«བསམ་གཏན་མིག་སྒྲོན»དང་ཧ་ཤང་གི་ལྟ་བ།(ཞར་བཀོད་གསུམ)

26510

          རྩོམ་པ་པོ། གྲོག་མ།

གཅིག

«བསམ་གཏན་མིག་སྒྲོན»ཞེས་པའི་བསྟན་བཅོས་འདིའི་རྩོམ་པ་པོ་ནི། མདོ་སྒྱུ་སེམས་གསུམ་གྱི་བཀའ་བབས་ཆེན་པོ་གནུབས་ཆེན་སངས་རྒྱས་ཡེ་ཤེས (826-956 ) ཡིན་ཞིང་། ཁོང་ནི་མཁན་པོ་བོ་དྷི་ས་ཏྭ་ལས་རབ་ཏུ་བྱུང༌། བལ་པོ་དང་། རྒྱ་གར། བྲུ་ཤའི་ཡུལ་སོགས་སུ་ཕེབས་ནས་སློབ་དཔོན་དཔལ་གྱི་སེང་གེ་གཙོས་བླ་མ་བཅུ་གཅིག་ཞབས་ནས་བཏེགས། སློབ་དཔོན་པདྨས་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བས་གྲུབ་པ་བརྙེས། སྔ་ཕྱིར་རྒྱ་གར་ལ་ལན་བདུན་ཙམ་ཕེབས། བསམ་ཡས་སུ་ལོ་ཙཱའི་གྲྭར་ཞུགས་ནས་ཆོས་མང་དུ་བསྒྱུར། ཧ་ལམ་དགོང་ལོ་བརྒྱ་དང་སུམ་ཅུ་ཙམ་བཞུགས་ཡོད་པས། ཁྲི་སྲོང་ལྡེ་བཙན་ནས་དཔལ་འཁོར་བཙན་བར་གྱི་མི་ཞིག་ཡིན། ཧ་ཤང་དང་ཀ་ཤཱིའི་རྩོད་པ་བྱེད་སར་ཡོད་པ་མ་ཚད་ཀ་མ་ལ་ཤཱིའི་མདུན་ནས་ཆོས་ཀྱང་ཐོབ་མྱོང་སྐད། ཁོང་གི་གསུང་རྩོམ་གཞན་ཡང«རྣལ་འབྱོར་རིག་པའི་ཉི་མ»དང་། «མདོ་འགྲེལ་མུན་པའི་གོ་ཆ»སོགས་ཡོད།

གཉིས།

 སྐབས་འདིར«བསམ་གཏན་མིག་སྒྲོན»ལས་འཕྲོས་ཏེ་ཧ་ཤང་གི་ལྟ་བ་ཅུང་ཟད་གླེང་ན། བསྟན་བཅོས་འདི་བརྩམས་པའི་དགོས་པ་ནི། “རྣལ་འབྱོར་མིག་གི་བསམ་གཏན་གྱི་སྐབས་འདིར་སྟོན་མུན་དང༌རྫོགས་ཆེན་ཆ་འདྲ་བས་གོལ་དུ་དོགས་པའི་ཕྱིར་རྒྱས་པར་བཀོད་དོ”ཞེས་གསུངས་ཏེ། ཧ་ཤང་གི་ལྟ་བ་དང་རྫོགས་པ་ཆེན་པོ་གཉིས་མི་འདྲ་བའི་ཁྱད་པར་དེ་ཉིད་བརྗོད་བྱའི་གཙོ་བོར་བཟུང་འདུག །ཡིན་ན་ཡང་དེའི་ཞོར་དུ་ཀ་ཤཱི་དང་ཧ་ཤང་གཉིས་གཤིབ་བསྡུར་མཛད་པའི་སྒོ་ནས་དེ་གཉིས་ཀྱི་ལྟ་གྲུབ་ཀྱང་ཅུང་རྒྱས་པར་གླེང་ཡོད་པ་རེད། 

  དེ་ཡང་རྒྱ་དཀར་པོའི་སློབ་དཔོན་ཀ་མཱ་ལ་ཤི་ལའི་འདོད་པའི་ལྟ་གྲུབ་དེ་ནི་མདོ་ཡི་ཐེག་པའི་ལུགས་ཀྱི་གདུལ་བྱ་དབང་པོ་རྟུལ་བོ་དང་། ས་ལམ་བགྲོད་ཚུལ་གྱི་དབང་དུ་བཏང་ན་ཡང་ལམ་རིམ་གྱིས་པ། བཀའ་ཡི་ངོས་ནས་བལྟས་ན་དྲང་བའི་དོན་གྱི་མདོ་སྡེ་ཡོངས་སུ་མ་རྫོགས་པའི་གཞུང་གི་དགོངས་པ་ཡིན་པར་གསུངས་ཤིང་། རྒྱ་ནག་པོའི་སློབ་དཔོན་ཧ་ཤང་གི་ལྟ་བ་དེ་ཉིད་མདོ་ཡི་ཐེག་པ་ཡིན་པ་འདྲ་ན་ཡང་། དབང་པོ་རྣོན་པོའི་ཆོས་དང་། ལམ་གཅིག་ཆར་བ། ཡོངས་སུ་ཆ་ཚང་བའི་མདོ་སྡེའི་གཞུང་གི་དགོངས་པ་ཡིན་པར་བཤད་འདུག །ད་དུང་རྫོགས་པ་ཆེན་པོ་ནི་ཧ་ཤང་གི་ལྟ་བ་ལས་ཁྱད་པར་རྣམ་པ་བཅུ་ཡིས་འཕགས་པར་བསྟན་ཅིང་། དེ་བཞིན་དུ་ཧ་ཤང་གི་ལྟ་བ་ནི་ཀ་ཤཱིའི་ལྟ་བ་ལས་ཐབས་ཀྱི་ཁྱད་པར་དང་། འཇུག་ལུགས་ཀྱི་ཁྱད་པར། སྤྱོད་པའི་ཁྱད་པར། ཏིང་ངེ་འཛིན་གྱི་ཁྱད་པར། རྣམ་རྟོག་བཅོས་པའི་ཁྱད་པར། སྒྲིབ་པ་སྦྱོང་བའི་ཁྱད་པར། བསྒྲུབ་པའི་ཁྱད་པར། ཚོགས་ཀྱི་ཁྱད་པར། རྟོགས་པའི་ཁྱད་པར། འགྲོ་དོན་གྱི་ཁྱད་པར་ཏེ་རྣམ་པ་བཅུ་ཡིས་ཁྱད་དུ་འཕགས་པར་གསུངས་སོ།།

