིག་པའི་ལམ་གྱིས་སྟོན་ཐུབ་པ་ཞིག་མིན་ན་ཡང་ང་ཚོས་རྣམ་ཤེས་ཡོད་པར་འདོད་དགོས་ཏེ་གཞན་དུ་ན་ཀུན་སྤྱོད་དང་ཆོས་ལུགས་ཀྱི་ལྟ་གྲུབ་གང་ཡང་རྣམ་གཞག་བྱེད་མི་ཐུབ་པའི་སྐྱོན་ཡོད་ཅེས་གསུངས། དེ་རྗེས་ཨ་རི་ནས་ཡིན་ཅིང་ནུབ་ཕྱོགས་ཀྱི་སེམས་ཁམས་རིག་པའི་སྲོལ་འབྱེད་པ་ལྟ་བུར་ངོས་འཛིན་པ་ Wlliam James (1842-1910)ཝིལ་ཡེམ་རྗེམ་སི་གིས་རྣམ་ཤེས་ཞེས་པ་ནི་དངོས་པོ་རང་རྐང་ཚུགས་པ་ཞིག་མེད་པར་སེམས་ཁམས་ཀྱི་ཆོས་མང་པོ་ཞིག་འདུས་བྱས་པ་ལས་བྱུང་བ་ཙམ་རེད་ཅེས་གསུངས།

དེ་ལྟར་བདག་གམ་རྣམ་ཤེས་ནི་ང་ཚོའི་མཚན་གཞི་དངོས་ཡིན་པས་འགྲོ་བ་མི་ཡི་མཚན་ཉིད་རིག་པ་སྤྱི་ཡི་དོ་སྣང་མ་བྱས་ཀ་མེད་ཅིག་ཡིན་པས་ན་ཤར་ནུབ་ཀྱི་མཚན་ཉིད་རིག་པ་རིས་སུ་མ་ཆད་པས་དེའི་སྐོར་ལྟ་གྲུབ་རྒྱས་བསྡུས་སྣ་ཚོགས་པ་སྤེལ་ན་ཡང་། དམིགས་བསལ་དེའི་སྐོར་ལ་རྩལ་དུ་འདོན་མཁན་ནི་རྒྱ་གར་གྱི་མཚན་ཉིད་རིག་པ་བ་རྣམས་ཡིན་པར་བཤད་ན་སྐྱོན་མེད་སྙམ། དེ་ཡང་བདག་གམ་རྣམ་ཤེས་ཀྱི་རང་བཞིན་ནི་རྒྱ་གར་གྱི་ཆོས་ལུགས་རྣམས་ཀྱི་རྨང་གཞིའི་ཁྱད་པར་ཐུག་ས་དེ་ཡིན་པས་ན་ཟླ་བ་གྲགས་པས་དབུ་མ་ལ་འཇུག་པའི་རང་འགྲེལ་ལས། “དེ་ལྟར་བདག་གི་ཁྱད་པར་ཅུང་ཟད་ཅུང་ཟད་ལ་བརྟེན་ནས་མུ་སྟེགས་ཅན་རྣམས་ཀྱི་ལུགས་ཕན་ཚུན་ཐ་དད་པར་འགྱུར་རོ།” ཞེས་གསུངས། དེ་བཞིན་ཟླ་བ་གྲགས་པས་བཞི་བརྒྱ་པའི་འགྲེལ་པར་གསུངས་པ་ལྟར་ན་མུ་སྟེགས་པ་ཕལ་མོ་ཆེས་ཕྱི་ནང་གི་བདག་གཉིས་འདོད་པ་སོགས་ཡོད་ཀྱང་། གཞི་རྩའི་ཆ་ནས་རྒྱ་གར་ལ་སྤྱིར་རིག་བྱེད་ཁས་ལེན་པའི་ཆོས་ལུགས་སམ་གྲུབ་མཐའ་དྲུག་དང་། རིག་བྱེད་ཁས་མི་ལེན་པའི་ཆོས་ལུགས་སམ་གྲུབ་མཐའ་གསུམ་ཡོད་པ་ལས། རིག་བྱེད་ཁས་ལེན་པའི་ཆོས་ལུགས་དྲུག་གས་བདག་ཡོད་པར་འདོད་ཅིང་། དེ་ཡང་རྟག་བརྟན་གྱི་རང་བཞིན་ཞིག་ཏུ་འདོད།

