བྱང་ཆུབ་ཀྱི་སེམས་ཀྱི་ལོ་རྒྱུས།

25736

                                           
                                                         རྩོམ་པ་པོ།  རྩིས་ཆེ་ལེགས་མཐོང་།

       ཤཱཀྱ་ཐུབ་པས་ཐོག་མར་ཆོས་གསུངས་པ་ན། ང་ཚོ་ཚང་མ་འདྲ་མཉམ་རེད་ཅེས་གསུངས་མེད་ལ། སློབ་མ་རྣམས་ལ་ཁྱོད་ཚོས་འབད་བརྩོན་བྱས་ན་ང་ནང་བཞིན་ཆགས་ཐུབ་ཀྱང་གསུངས་མེད། འོན་ཀྱང་ཁོང་གིས་འཇིག་རྟེན་ན་ང་ལས་ལྷག་པ་མེད་ཅེས་ཀྱང་མ་གསུངས་པར་ཁོང་གིས་དེ་སྔོན་ང་ལྟ་བུ་གསུམ་ཕྱིན་ཟིན་ཅིང་། ང་ནི་བཞི་པ་དེ་ཡིན་པ་དང་། མ་འོངས་པར་ང་ལྟ་བུ་༩༩༦ ཡོང་ཞེས་གསུངས་མྱོང་ཡོད།

       ཤཱཀྱ་ཐུབ་པས་ཁོང་ལྟ་བུས་རང་སྟོབས་ཀྱིས་ཆོས་རྣམས་ཀྱི་གནས་ལུགས་རྟོགས་པའི་བློ་གྲོས་མཐར་ཕྱིན་པ་བརྙེས་པའི་ཆ་ནས་མིང་དུ་སངས་རྒྱས་ཞེས་འབོད་པར་གསུངས་ཤིང་། དེ་བཞིན་ཁོང་གིས་སངས་རྒྱས་ཀྱི་མཛད་པ་གཙོ་བོ་ནི་འཛམ་བུའི་གླིང་འདིར་སངས་རྒྱས་ཀྱི་བསྟན་པ་མེད་སྐབས་སངས་རྒྱས་ཀྱི་བསྟན་པ་ཐོག་མར་དབུ་འབྱེད་གནང་རྒྱུ་དེ་ཡིན་པ་དང་། འཛམ་གླིང་འདིར་དུས་སྐབས་གཅིག་ལ་སངས་རྒྱས་གཅིག་ལས་མི་ཡོང་བ་ཡང་སངས་རྒྱས་གཅིག་གི་དུས་སུ་སངས་རྒྱས་གཉིས་མི་དགོས་པ་དང་། གཉིས་ཡོད་ན་འགྲན་ཟླར་འགྱུར་སྲིད་ན་ཡང་སངས་རྒྱས་རྣམས་ཀྱིས་འགྲན་ཟླ་མེད་པའི་ལས་བསགས་པས་ཡིན་པར་གསུངས།

       ཤཱཀྱ་ཐུབ་པས་ད་དུང་ཧ་ཅང་གསལ་པོ་བྱས་ནས་གསུངས་པར་སངས་རྒྱས་རེ་རེའི་དུས་སྐབས་ལ་འཁོར་དང་བརྒྱུད་འཛིན་སློབ་མ་ཉན་ཐོས་མང་པོ་ཡོད་ཀྱང་། ཉན་ཐོས་དེ་ཚོས་སངས་རྒྱས་ཀྱི་མདུན་ནས་ཆོས་ཞུས་ཏེ། ཉོན་མོངས་པ་རྣམས་ཆ་ཚང་སྤངས་ཟིན་རྗེས་ཐར་པ་ཐོབ་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་ན་ཡང་། ཉན་ཐོས་དེ་ཚོས་ད་དུང་མི་ཤེས་པའི་སྒྲིབ་པ་ཆ་ཚང་སྤོང་མི་ཐུབ་པ་དང་། དེ་མ་ཐུབ་པས་དེ་ཚོས་ཆོས་ཐམས་ཅད་མཁྱེན་མི་ཐུབ་པ་སོགས་ཀྱིས་ཉན་ཐོས་རྣམས་སངས་རྒྱས་དང་འདྲ་མཉམ་མིན་པར་གསུངས།