དོང་ཁང་བྲག་ཕུག་ནང་ནས་རྙེད་པའི་ཧ་ཤང་གི་གསུང་རྩོམ་དེ་དག་ལ་བལྟས་ན་ཡང་། ཧ་ཤང་གིས་ཐེག་ཆེན་ངེས་དོན་དབུ་མ་པའི་ལུགས་བཟུང་སྟེ་ཀུན་རྫོབ་ཏུ་ཆོས་ཐམས་ཅད་རྟེན་འབྲེལ་སྒྱུ་མའི་མཚན་ཉིད་ཅན་ཡིན་པ་དང་། དོན་དམ་པར་སྐྱེ་བ་མེད་པ་དང་ཡོད་མེད་མཐའ་གང་ལ་ཡང་མི་གནས་པ་ཡིན་ལུགས་སོགས་བདེན་གཉིས་སོ་སོར་ཕྱེས་ནས་བཞག་འདུག་པ་མ་ཟད། ཤེས་རབ་ཀྱི་ཕར་ཕྱིན་གཅིག་པུས་ཆོག་གི་ཡོད་པ་ལྟ་བུའི་འཁོར་གསུམ་རྣམ་དག་གི་ཉམས་ལེན་དེའང་འཇིག་རྟེན་ལས་འདས་པའི་ཕར་ཕྱིན་གྱི་ངོས་ནས་གསུང་གིན་ཡོད་ལུགས་གསལ་བཤད་གནང་སྟེ། «གསེར་འོད་དམ་པ»དང«ཟླ་བ་སྒྲོན་མེ»སོགས་ངེས་དོན་མཐར་ཐུག་པ་སྙིང་པོ་བསྟན་པའི་མདོའི་ལུང་འདྲེན་མཛད་ཡོད།

   གསུམ།

བོད་ཀྱི་མཁས་པ་ཕྱི་རབས་པ་རྣམས་ཀྱིས། ཧ་ཤང་མ་ཧཱ་ཡ་ནའི་སྐོར་ལ་དཔྱད་པ་དང་དགག་བཞག་མང་དུ་མཛད་ཡོད་ན་ཡང་། སྐབས་འདིར་རྙིང་མའི་ཕྱོགས་ཀྱི་མཁས་པའི་བཞེད་ཕྱོགས་མི་འདྲ་བ་རྣམས་ཅུང་ཟད་དཔྱད་ན། དེ་ཡང་ཀ་མ་ལ་ཤཱིས་གསུངས་པ་ལྟར་ཧང་ཤང་གི་ལྟ་བ་དེ་ཉིད་སོ་སོར་རྟོགས་པའི་ཤེས་རབ་སྤངས་པའི་ལྟ་ངན་ཡིན་པ་དང་། གླེན་པ་གོམས་པར་བྱེད་པ་ཡིན་ལུགས་སོགས་གསུངས་མཐར། ཧ་ཤང་གི་ལྟ་གྲུབ་དེ་ཆེས་བཟང་ན་ཡང་ཞི་གནས་ཀྱི་ཐབས་ཙམ་ཞིག་ཡིན་པ་ལས་ལྷག་མཐོང་གི་མན་ངག་གཏན་ནས་མེད་ལུགས་སོགས་ཀྱིས་སྐྱོན་བརྗོད་མཛད་བཞིན་འདུག །ཡིན་ན་ཡང་རྒྱལ་དབང་ཀློང་ཆེན་རབས་འབྱམས་ཀྱིས་ནི། “སློབ་དཔོན་ཆེན་པོ་ཧ་ཤང་གིས་གསུངས་པས་དེ་དུས་བློ་དམན་པའི་བློར་མ་ཤོང་ཡང་དོན་ལ་དེ་བཞིན་དུ་གནས་སོ”ཞེས«གནས་ལུགས་མཛོད་འགྲེལ»ལས་གསུངས་སོ། ། 