རིག་བྱེད་ཁས་ལེན་པའི་ཆོས་ལུགས་དྲུག་ལས་ཐོག་མར་རིག་བྱེད་སྨྲ་བས་བདག་ནི་ཐམས་ཅད་ལ་ཁྱབ་ཅིང་། བཟང་ངན་དང་དབྱིབས་དང་ཁ་དོག་སོགས་ཀྱི་ཁྱད་པར་ཐམས་ཅད་དང་བྲལ་བ་ཚངས་པ་ཆེན་པོའི་རང་བཞིན་ཞིག་ཏུ་འདོད་ཅིང་། རིག་བྱེད་སྨྲ་བའི་ནང་ཁུལ་དུ་བདག་གཅིག་ཏུ་འདོད་པ་དང་གཉིས་སུ་དབྱེ་བའི་གྲུབ་མཐའ་མི་འདྲ་བ་ཡོད། གྲངས་ཅན་པས་འདོད་པ་ནི་རིག་བྱེད་སྨྲ་བའི་འདོད་པ་དང་ཕལ་ཆེར་མཚུངས་པ་ལ་རིག་བྱེད་སྨྲ་བ་ཕལ་མོ་ཆེས་ཀུན་ཁྱབ་ཀྱི་བདག་གཅིག་རང་ཡོད་པར་འདོད་པ་ལ། གྲངས་ཅན་པས་སེམས་ཅན་གྱི་གྲངས་ཅི་ཙམ་ཡོད་པ་བདག་ཀྱང་དེ་ཙམ་ཡོད་པར་འདོད། རྒྱ་གར་གྱི་གྲུབ་མཐའ་རྣལ་འབྱོར་པས་ཀྱང་གྲངས་ཅན་པའི་འདོད་པ་ལྟར་བདག་མང་པོ་ཡོད་པར་འདོད་ཅིང་། དེ་ཡང་བདག་གི་རང་རྣམ་པར་དག་པ་ཞིག་ཡིན་པར་འདོད། སྤྱོད་པ་བས་བདག་གི་རང་བཞིན་ནི་རྟག་པ་དང་། ཀུན་ཁྱབ། མངོན་གྱུར་གྱི་ནུས་པ་ཅན་ཞིག་ཏུ་འདོད་ཅིང་། འདི་ཉིད་ཀྱིས་ངའོ་སྙམ་པའི་ང་རྒྱལ་དང་བདག་གཉིས་གཅིག་ཏུ་འདོད། བྱེ་བྲག་པས་བདག་ནི་མང་དུ་ཡོད་པར་འདོད་ཅིང་། དེ་ཡང་རྟག་པ་དང་། རང་དབང་ཅན་ཞིག་ཏུ་འདོད་ཅིང་བློ་དང་བདེ་སྡུག་སོགས་བདག་ལ་ཡོན་ཏན་དགུ་ཡོད་པར་འདོད། རིག་པ་ཅན་པས་བདག་ནི་མི་མངོན་པའི་རྫས་ཤིག་ཡིན་པར་འདོད།

རྒྱ་གར་གྱི་ཆོས་ལུགས་རྣམས་ལས་རིག་བྱེད་ཀྱི་གཞུང་ཁས་མི་ལེན་པ་གསུམ་ཡོད་པ་ལས་རྒྱང་འཕེན་པས་མི་ཞིག་གསོན་པོར་གནས་སྐབས་བདག་ཡོད་པར་འདོད་ཀྱང་སྐྱེ་བའི་གོང་དང་ཤི་བའི་རྗེས་སུ་བདག་ཡོད་པར་མི་འདོད་པས་རྟག་བརྟན་འགྱུར་མེད་ཀྱི་བདག་ཡོད་པར་མི་འདོད་པར་མངོན། གཅེར་བུ་པའམ་རྒྱལ་བ་པས་བདག་ནི་ལྷ་ཆེན་པོས་བཟོས་པའམ་ཚངས་པའི་རང་བཞིན་ཡིན་པར་མི་འདོད་པ་སངས་རྒྱས་ཆོས་ལུགས་དང་མཐུན་ན་ཡང་། དམིགས་བསལ་གཅེར་བུ་པས་རྩི་ཤིང་སོགས་སྲོག་དང་ལྡན་པ་ཐམས་ཅད་ལ་བདག་ཡོད་པ་དང་། བདག་