     དེ་ལྟར་ཉན་ཐོས་ཀྱི་ལུགས་སུ་ཡང་ཉན་ཐོས་ཀྱི་དགྲ་བཅོམ་པ་རྣམས་དང་སངས་རྒྱས་ཀྱི་སྤང་རྟོགས་འདྲ་མཉམ་མིན་པར། ཉན་ཐོས་རྣམས་ཀྱིས་སྡུག་བསྔལ་སྐྱེད་བྱེད་ཀྱི་ཉོན་མོངས་པ་རྣམས་བཅོམ་སྟེ་བདག་མེད་པ་ཙམ་རྟོགས་པ་དང་། སངས་རྒྱས་ཀྱིས་དེའི་ཐོག་ཏུ་མ་རིག་པ་ཐམས་ཅད་ཀྱང་སྤངས་པས་ཆོས་ཐམས་ཅད་མཁྱེན་པའི་ཆ་ནས་སངས་རྒྱས་དང་ཉན་ཐོས་དགྲ་བཅོམ་པའི་བར་དུ་སྤང་རྟོགས་མཐོ་དམན་གྱི་ཁྱད་པར་ཆེན་པོ་ཡོད་ཅིང་། ཉན་ཐོས་རྣམས་ཀྱིས་སངས་རྒྱས་ལ་མ་འདྲེས་པའི་ཆོས་བཅོ་བརྒྱད་དང་། སྟོབས་བཅུ། མི་འཇིགས་པ་བཞི་སོགས་ཉན་ཐོས་དགྲ་བཅོམ་པ་ལས་ལྷག་པའི་ཡོན་ཏན་མང་དུ་ཡོད་ཚུལ་གསུང་རྒྱུ་ཡོད།

       ཤཱཀྱ་ཐུབ་པས་ཁོང་ལྟ་བུ་སངས་རྒྱས་རྣམས་ཀྱིས་མངོན་དུ་བྱས་པའི་གོ་འཕང་དེ་ནི་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་གྱི་རང་བཞིན་ཞིག་ཡིན་པས་དེ་ལ་བྱང་ཆུབ་ཅེས་ཟེར་ཞིང་། དེ་ཐོབ་ཆེད་དུ་འབད་བརྩོན་བྱེད་པར་སྐྱེ་བ་གྲངས་མེད་པ་འགོར་བ་དང་། དེ་འདྲའི་འབད་བརྩོན་གནང་མཁན་རྣམས་ཀྱི་མིང་ལ་བྱང་ཆུབ་སེམས་དཔའ་ཞེས་བརྗོད་པ་ཡང་དེ་ཚོའི་དམིགས་ཡུལ་བྱང་ཆུབ་འཐོབ་རྒྱུ་ཡིན་པ་གང་ཞིག་ལ། དེའི་ཆེད་དུ་སེམས་ཅན་རྣམས་ལ་རང་གི་སྲོག་ཀྱང་སྦྱིན་པ་གཏོང་བ་སོགས་ཀྱིས་དཀའ་བ་གྲངས་མེད་པ་སྤྱོད་པའི་སྙིང་སྟོབས་ཡོད་པའི་རྒྱུ་མཚན་གྱིས་ཡིན་པར་གསུངས། སངས་རྒྱས་ཀྱི་སྐྱེས་རབས་རྣམས་ནི་དེ་དང་འབྲེལ་ནས་གསུངས་པ་ཞིག་རེད་ལ། དེ་ནི་ཉན་ཐོས་རྣམས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་ལས་སྐྱེས་རབས་ཀྱི་སྡེ་ཞེས་པ་དེ་རེད།

      ནང་པ་རྣམས་ཀྱིས་བཤད་པ་ལྟར་ན་ཤཱཀྱ་ཐུབ་པས་ཁོང་གིས་སྐྱེ་བ་སྔ་མར་སེང་གེ་དང་རི་བོང་སོགས་སུ་སྐྱེས་ནས་སེམས་ཅན་མང་པོའི་དོན་གནང་ཚུལ་དང་། ཐ་ན་ཁོང་སངས་རྒྱས་པ་ཡང་ཁོང་གི་ཆེད་དུ་མིན་པར་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཡིན་པར་གསུངས་པར་གྲགས་ལ་དེ་ནི་ཆོས་ལུགས་ཀྱི་བཤད་པ་སྤྱིར་བཏང་བ་སྟེ། ཆོས་ལུགས་ཕལ་མོ་ཆེས་རང་རང་གི་ཆོས་ལུགས་ལ་བརྩི་དགོས་པའི་རྒྱུ་མཚན་གཙོ་བོ་གཅིག་ནི་བཀའ་དྲིན་ཆེན་པོ་ཡིན་པའི་རྒྱུ་མཚན་གྱིས་ཡིན་པར་བཤད་སྲོལ་ཡོད། དཔེར་ན་ཡེ་ཤུའི་སྟོན་པ་ནི་སྟབས་མ་ལེགས་པར་གཞན་གྱིས་དཀྲོངས་ན་ཡང་ཡེ་ཤུའི་ཆོས་ལུགས་པ་རྣམས་ཀྱིས་སྟོན་པ་ཡེ་ཤུ་ང་ཚོའི་སྡིག་པ་དག་ཆེད་དུ་དང་བླང་གིས་གྲོངས་པས་ང་ཚོས་ཁོང་གི་བཀའ་དྲིན་རྗེས་དྲན་བྱ་དགོས་ཞེས་ཡེ་ཤུའི་ཆོས་ལུགས་ལ་མི་དད་པ་ཚོར་ཡང་བཤད་སྲོལ་ཡོད།