ལུང་འདིའི་དོན་ནི་དགེ་སྡིག་བླང་དོར་མི་བྱ་བར་བཤད་པ་དེ་ཉིད་དོན་ལ་གནས་སོ་ཞེས་པའི་དོན་མ་ཡིན་གྱི། གནས་ལུགས་མཉམ་ཉིད་ཀྱི་ངང་དུ་བྱ་བྱེད་དང་བྲལ་བ་དེ་དོན་ལ་གནས་སོ་ཞེས་པའི་དོན་ཡིན་ནོ་སོགས་དགོངས་འགྲེལ་མཛད་བཞིན་འདུག་མོད། ཧ་ཤང་གི་ལྟ་བ་དེ་ཉིད་བློ་རུ་མི་ཤོང་བའི་བློ་དམན་དེ་སུ་ཡིན་ཐད་གསལ་བཤད་དོན་མཐུན་གནང་དགོས་པ་ལ་སུས་ཀྱང་བཤད་ཐུབ་ཀྱི་མེད། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་གསུངས་པ་ལྟར་ན། ཧ་ལྟ་བློ་རུ་མི་ཤོང་མཁན་དེ་ནི་དབུ་མ་རང་རྒྱུད་སྨྲ་བ། སྣང་ཙམ་པོ་མི་འགོག་པར་རྣམ་གྲངས་པའི་དོན་དམ་རྩལ་དུ་འདོན་མཁན་གྱི་ཤར་པའི་སློབ་དཔོན་ཀ་མ་ལ་ཤཱི་ཡིན་པ་ལྟ་བུ་ཞིག་མཛད་ཡོད། འདི་ལྟར་བརྟགས་ན་ཀ་ཤཱི་དང་ཧ་ཤང་གི་རྩོད་པ་དེའང་སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད། ཟླ་བ་གྲགས་པ་སོགས་ཀྱི་དབུ་མ་རང་རྒྱུད་པ་དང་ཐལ་འགྱུར་བའི་བར་གྱི་འགལ་རྩོད་རྣམ་ཐར་ལྟ་བུར་མཐོང་གིན་འདུག  །འདི་ལྟར་བཤད་ན། ཁ་ཅིག་གིས་འོ་ན་རྫོགས་པ་ཆེན་པོ་དང་ཧ་ཤང་གི་ལྟ་བ་གཉིས་ལ་ཁྱད་པར་ཅི་ཞིག་ཡོད་དམ་ཟེར་གྱིན་འདུག་མོད། དེ་གཉིས་ནི་ཁྱད་པར་ཧ་ཅང་ཆེའོ་ཞེས་སྨྲའོ།། དེ་ཡང་རྫོགས་ཆེན་ནི་ཐུགས་རྗེ་ཀུན་ཁྱབ་ཀྱི་ཆོས་ཉིད་རྩལ་དུ་བཏོན་ནས་སྨིན་གྲོལ་གྱི་ཐབས་ལ་བརྟེན་ཏེ་ཡེ་ཤེས་ངོ་སྤྲོད་པའི་སྔགས་ཀྱི་ཐེག་པ་ཡིན་ལ། ཧ་ཤང་གི་ལྟ་བ་ནི་ངོ་བོ་སྟོང་པའི་ཆོས་ཉིད་རྩལ་དུ་བཏོན་ནས་མི་རྟོག་པའི་གཞག་ཐབས་ཀྱིས་ཡེ་ཤེས་གོམས་པར་བྱེད་པའི་མདོ་ཡི་ཐེག་པ་ཡིན་ཞེས་སྨྲ་བར་འཐད་དོ།། ི

བཞི།

ད་ནི། ཡིག་ཚང་རྙིང་པ«སྦ་བཞེད»སོགས་ལས་བཤད་པའི་ཀ་དང་ཧ་གཉིས་ཀྱི་གསལ་གསལ་རྗེན་རྗེན་ལྟ་བུའི་རྩོད་གླེང་གཏམ་རྒྱུད་དེ་ཡང་ག་ལེར་རབ་རིབ་མག་མོག་ཏུ་གྱུར་ཅིང་། ལོ་རྒྱུས་དང་རྣམ་ཐར་ལྟ་བུའི་དེ་སྔའི་ཧ་ཤང་བཏུལ་བའི་སྐད་ཆ་དེ་དག་ཀྱང་སོ་སོའི་རྗེས་འབྲང་གིས་སྨྱུག་རྩེས་བཟོས་པའི་སྒྲུང་དང་གཏམ་རྒྱུད་ལ་གྱུར། ཧ་ཤང་སྐོར་གྱི«དོང་ཁང་གཏེར་ཡིག»དེ་དག་དང«བསམ་གཏན་མིག་སྒྲོན»སོགས་ཡིག་རྙིང་དེ་དག་ལས་བྱུང་བའི་ཧ་ཤང་མ་ཧཱ་ཡ་ནའི་སྐོར་གྱི་གཏམ་ཐན་ཐུན་རེ་བྱུང་བ་ཙམ་གྱིས། ཀ་མ་ལ་ཤཱིས་ཕྱག་མཁར་དང་ཧ་ཤང་གི་ལྭ་རིང་དེ་དག་ཀྱང་གསང་བ་ལྐོག་གྱུར་གྱི་ཚུལ་དུ། ལོ་རྒྱུས་དང་ལྟ་གྲུབ་ཞིབ་འཇུག་པ་དག་གི་བསྐྱར་ཞིབ་བྱ་བའི་གནས་སུ་ཚུར་མངོན།

 ཀཿཐོག་པ་ཚེ་དབང་རིག་འཛིན་གྱིས། ཧ་ཤང་གི་ལྟ་གྲུབ་འགོག་པ་ནི་ཆོས་སྤང་གི་ལས་ཡིན་པ་དང་། ལོ་པཎ་མཁས་པས་དགག་སྒྲུབ་ཀྱི་ཚུལ་མཛད་པ་ནི་དགོས་པ་ཁྱད་པར་བ་ཞིག་ཡོད་པས་མངོན་ཞེན་མ་བྱེད་ཅིག་སོགས་གསུངས་མྱོང་ལ། དེ་བཞིན་དུ་རིག་འཛིན་འཇིགས་མེད་གླིང་པས་ཀྱང་ཧ་ཤང་ནི་བྱ་སྒོང་ལྟ་བུའི་ཕྱོགས་སྔ་ཞིག་མ་ཡིན་པར་ཐོས་པ་ཆེ་ལ་དབང་པོ་རྣོ་བ་ཞིག་ཡིན་པ་སོགས་རྒྱུ་མཚན་མཛད་ནས་བརྙས་རྒྱུ་མེད་ལུགས་མང་དུ་གསུངས་སོ།། 