དེ་ནི་ཤེས་པ་པོ་དང་མྱོང་བ་པོ། གསལ་བ་པོ་བཅས་ཡིན་པར་འདོད། དེ་བཞིན་གཅེར་བུ་པས་བདག་རྟག་པ་ཡིན་པར་འདོད་ཀྱང་འཇིག་པ་མེད་པའི་རྟག་པ་ལས་འགྱུར་བ་མེད་པའི་རྟག་པ་ཡིན་པར་མི་འདོད། མདོར་ན་རྒྱ་གར་ཙམ་མིན་པར་འཛམ་གླིང་གི་ཆོས་ལུགས་ཡོད་དོ་ཅོག་ལས་བདག་མེད་པར་འདོད་མཁན་ནི་སངས་རྒྱས་པའི་ཆོས་ལུགས་ཁོ་ན་ཡིན་པས། ཟླ་གྲགས་ཀྱིས་བཞི་བརྒྱ་པའི་འགྲེལ་པར་སྟོང་པ་ཉིད་ལས་ཀྱང་བདག་མེད་པའི་ལྟ་བ་གལ་ཆེ་ཚུལ་གསུངས། འོན་ཀྱང་དགེ་འདུན་ཆོས་འཕེལ་གྱིས་ད་ལྟའི་ཆར་ཧིན་དྷུ་དང་ནང་ཆོས་གཉིས་འདྲེས་དྲགས་པས་མུ་སྟེགས་པས་ཀྱང་བདག་མེད་པའི་ལྟ་གྲུབ་འདོད་ཚུལ་གསུངས་ཀྱང་དོན་དུ་ད་ལྟའི་ཧིན་དྷུའི་ཆོས་ལུགས་ཀྱིས་བདག་མེད་པར་མི་འདོད་པར། བདག་དང་། ང་དང་ང་ཡིར་འཛིན་པའི་རྟོག་པ་བཅས་ཐ་དད་ཡིན་པ་ལ། ང་དང་ང་ཡིར་འཛིན་པ་ནི་འཁྲུལ་སྣང་ཙམ་ཡིན་ཅིང་། བདག་དངོས་ནི་གནས་ལུགས་མཐར་ཐུག་པའི་ཚུལ་དུ་ཡོད་པ་དང་། དེ་ཉིད་རྟོགས་པ་ནི་ཐར་པའི་ལམ་གྱི་གནད་དུ་འདོད།

དེ་ལྟར་གཞི་རྩའི་ཆ་ནས་ནང་པ་སངས་རྒྱས་ཆོས་ལུགས་ནི་བདག་མེད་འདོད་པའི་ཆོས་ལུགས་ཤིག་ཡིན་ན་ཡང་། དེ་ཡང་རྙོག་ཟིང་མེད་པ་ཞིག་མ་ཡིན་པར་ནང་པ་སངས་རྒྱས་པའི་གྲུབ་མཐའ་རྣམས་ཀྱི་ནང་ཁུལ་དུ་ཉན་ཐོས་གནས་མ་བུ་པས་བདག་ནི་རྩ་བ་ནས་མེད་པ་མ་ཡིན་པར་བརྗོད་དུ་མེད་པའི་རང་བཞིན་གྱི་ཚུལ་དུ་ཡོད་པར་འདོད་ཅིང་། སེམས་ཙམ་པས་བདག་མེད་ཀྱང་བདག་ཏུ་འཛིན་པའི་གཞི་ཀུན་གཞི་རྣམ་ཤེས་ཡོད་པ་དང་དེ་ལ་བདག་ཏུ་འཛིན་མཁན་ནི་ཉོན་མོངས་ཅན་གྱི་ཡིད་ཅེས་པ་དེ་ཡིན་པར་འདོད། ཟླ་གྲགས་གཙོ་བོར་གྱུར་པའི་དབུ་མ་པས་བདག་དང་བདེན་གྲུབ་བམ་རང་བཞིན་གྱིས་གྲུབ་པ་རྣམས་དོན་གཅིག་ལྟ་བུར་ངོས་བཟུང་ནས་གང་ཟག་གི་བདག་ཅེས་པ་ནི་ཕུང་པོ་ལྔ་ཡི་ཚོགས་པ་ལ་བཏགས་པ་ཙམ་ཡིན་པར་གསུངས། ཕྱིས་སུ་སངས་རྒྱས