     སངས་རྒྱས་ཀྱི་སྐྱེས་རབས་རྣམས་ཤཱཀྱ་ཐུབ་པས་དངོས་སུ་གསུངས་མིན་བཤད་དཀའ་ཡང་། གསུངས་པའི་དབང་དུ་བཏང་ན་ཡང་། དེ་ནི་ཕྱོགས་གཅིག་ནས་གོང་དུ་བཤད་པ་ལྟར་ཆོས་ལུགས་ཀྱི་བཤད་པ་སྤྱིར་བཏང་བ་ཡང་ཡིན་སྲིད། གང་ལྟར་ཡང་ནང་པའི་སྐྱེས་རབས་རྣམས་སུ་སངས་རྒྱས་དང་བླ་མ་རྣམས་ཀྱིས་དུད་འགྲོ་སོགས་ལ་ཆོས་གསུང་ཚུལ་སོགས་མང་པོ་ཞིག་བཤད་པ་ནི་དོན་དུ་ཁོང་རྣམས་ཀྱིས་དུད་འགྲོ་དང་ང་ཚོའི་བར་གོ་བརྡ་མི་འཕྲོད་པ་ཙམ་ལས་དུད་འགྲོ་རྣམས་ལ་ཡང་སྐད་བརྡ་ཆ་ཚང་བ་ཞིག་ཡོད་དྲན་པས་ཡིན་ན་ཡང་། ངས་བསམས་ན་དུད་འགྲོ་རྣམས་ལ་འབོད་བརྡ་དང་ཉེན་བརྡ་གཏོང་བ་སོགས་ཕན་ཚུན་གོ་བརྡ་འཕྲོད་པའི་བརྡ་སྐད་མི་ཉུང་བ་ཡོད་ན་ཡང་། ལྟ་གྲུབ་གླེང་སློང་བྱེད་ཐུབ་པའི་བརྡ་སྐད་ཡོད་སྙམ་པ་ནི་བླུན་རྟགས་ཤིག་རེད་སྙམ།

       རྒྱུ་མཚན་སྐད་ཡིག་ནི་གཟུགས་པོའི་གྲུབ་ཚུལ། བསམ་བློའི་འཁྱེར་སོ། སྤྱི་ཚོགས་ལ་འཕོ་འགྱུར་མང་པོ་ཞིག་ལ་བརྟེན་ནས་ཡོང་བ་ལས། རང་བཞིན་དང་ལྷན་སྐྱེས་སུ་ཡོང་བ་ཞིག་མ་ཡིན་པས་ཁྱོད་ཀྱིས་གལ་སྲིད་མ་རྩ་རིང་ལུགས་དང་། སྤྱི་ཚོགས་རིང་ལུགས་སོགས་ལ་སྤྲེལ་གྱིས་གང་བརྗོད་དམ། གླང་ཆེན་གྱིས་གང་བརྗོད་དམ། ལུག་གིས་གང་བརྗོད་དམ་སྙམ་ནས་ཤེས་འདོད་ཞུགས་ན། ཁྱོད་ནི་སེམས་པ་ཐང་ཐང་མེད་པ་ལྟ་བུ་ལས་མི་སྤྱིར་བཏང་བ་ཞིག་མ་ཡིན་པ་གསལ་པོ་རེད། ཆོས་ལུགས་པ་ཕལ་མོ་ཆེས་རང་གི་ཆོས་ལུགས་ཀྱིས་བཤད་ཚད་ལ་ཡིད་ཆེས་ལ། གཞན་གྱི་ཆོས་ལུགས་ཀྱིས་བཤད་ཚད་ལ་ཡིད་མི་ཆེས་པའི་ལུགས་སྲོལ་ཞིག་ཡོད་པས་ནང་པ་མང་པོས་ཀྱང་སྐྱེས་རབས་ཀྱི་ནང་དུ་ཡོད་པའི་སེང་གེ་དང་རི་བོང་སོགས་ཀྱི་སྒྲུང་ཚང་མ་བདེན་པ་ཡིན་སྣང་ཤར་ནས་རྟོག་བཏགས་ཀྱི་འཆར་ཡན་རེ་སེམས་ལ་ཤར་ཐབས་བྱེད་ཀྱི་ཡོད།