དེང་གི་དཔེ་ཆ་བ་འགའ་ཞིག་གིས་ཟེར་ན་ཡང་། རྒྱ་གར་གྱི་པཎྜིཏ་དེ་དང་རྒྱ་ནག་གི་སློབ་དཔོན་ཆེན་མོ་དེ་གཉིས་ཀྱི་རྩོད་པའི་དཔང་པོར་ནུས་ཤིང་། རྒྱལ་ཕམ་ཤན་འབྱེད་ཐུབ་པའི་བོད་པ་ཞིག་སྐབས་དེར་མེད་པས། ཧ་ཤང་དང་ཀ་མ་ལ་ཤཱི་ལ་གཉིས་ནི་བོད་ཀྱི་སྐབས་དེ་དུས་ཆབ་སྲིད་ཀྱི་དགོས་མཁོ་དང་བསྟུན་ནས་བླངས་དོར་བྱས་པ་ཡིན་རབས་ཀྱང་གླེང་གིན་འདུག་པས་གཏམ་དེ་ནི་བདེན་པའི་ཚོད་དུ་འཁུམས།

 
ལྔ།

 ཀུན་མཁྱེན་མི་ཕམ་པ་དགོང་ལོ་ཆུང་དུས་སྦ་བཞེད་དང་ཀ་མཱ་ལ་ཤཱིའི་སྒོམ་རིམ་དག་ལ་གཞི་བཅོལ་ནས་ངེས་ཤེས་སྒྲོན་མེ་སོགས་ལས་ཧ་ཤང་གི་ལྟ་བ་འདི་ཉིད་མཐའ་གཅིག་ཏུ་བཀག་པ་ལྟར་མཛད་ཡོད་ན་ཡང་། ཕྱིས་སུ«རབ་གསལ་བརྒལ་ལན»ནང་དུ། “གལ་ཏེ་ཧ་ཤང་གིས་རྣམ་པར་མི་རྟོག་པའི་ཡེ་ཤེས་མདོ་དང་བསྟན་བཅོས་ཆེན་པོ་རྣམས་ལས་ཇི་སྐད་གསུངས་པ་ལྟར་གཏན་ལ་ཕེབས་ཡོད་ན། སྦྱིན་སོགས་ཐབས་ཀྱི་ཆ་བཀག་པ་འབའ་ཞིག་ཏུ་བསྟན་པ་སྐད་དུ་དེང་སང་བཤད་པའི་རྣ་ཐོས་གཏམ་རྒྱུད་འདི་ཡང་མི་བདེན་པར་ངེས་ཏེ།” ཞེས་གསུངས་ནས་ཧ་ཤང་སྐོར་གྱི་སྒྲུང་གཏམ་དེ་དག་ལ“གཏམ་རྒྱུད”ཅེས་མིང་གིས་བཏགས་ཏེ་དེ་ཉིད་མི་བདེན་པ་ཡང་ཡིན་སྲིད་པའི་ཐེ་ཚོམ་གྱི་རྣམ་འགྱུར་བསྟན་གནང་བ་རེད། དེར་མ་ཟད་བོད་སྔ་རབས་པའི་དབུ་མའི་ཁས་ལེན་འཛིན་སྟངས་དེ་ཧ་ཤང་གི་ལྟ་བ་དང་འདྲ་བར་སྨྲ་བ་དག་ལ་ལན་འདེབས་གནང་སྐབས་ཀྱང་། “སྔོན་གྱི་རྒྱ་ནག་དགེ་སློང་གིས་ཅི་ཡང་ཡིད་ལ་མི་བྱེད་པའི་རྒྱབ་བརྟེན་དུ་མདོ་སྡེ་བརྒྱད་ཅུ་ཁུངས་སུ་བྱས་ཞེས་གྲགས་པའི་གཏམ་རྒྱུད་ཙམ་ལས། མདོ་སྡེའི་ལུང་དྲངས་པ་དང་། དེའི་དོན་ཇི་ལྟར་གཏན་ལ་ཕབ་པའི་ཡིག་ཆ་གང་ཡང་དེང་སང་མི་སྣང་བས། དེ་དང་གཞན་འདྲ་མི་འདྲ་ཡང་ཇི་ལྟར་ཤེས་ནུས་ཏེ། འདྲ་གཞི་མ་ངེས་པའི་ཕྱིར་རོ།།” ཞེས་ཀྱང་གསུངས་སོ།། 

ཡིན་ན་ཡང་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ཀྱི«ལྟ་བའི་དཔྱད་པ་དྲང་སྲོང་རྒན་པོ་དགྱེས་པའི་མཆོད་སྤྲིན»ཡན་ཆོད་དུ་རྙིང་མ་བས་ཧ་ཤང་གླེང་བ་ཅུང་མང་ན་ཡང་། གླེང་གཞི་དེ་དང་ཤིན་ཏུ་འབྲེལ་ཆེ་བའི་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཟུར་དུ་བཞག་པའམ། ཡང་ན«བསམ་གཏན་མིག་སྒྲོན»གླེང་རྒྱུ་ལྷག་འདུག་པ་དང་། མ་ཟད་དོང་ཁང་གཏེར་ཡིག་ནང་གི་ཧ་ཤང་གསུང་རྩོམ་དེ་དག་གིས་ཀྱང«སྦ་བཞེད»དང«སྒོམ་རིམ་བར་ཐ»སོགས་ལ་ཡིན་ཅོག་ཅོག་གི་བདེན་ཁ་ཞིག་སྟེར་གྱི་མི་འདུག་གོ། །།

   2017.2.6 

གཞལ་ཡས་ཁང་ཆེན་མོ«དེབ་ཐེར་སྔོན་པོ»