་ཆོས་ལུགས་ཀྱི་ཁྲོད་དུ་བདག་མེད་པ་ལས་ཀྱང་ཡོད་པའི་ལྟ་གྲུབ་འབྱུང་མགོ་ཚུགས་ཏེ་ཐེག་པ་ཆེན་པོའི་མདོ་ཡི་ནང་དུ་བདག་མེད་མཆོག་གི་བདག་ཅེས་པ་སོགས་ཡོད་ཅིང་། ཕྱི་དར་མདོ་སྡེའམ་འཁོར་ལོ་ཐ་མའི་ནང་དུ་གཙང་བདེ་རྟག་བདག་གི་ལྟ་གྲུབ་རྩལ་དུ་བཏོན་ནས་གསུངས་ཡོད། དེ་ནས་ནང་པའི་གསང་སྔགས་ཀྱི་ནང་དུ་བདག་དངོས་ནི་ཐ་མལ་པས་བདག་ཏུ་འཛིན་པའི་བདག་འདི་མ་ཡིན་པར་ལྷ་ཡི་རང་བཞིན་ཡིན་པས་ལྷ་ཡི་ང་རྒྱལ་སྒོམ་དགོས་ཚུལ་སོགས་གསུངས་ཡོད།

དེ་དག་ནི་བདག་གི་སྐོར་ལ་ཡོངས་སུ་གྲགས་པའི་ལྟ་གྲུབ་དར་ཁྱབ་ཆེ་ཞིང་སྙན་གྲགས་ཆེ་བ་གཅིག་པུ་སྨོས་པ་ལས་གཞན་ཡང་བོད་ནང་ཁུལ་དུ་ཡང་ཇོ་ནང་པས་བདག་ལ་ཀུན་རྫོབ་དང་དོན་དམ་གྱི་བདག་གཉིས་སུ་ཕྱེ་སྲོལ་ཡོད་ཅིང་། བོད་སྔ་རབས་པ་དང་ཕྱི་རབས་པ་གཉིས་ཀྱིས་ཀུན་རྫོབ་ཏུ་བདག་ཡོད་མེད་ཀྱི་འདོད་ཚུལ་མི་འདྲ་བ་སོགས་བདག་གི་སྐོར་གྱི་ལྟ་གྲུབ་བཤད་ན་ནམ་ཡང་རྫོགས་མི་སྲིད་པ་ལྟ་བུ་རེད། འོན་ཀྱང་ཤར་ནུབ་ཀྱི་ཆོས་ལུགས་དང་ལྟ་གྲུབ་སྨྲ་བ་ཐམས་ཅད་ཀྱི་གླེང་གཞིར་གྱུར་པ་དེ་ནི་ང་ཚོ་ཐུན་མོང་ལ་ཡོད་པའི་བདག་འདི་ཡིན་ཀྱང་རིག་གཞུང་དང་མཁས་པ་དེ་དག་གི་འགྲེལ་བརྗོད་བྱེད་སྟངས་ལ་བསམས་ན་འཕགས་པ་ལྷས་བཞི་བརྒྱ་པ་ལས། ལ་ལར་ཀུན་ཏུ་སོང་བར་མཐོང་།། ལ་ལས་སྐྱེས་བུའི་ལུས་ཙམ་ཞིག།།ལ་ལར་རྡུལ་ཙམ་ཞིག་མཐོང་སྟེ།། ཤེས་རབ་ཅན་གྱིས་མེད་པར་མཐོང་།། ཞེས་གསུངས་པ་ལྟར་གཞི་རྩ་བ་དང་ཁྱོན་ཡོངས་ནས་མི་འདྲ་བའི་བདག་རེའི་སྐོར་ལ་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་ལྟ་བུའི་ཚོར་སྣང་སྟེར་བར་བྱེད། དོན་དངོས་སུ་ང་ཚོའི་བདག་ནི་དེ་འདྲའི་འགལ་ཟླ་ཅན་ཞིག་ག་ལ་ཡིན་སྲིད། ཞིབ་ཏུ་བསམས་ན་ཆོས་ལུགས་དང་གྲུབ་མཐའ་སྨྲ་བ་དེ་དག་བདག་གི་ཁྱད་པར་ལྟ་ཞོག་ཐ་ན་བདག་ཡོད་མེད་ཙམ་ལ་ཡང་མི་མཐུན་པ་ནི་བློ་ཡུལ་ལས་འདས་པ་རེད། ཁོ་པ་ཅག་ཕལ་མོ་ཆེས་རང་རང་གི་འདོད་པ་རེ་སྨྲ་བ་ལས་དཔངས་རྟགས་ལྟ་ཞོག་ཐ་ན་སྒྲུབ་བྱེད་ཀྱི་རིགས་པ་ཙམ་ཡང་མེད་པ་མང་།