       དེ་ལྟར་བྱང་ཆུབ་སེམས་དཔས་དཀའ་བ་སྤྱད་ཚུལ་གྱི་གཏམ་རྒྱུད་དེ་དག་ལ་བརྟེན་ནས་ཐེག་ཆེན་པའི་ཁྲོད་དུ་བྱང་ཆུབ་བམ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ། ངེས་པར་དུ་གཞན་དོན་བྱ་དགོས་པའི་འདོད་ཚུལ་བྱུང་བ་ལས། ཉོན་མོངས་མ་སྤངས་ན་དོན་དམ་གྱི་བདེ་སྐྱིད་མེད་པ་དང་། བདག་མེད་མ་རྟོགས་ན་ཐར་པ་མི་ཐོབ་པ་རིག་པས་གང་འཚམས་བསྒྲུབ་ཐུབ་པ་ལྟ་བུ་སེམས་ཅན་ཐམས་ཅད་དོན་བྱེད་པའི་སེམས་མ་བསྐྱེད་ན་སངས་རྒྱས་གོ་འཕང་མི་འཐོབ་པའི་རྒྱུ་མཚན་ངེས་ཤེས་འདྲེན་ཐུབ་པ་ཞིག་ཕལ་ཆེར་ཡོད་པར་མི་སྣང་། གཞན་དོན་མ་བྱས་ན་སྒྲིབ་པ་སྦྱོང་མི་ཐུབ་པ་དང་། གཟུགས་སྐུ་གཉིས་འཐོབ་མི་ནུས་པར་སྨྲ་བ་སོགས་ནི་ངས་བསམས་ན་བསྒྲུབ་བྱ་སྒྲུབ་བྱེད་ལ་འགོད་པ་ཙམ་རེད་དྲན།

གང་ལྟར་ཡང་ཤཱཀྱ་ཐུབ་པ་རང་ཉིད་ཀྱིས་གསལ་པོར་གསུངས་པ་བཞིན་ཉན་ཐོས་དགྲ་བཅོམ་པ་རྣམས་ཀྱིས་རང་ཉིད་ཤཱཀྱ་ཐུབ་པ་དང་འདྲ་མཉམ་ཡིན་པའི་ལྟ་ཚུལ་མེད་ལ་འདྲ་མཉམ་བྱེད་པའི་དམིགས་ཡུལ་ཡང་མེད། ཁོ་ཚོའི་དམིགས་ཡུལ་ནི་རང་ཉིད་འཁོར་བ་ལས་ཐར་ནས་དགྲ་བཅོམ་པ་ཞིག་ཏུ་འགྱུར་རྒྱུ་དེ་རེད། གཅིག་ཤོས་ཐེག་པ་ཆེན་པོ་རྣམས་ཀྱིས་ང་ཚོས་ངེས་པར་དུ་དགྲ་བཅོམ་པ་ཙམ་མིན་པར་བྱང་ཆུབ་བམ་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ལ་འབད་བརྩོན་བྱ་དགོས་པ་དང་། དེའི་ཆེད་དུ་སངས་རྒྱས་ལ་མིག་དཔེ་བལྟས་ནས་ང་ཚོས་ད་ལྟ་ནས་སོ་སོ་བྱང་ཆུབ་སེམས་དཔའ་ཞིག་བྱས་ཏེ། སྦྱིན་པ་གཏོང་བ་སོགས་ཀྱིས་སེམས་ཅན་གྱི་དོན་བྱ་དགོས་པར་བཤད།