  ཀ

བོད་ཀྱི་ཆོས་འབྱུང་ལོ་རྒྱུས་གྲགས་ཅན་དེབ་ཐེར་སྔོན་པོ་ཞེས་པ་འདི་ནི། ཟུར་བཞི་ལོགས་བརྒྱད་ཐོག་སོ་བརྒྱ་དང་ལྡན་པའི་གཞལ་ཡས་ཁང་ཆེན་པོ་ཞིག་ཡིན་ལ། དེ་ཡང་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་རང་ཉིད་དགུང་ལོ་གྱ་བཞིར་ཕེབས་པ། དགའ་ལྡན་ཁྲི་རབས་བདུན་པ་དྭགས་པོ་བློ་གྲོས་བརྟན་པའི་དུས་སུ་ལེགས་པར་བཞེངས་གྲུབ་པའི་ཕྱོགས་རིས་མེད་པའི་ཐོས་པ་དང་། ཞུམ་པ་མེད་པའི་སྤྲོ་སེམས་ལས་གྲུབ་པའི་སྒོ་མོ་སྟོང་དང་རབ་གསལ་ཁྲི་ཡི་བདག་ཉིད་ཅན། རྒྱལ་བསྟན་སྔ་དར་དང་ཕྱི་དར་གཉིས་ཀྱི་བསྟན་པ་བསྟན་འཛིན་དང་བཅས་པ། ལོ་ཙཱ་འཆད་ཉན་དང་བཅས་པ། དགོན་ལྷ་ཁང་དང་བཅས་པ། གདུང་རབས་རིམ་བྱོན་དང་བཅས་པ། མན་ངག་ཕྱག་བཞེས་དང་བཅས་པ། ཕྲ་ཞིང་ཞིབ་པ། རྒྱས་ཤིང་སྤྲོས་པའི་སྒོ་ནས། གླེགས་བམ་ཆེན་པོ་གཉིས་དང་། དུམ་ཚན་ཆེ་བ་བཅོ་ལྔ། སྐབས་མི་འདྲ་བ་བརྒྱ་དང་བཅོ་བརྒྱད་ཀྱིས་གྲུབ་པར་བྱས་ཡོད།

 འདིའི་ནང་དུ་ས་མཚམས་ལ་བསླངས་བའི་ལྕགས་ཀྱི་རྡོ་རིང་ལྟ་བུ་དུས་ནམ་ཡང་བརྗེད་མི་ཐུབ་པའི་འཇིག་རྟེན་གྱི་མིག་གསུམ་ཡོད་དེ། དང་པོ་ནི་བོད་ཡུལ་མུན་པའི་གླིང་དུ་རྒྱལ་བསྟན་སྣང་བའི་སྒོ་ཆེན་འབྱེད་པའི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན། གཉིས་པ་གསང་སྔགས་གསར་མའི་ཤིང་རྟ་པ་རྣམས་ཀྱི་ཨ་མར་གྱུར་པ་འབྲོག་མི་ལོ་ཙཱ་བ། གསུམ་པ་ནི་དབུ་ཚད་བྱམས་ཆོས་དང་བཅས་པའི་འཆད་ཉན་གྱི་དར་བོ་ཆེ་སྒྲེང་མཁན་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་བཅས་ཡིན། 

    གསེར་དངུལ་གྱི་འབུལ་བ་མེད་པའི་དཀའ་སྡུག་གི་འོག་ནས་ཕྱག་རྫོགས་ཀྱི་གདམས་པ་ཐོབ་པའི་གྲུབ་ཐོབ་ཆེན་པོ་གསུམ་ཡང་ཡོད། དེ་ཡང་དགོན་པ་བ་འཛེང་དབང་ཕྱུག་རྒྱལ་མཚན་ཞེས་བྱ་བ་ཇོ་བོའི་ཐུགས་ཀྱི་སྲས་ཆེན་པོ་སྒོམ་སྟོབས་ཀྱིས་རང་རྒྱུད་ལེགས་པར་འབྱོང་བའི་བཀའ་གདམས་པ་དེ་དང་། རྗེ་བཙུན་མི་ལ་རས་པ་ཞེས་བྱ་བ་སྙིང་བསྲན་ཆེན་པོས་རྩ་འཁོར་ལོ་བཞི་ཡི་བདུད་པ་བཀྲོལ་ཏེ་སྣང་སྲིད་དཔེ་ཆར་ཤར་བའི་ཕྱགས་ཆེན་པ་དེ། རྒྱལ་བ་ཀློང་ཆེན་རབ་འབྱམས་པ་ཞེས་བྱ་བ་རྩོལ་མེད་གཞག་ཐབས་ཀྱི་མན་ངག་ལ་བརྟེན་ནས་འོད་གསལ་གྱི་ཉི་མ་ནང་ནས་ཤར་བའི་རྫོགས་ཆེན་པ་དེ་དང་གསུམ་མོ།།  (འདི་དག་གི་སྐབས་སུ་ཆོས་ལ་ཡོན་ཆེན་པོ་འབུལ་རྒྱུ་མེད་ཚེ་དབང་ལུང་མན་ངག་གང་ཡང་ཐོབ་ཀྱི་མེད་པའི་ཚོད་ཙམ་ཡིན་འདུག)ད་དུང་གཟུངས་སྤོབས་བློ་གྲོས་ཀྱི་གཏེར་སྒོ་རྒྱ་ཆེར་བྱེ་བའི་སྐྱེས་ཆེན་དམ་པ་གསུམ་ཡོད་དེ། དང་པོ་ནི་སྒྲུབ་རྒྱུད་བསྟན་པའི་ཆུ་མགོ་ཆེན་པོ་མངའ་བདག་ལྷོ་བྲག་མར་པ། གཉིས་པ་ལམ་འབྲས་བུ་དང་བཅས་པའི་བཤད་སྒྲུབ་བསྟན་པའི་བདག་པོར་གྱུར་པ་ས་ཆེན་ཀུན་དགའ་སྙིང་པོ། གསུམ་པ་བསྟན་པའི་སྒྲོན་མེ་དམ་པ་བཀའ་གདམས་གསར་མ་བའི་ཡབ་ཆེན་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་བཅས་སོ།།