དེར་བརྟེན་དུས་རབས་ཉི་ཤུ་པའི་མཇུག་ཏུ་བྱོན་པའི་ནུབ་ཕྱོགས་མཚན་ཉིད་རིག་པ་བ་ Ludwig Wittgenstein ཝིཊ་རྒེན་སི་ཊའིན་(1889-1951)གིས་དངོས་ཁམས་དཔྱད་རིག་གི་མཚན་ཉིད་རིག་པ་བ་རྣམས་ཀྱིས་དགོས་མེད་ཀྱི་ལྟ་གྲུབ་དང་རྩོད་རྙོག་མང་པོ་བཟོས་ནས་མི་ཡི་རིགས་ཀྱི་དུས་ཚོད་མང་པོ་ཞིག་ཆུད་ཟོས་སུ་བཏང་ཡོད་ཅེས་སྐྱོན་བརྗོད་པ་ལ་ཡང་གནས་ལུགས་ངེས་ཅན་ཞིག་ཡོད་ཅིང་། དེ་ལས་ཀྱང་དུས་རབས་མང་པོས་སྔ་བའི་སློབ་དཔོན་ཟླ་བ་གྲགས་པའི་གྲུབ་མཐའ་ཡང་ཕལ་ཆེར་དེ་དང་མཚུངས་པར་ཟླ་གྲགས་ཀྱིས་དོན་དམ་དུ་གྲུབ་མ་གྲུབ་ནི་རིགས་པས་བརྟགས་ཤིང་དཔྱད་ནས་འཇོག་དགོས་པ་ཞིག་ཡིན་པ་ལ་རིགས་པས་བརྟགས་ཤིང་དཔྱད་ན་དོན་དམ་དུ་གྲུབ་པའི་དངོས་པོ་ཅི་ཡང་མེད་པ་དང་། དེ་ལས་གཞན་ཀུན་རྫོབ་ཏུ་ཡོད་མེད་ནི་འཇིག་རྟེན་ཡོངས་གྲགས་སམ་འཇིག་རྟེན་པའི་ངོས་ལ་ཡོད་མེད་ཀྱིས་འཇོག་དགོས་པར་གསུངས་པ་ཡང་། རིགས་པས་བརྟགས་ཤིང་དཔྱད་པས་བཞག་ན་དེ་ནི་ཀུན་རྫོབ་མིན་པར་དོན་དམ་དུ་འགྱུར་བས་རེད། འོན་ཀྱང་ཕྱི་ནང་གི་གྲུབ་མཐའ་མང་པོས་ཀུན་རྫོབ་ཡིན་པ་ལྟར་ན་ཡང་འཇིག་རྟེན་ཡོངས་གྲགས་ལ་མེད་ཅིང་། དོན་དམ་ཡིན་པ་ལྟར་ན་ཡང་རིགས་པའི་སྒྲུབ་བྱེད་མེད་པའི་རྟོག་བཟོས་ལྟ་གྲུབ་སྐམ་པོ་མང་པོ་ཞིག་གསར་གཏོད་གནང་བ་ནི་Ludwig Wittgenstein ཝིཊ་རྒེན་སི་ཊའིན་གིས་བཤད་པ་ལྟར་ཟླ་གྲགས་ཀྱིས་གསུངས་ན་སྒྲུབ་བྱེད་མེད་པ་ཙམ་མིན་པར་སྙིང་པོ་ཡང་མེད་པས་སྐྱེ་བོ་རྨོངས་སུ་འཇུག་བྱེད་ཙམ་ཡིན་པ་རེད། དེའི་སྐོར་ལ་ལེ་ཚན་རྗེས་མའི་ནང་དུ་མུ་མཐུད་གླེང་བར་བྱ།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།