                         ག

ཀློག་སྤྲོ་ཧ་ཅང་ཆེ་བའི་དཔེ་ཆ་འདིས་སྐབས་ཚན་སྔ་མ་སྔ་མས་ཕྱི་མ་ཕྱི་མ་དག་འདྲེན་པར་བྱེད་ཅིང་བསྐྱུར་མི་བཟོད་དེ། ལེའུ་སྔོན་མ་ལ་བལྟས་པས་ལེ་ཚན་རྗེས་མར་མི་བལྟ་བར་འཇོག་མི་ཐུབ་པའི་མུ་འབྲེལ་བརྙན་འཕྲིན་ཟློས་གར་ཞིག་ཀྱང་རེད། ནམ་ཉི་མ་འདི་དག་གི་རིང་ལ་བདག་ཉིད་ཆེན་པོ་འགོས་ལོ་གཞོན་ནུ་དཔལ་ལས་བདག་ལ་གསུང་གླེང་ཞིབ་རྒྱས་ཤིག་ཐོབ་པའི་སྐལ་བཟང་རག་སོང་བའི་ཚོར་སྣང་བྱུང་བ་དང་། རྒྱལ་རབས་ལོ་རྒྱུས་དང་ཆོས་འབྱུང་རྣམ་ཐར་ཁག་ལ་ངེས་པར་དུ་མཇལ་དགོས་འདུག་ཨང་སྙམ་པའི་ཟ་ཕྲུག་ཅིག་བསླངས་བྱུང་བ་དང་འདྲ། 

                   2017.3.13

《ཐེག་མཆོག་མཛོད》ཀྱི“རིམ་ཁང”ཞེས་པའི་གོ་དོན།

   བོད་ཀྱི་སྔོན་བྱོན་ལོ་པཎ་བཀའ་དྲིན་ཅན་འཇིག་རྟེན་གྱི་མིག་དམ་པ་རྣམས་ཀྱིས་རྒྱ་དཀར་ནག་གཙོ་བོར་བྱས་པའི་མི་རིགས་གཞན་ལས་བྱུང་བའི་བཀའ་དང་བསྟན་བཅོས། གསུང་རབ་རིག་གནས་དང་བཅས་པ་སྟོང་ཕྲག་མང་པོ་བོད་སྐད་དུ་འགྱུར་བར་མཛད་པ་ལས། མང་ཆེ་བ་སརྒས་བཅིང་པའི་བསྟན་བཅོས་ཆེན་མོ་དག་ཡིན་ལ། དེ་དག་གི་རྩོམ་གྱི་ཚན་པ་མི་འདྲ་བ་དང་བརྗོད་བྱ་དུམ་བུར་བགོས་པ་རྣམས་ལ«རྩ་བ་ཤེས་རབ»སོགས་ནི་རབ་བྱེད་ཀྱི་སྒོ་ནས་ཕྱེས་པ་དང་། «མངོན་རྟོགས་རྒྱན»ལྟ་བུ་སྐབས་ཀྱིས་འབྱེད་པ། «མངོན་པའི་མཛོད»སོགས་གནས་ཀྱི་མིང་གིས་ཆོས་ཚན་ཕྱེ་བ། «ཚད་མ་རྣམ་འགྲེལ»སོགས་ལེའུ་ཡི་སྒོ་ནས་དང་། «ཆེད་དུ་བརྗོད་པའི་མདོ»ལྟ་བུ་ཚོམས་ཀྱི་མིང་གིས་དུམ་བུར་ཕྱེས་ཡོད་པ་ལགས། 

   དེ་བཞིན་དུ་བོད་རང་གི་མཁས་པ་དག་གིས་ཀྱང་རྩོམ་ཚན་སོ་སོར་འབྱེད་སྐབས་བསྟན་བཅོས་ཆེན་མོ་དེ་དག་དང་འདྲ་བར་ལེའུ་དང་རབ་བྱེད་སོགས་ཀྱིས་བསྙད་དེ་བརྩམས་གནང་ཡོད་པ་རེད། ཡིན་ན་ཡང་སྤྱི་འགྲོས་དེའི་ནང་དུ་མེད་པ་ཞིག་ནི། ཀུན་མཁྱེན་ཀློང་ཆེན་པས་མཛད་པའི«ཐེག་མཆོག་རིན་པོ་ཆེའི་མཛོད»ནི་གོང་གི་རྒྱ་བོད་ཀྱི་མཁས་པའི་གསུང་སྲོལ་དག་དང་མི་གཅིག་པར་ཆོས་ཚན་མི་འདྲ་བ་རྣམས“རིམ་ཁང”ཞེས་པའི་མིང་གིས་དོན་ཚན་ཉེར་ལྔ་རུ་ཕྱེས་གནང་བ་དེ་རེད། དེ་ལ་རིམ་ཁང་ཞེས་པའི་མིང་གིས་དོན་ཚན་སོ་སོར་འབྱེད་དོན་ཅི་ཞིག་ཡིན་པའི་ཐད་ནས་གཞུང་རང་དུ་ཡང་དངོས་སུ་གསལ་ཁ་མེད་པ་དང་མཁས་པ་གཞན་གྱིས་གསལ་བཤད་མཛད་པ་ཡང་མི་སྣང་བས། གཞུང་འདི་ལ་སློབ་གཉེར་བྱེད་སྐབས་སུ་རིམ་ཁང་ཞེས་པའི་དོན་འདི་རྟོགས་དཀའ་ཙམ་འབྱུང་བ་ལགས་སོ།།

  འོན་ཀྱང་གཞུང་འདི་ཉིད་རྒྱལ་དབང་ཀློང་ཆེན་པའི་བླ་མ་ཀུ་མ་རཱ་ཛཱའི་འདས་མཆོད་དགོངས་རྫོགས་ཀྱི་ཚུལ་དུ་མཛད་ཡོད་པར་གྲགས་པ་བཞིན། མཇུག་རྩོམ་ལ་ཞིབ་ཏུ་བསམ་ན་ཡང་གཞུང་འདི་ཉིད་ཁམས་གསུམ་སྲིད་ཞིའི་ཁྱོན་ཐམས་ཅད་གང་བའི་མཆོད་རྟེན་ཆེན་མོ་ཞིག་གི་གཟུགས་སུ་བཀོད་ནས་བཞེང་གནང་བ་ཡིན་པས། དེ་ལ་བརྟགས་ན“རིམ་ཁང”ཞེས་པའི་དོན་ཅུང་ཟད་ཤེས་ཐུབ་བམ་སྙམ་མོ།། དེ་ཡང་འདི་སྐད་དུ། 

ཆོས་མཆོག་རིན་ཆེན་སྙིང་པོ་ལས་གྲུབ་པ། །

རང་བཞིན་རྫོགས་པ་ཆེན་པོའི་མཆོད་རྟེན་ནི། །

སྣང་སྲིད་འཁོར་འདས་ཞིང་ཀུན་ཐག་གྲུས་ཁྱབ། །

རྩེ་མོ་ལྷུན་མཐོ་ཆོས་དབྱིངས་ནམ་མཁས་ཀླས། ། 

ཞེས་དང་། 

ཚུལ་དེའི་རྗེས་འགྲོ་ངོ་མཚར་རྨད་ཀྱི་ཆོས། །

ཐེག་མཆོག་མཛོད་ཀྱི་མཆོད་རྟེན་ཆེན་པོ་ཡང༌། །

ཚིག་དོན་རྣམ་བཀྲའི་བཀོད་པ་མཐའ་ཡས་ཤིང༌། །

ཟབ་ཅིང་རྒྱ་ཆེའི་སྣང་བས་མཁའ་དབྱིངས་ཁྱབ། ། 

ཅེས་དང་། ད་དུང་། 

རླབས་ཆེན་ས་འཛིན་ཤིན་ཏུ་མཐའ་ཡས་རྩེ་མོ་ནམ་མཁའི་དབྱིངས་ན་གསལ། །

ཐག་གྲུ་རྒྱ་ཆེ་ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོའི་རྡུལ་ལས་འདས་གྱུར་ཅིང༌། །

ཆོས་དབྱིངས་ཇི་བཞིན་ནམ་མཁའི་དབྱིངས་ཁྱབ་བསྟན་པའི་མཆོད་རྟེན་བཀོད་ལེགས་པ། །

ཕྱི་རབས་དོན་དུ་བསོད་ནམས་འདུན་སླད་ཀུན་མཁྱེན་ངག་གི་དབང་པོས་བཞེངས། །

  ཞེས་སོགས་ཀྱི་སྒོ་ནས་བླ་མའི་དགོངས་རྫོགས་ལ་མཆོད་རྟེན་བཞེང་པའི་སྲོལ་ཡོད་པ་ལྟར་རྣམ་པ་མཚུངས་པར་མཛད་ཅིང་། ནང་དོན་བསྟན་བཅོས་ཀྱི་ལུས་སུ་གྲུབ་པ། བསྟན་བཅོས་ཀྱི་དོན་ཚན་རེ་རེ་བཞིན་མཆོད་རྟེན་ཞིག་གི་བང་རིམ་གྱི་གཟུགས་སུ་བཀོད། དོན་ཚན་དེའི་ནང་གི་ཚིག་དོན་རྣམ་པར་བཀྲ་བའི་རྫོགས་ཆེན་གྱི་ལྟ་གྲུབ་དེ་དག་བཀོད་ལེགས་ཀྱི་ཁང་པའི་གཟུགས་སུ་བཀོད་དེ་བྲིས་མཛད་པ་ཡིན་པས་རིམ་ཁང་དང་པོ་དང་རིམ་ཁང་གཉིས་པ་ཞེས་བང་རིམ་གྱི་ཁང་པ་ཉེར་ལྔ་ཅན་གྱི་མཆོད་རྟེན་ཞིག་གྲུབ་པ་ཡིན་ནོ་སྙམ་སྟེ་དཔྱད་པར་འཚལ། 

 《སྐྱེས་རབས་སོ་བཞི་པ》མཇལ་བ།

       དེ་ཡང་དགེ་བའི་བཤེས་གཉེན་ཆེན་མོ་པོ་ཏོ་བས་རྒྱལ་བའི་བཀའ་བསྟན་བོད་དུ་འགྱུར་བ་ཐམས་ཅད་ལས་དམིགས་བསལ་གྱི་གླེགས་བམ་དྲུག་བདམས་ཏེ་དེའི་སྟེང་ནས་འཆད་ཉན་ལེགས་པར་མཛད་ཅིང་། ཕྱིས་སུ་བཀའ་གདམས་པའི་བཤེས་གཉེན་རྣམས་ཀྱིས་དེའི་སྲོལ་བཟུང་བ་ལ《བཀའ་གདམས་གཞུང་དྲུག》ཅེས་ཡོངས་སུ་གྲགས་པར་གྱུར། དེ་དག་ནང་གི་དད་པའི་གཞུང《སྐྱེས་རབས་སོ་བཞི་པ》ཟེར་བ་འདི་ནི། “སྙན་ངག་དཔའ་བོ་ལས་བྱུང་སྡེབ་སྦྱོར་མཁན།།” ཞེས་དཔལ་ཆོས་གྲགས་ཀྱིས་བསྔགས་པར་མཛད་པའི་གནས་དམ་པར་གྱུར་པ་རྒྱ་གར་གྱི་སྙན་ངག་པ་གྲགས་ཅན་སློབ་དཔོན་དཔའ་བོས་མཛད་པ་ཡིན་ཞིང་། ཚིགས་བཅད་ལྷུག་སྤེལ་མའི་སྒོ་ནས་བྱང་ཆུབ་སེམས་པའི་བླ་ན་མེད་པའི་གཏོང་ཕོད་མཚོན་ཡོད་པ་ཞིག་རེད། འདི་ནི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐབས་སུ་ལོ་ཙཱ་བ་འཇམ་དཔལ་གོ་ཆས་བསྒྱུར་བར་མཛད་ཅིང་། ཤོ་ལོ་ཀ་སུམ་སྟོང་དྲུག་བརྒྱ་དང་བམ་པོ་བཅུ་གཉིས། ལེའུ་སུམ་ཅུ་སོ་བཞི་ཡོད། སྐྱེས་རབས་འདི་ནི་རྩོམ་འཕྲོ་ཅན་ཞིག་ཡིན་པར་གྲགས་པ་ལྟར་ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེས་ཁ་སྐོང་གི་ཚུལ་དུ་སྐྱེས་རབས་དྲུག་ཅུ་རེ་བདུན་མཛད་དེ《སངས་རྒྱས་ཀྱི་སྐྱེས་རབས་བརྒྱ་པ》ཟེར་བ་ཞིག་ཀྱང་མཇལ་དུ་ཡོད་པར་མཛད་ཡོད། 

       «སྐྱེས་རབས་སོ་བཞི་པའི»ནང་ནས་བསྟན་པའི་སེམས་དཔའ་ཆེན་པོ་རྣམས་ནི“ཐོས་པ་དང་། དུལ་བ་དང་། ཆོ་རིགས་བཙུན་པ། ཁོང་བཟོ་བ། འཇིག་རྟེན་གྱི་ཐ་སྙད་དུ་བྱ་བ་ལ་འགལ་བ་མེད་པ། གཙུག་ལག་མང་པོ་ལ་གོམས་པ། ཚིག་ལ་མཁས་པར་གྲགས་པ། སྙིང་རྗེ་དང་ལྡན་ཞིང་སྦྱིན་གཏོང་ཆེ་བ། བློ་ཁོག་ཆེ་ལ་རང་དོན་སྤངས་བ། གཞན་དོན་གྱི་སྦྱོར་བ་ལ་སྤྲོ་བས་འཇུག་པ”ཤ་སྟག་ཡིན་པས་ན། འདོད་པའི་ཡོན་ཏན་ལ་སྲེད་ཅིང་རྨོངས་པའི་བློ་མ་དུལ་བའི་སྐྱེ་བོ་རྣམས་ཀྱིས་མཇལ་ན། དད་པའི་དབང་པོ་ཐོབ་ཅིང་སེམས་རབ་ཏུ་དང་བར་འགྱུར་བ་དང་། དད་གསུམ་གྱི་པད་མོ་རྒྱས་པའི་ཆོས་པ་རྣམས་ཀྱིས་མཇལ་ན་བརྩོན་པའི་རྟ་མཆོག་ལ་ཤ་ཤེད་རྒྱས་ཤིང་གོམ་ཁ་ཡང་བར་འགྱུར་བའི་དགོས་ཆེད་ཡོད་པའོ།། དེ་བས་དཔེ་ཆ་འདི་ནི་འཕགས་བོད་མཁས་གྲུབ་སྟོང་གི་གཅེས་ནོར་ཡིན་ལ། མཉམ་མེད་ཇོ་བོ་རྗེ་ཡི་རྒྱུན་ཁྱེར་ཐུགས་དམ་ཡང་ཡིན། དད་བརྩོན་དྲན་པའི་དབང་པོ་ཐོབ་པའི་སྒོ་མོ་ཡིན་ལ། ཏིང་འཛིན་ཤེས་རབ་ཀྱི་མིག་ཟུང་སྐྱོང་བའི་ཆུ་ཤེལ་ཡིན་ནོ།།

        གཞན་ཡང“སྐྱེས་བུ་དམ་པ་རྣམས་ནི་བདག་རང་ཉིད་བསྲན་ཐུབ་པས། བརྟན་ཞིང་བརླིང་བ་ཡིན་པའི་ཕྱིར་སྡུག་བསྔལ་མི་བཟད་པས་གདུངས་ཀྱང་ལམ་ངན་པར་འཇུག་པ་ལྟ་ཞོག །ལྷ་པར་དུ་སྙིང་སྟོབས་ཆེ་བ། དཔའ་བ། གདེང་དང་ལྡན་པ”ཡིན་པར་བསྟན་ཡོད་པས། དཔའ་ཞིང་རྟུལ་ཕོད་པའི་མི་ཚེ་ཡི་བདེན་པ་རྟོགས་ཤིང་། འཇིགས་སྐྲག་མེད་པའི་སྙན་ངག་གི་བརྗོད་སྙིང་རིང་མོ་ཞིག་ལ་ལོངས་སུ་སྤྱོད་ཐུབ་པའོ།། 

      འདི་ནས་དེང་རབས་ཀྱི་དཔལ་ཡོན་ལ་ལོག་པར་སྤྱད་པས། མཐུན་རྐྱེན་ཐམས་ཅད་མི་ཚེའི་གཤེད་མ་རུ་སོང་བའི་ང་འདྲ་བའི་སེར་གཟུགས་ཤིག་གིས། དཔེ་རྙིང་དེབ་རྒན་ཞིག་ཅུང་ཟད་བློ་ཞིབ་མོའི་སྒོ་ནས་མཇུག་ཕུད་ཟེར་བ་ནི་ཅི་འདྲའི་སྙིང་དོན་དང་ལྡན་པ་ཞིག་རེད་ཨང་བསམ་ནས་བྲིས་པ་ཡིན། མཇུག་མཐར་དེབ་འདིའི་རྩོམ་པ་པོ་དང་ལོ་ཙཱ་བར་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ།

                  1017.1.23

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།