      ཐེག་ཆེན་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔར་འགྱུར་རྒྱུ་ནི་ཧ་ཅང་གལ་ཆེ་ཞིང་། མདོ་སྡེ་དཀོན་མཆོག་བརྩེགས་པ་ལས་ཟླ་བ་ཚེས་པ་ལ་ཕྱག་འཚལ་བ་ལྟར་ཟླ་བ་ཉ་གང་བ་ལ་མ་ཡིན་པ་ལྟར། སངས་རྒྱས་ལས་ཀྱང་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་བ་གལ་ཆེ་བར་གསུངས་པ་འདི་ཐེག་ཆེན་པ་རྣམས་ཀྱིས་རྩལ་འདོན་གནང་སྟེ་སངས་རྒྱས་ལས་ཀྱང་བྱང་ཆུབ་སེམས་དཔའ་གལ་ཆེ་བར་བཤད། དེ་ནི་ཕྱིས་སུ་གསང་སྔགས་པ་རྣམས་ཀྱིས་སངས་རྒྱས་ལས་ཀྱང་བླ་མ་གལ་ཆེ་བར་བཤད་པ་དང་འདྲ་ཞིང་། བཤད་སྲོལ་དེ་ལ་བརྟེན་ནས་ཉན་ཐོས་དང་ཐེག་པ་ཆེན་པོའི་བར་དུ་འགལ་ཟླ་དང་རྩོད་པ་མང་ཙམ་བྱུང་བས་ལེགས་ལྡན་འབྱེད་དང་ཟླ་གྲགས་སོགས་ཀྱིས་འདིའི་སྐོར་ལ་དགག་པ་རྒྱ་ཆེར་གནང་ཞིང་། ཟླ་གྲགས་ཀྱི་དབུ་ལ་མ་འཇུག་པའི་མཆོད་བརྗོད་དུ་སངས་རྒྱས་ལ་མཆོད་པར་མ་བརྗོད་པར་བྱང་ཆུབ་སེམས་དཔའ་ལ་མཆོད་པར་བརྗོད་པ་ཡང་ཁོང་གིས་ཉན་ཐོས་མཁས་པ་རྣམས་ལ་ཀྱག་ཀྱག་གནང་བ་ཞིག་རེད། འདུལ་འཛིན་པ་ཡོན་ཏན་འོད་ཀྱིས་རྒྱལ་བ་བྱམས་པ་དངོས་སུ་མཇལ་ཡང་རྒྱལ་བ་བྱམས་པ་ནི་རྟེན་ཁྱིམ་པ་ཡིན་པས་ཕྱག་མ་འཚལ་བའི་ལོ་རྒྱུས་ཡོད།

      མདོར་ན་ཐེག་པ་ཆེ་ཆུང་དུ་གྲགས་པའི་ཁྱད་པར་ཡང་དམིགས་ཡུལ་གྱི་ཁྱད་པར་ཏེ། ཉན་ཐོས་རྣམས་ཀྱི་དམིགས་ཡུལ་ནི་དགྲ་བཅོམ་པའི་གོ་འཕང་ཡིན་པ་དང་། ཐེག་པ་ཆེན་པོ་པ་རྣམས་ཀྱི་དམིགས་ཡུལ་ནི་བྱང་ཆུབ་བམ་སངས་རྒྱས་ཀྱི་གོ་འཕང་ཡིན་པ་པས་རྒྱུ་མཚན་དེས་ཐེག་པ་ཆེན་པོ་པ་རྣམས་ཀྱིས་བྱང་ཆུབ་ཐོབ་འདོད་ཀྱི་དམིགས་ཡུལ་ནི་ཐེག་པ་ཆེན་པོ་པ་ཞིག་བྱེད་པའི་གཞི་རྩའི་ཆ་རྐྱེན་དུ་ངོས་བཟུང་སྟེ་རང་གི་རྗེས་འཇུག་རྣམས་ལ་དང་པོ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་དུ་བཅུག་སྲོལ་ཡོད། དེས་ན་ཐེག་ཆེན་པ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་མ་བསྐྱེད་ན་ཐེག་པ་ཆེན་པོའི་གྲལ་དུ་མི་ཚུད་ཅེས་པ་ཡང་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་དམིགས་ཡུལ་མེད་ན་ནང་པ་ཡིན་ཆོག་ཀྱང་ཐེག་པ་ཆེན་པོ་མིན་ཞེས་པའི་དོན་རེད།

      འོན་ཀྱང་བྱང་ཆུབ་སེམས་དཔའི་གཏམ་རྒྱུད་ཀྱི་ཤུགས་རྐྱེན་གྱིས་ཕྱིས་སུ་ཐེག་ཆེན་པ་མང་པོ་ཞིག་གིས་བྱང་ཆུབ་ཀྱི་སེམས་ཟེར་བ་དེ་ཡང་སེམས་བཟང་པོ་ཞིག་ལ་གོ་བར་དྲན་ནས། བཀའ་གདམས་པའི་བླ་མ་མང་པོས་དེ་ལྟར་འགྲེལ་བརྗོད་གནང་བ་དང་། དེང་སང་ཡང་བོད་པ་རྣམས་ཀྱིས་བྱ་བ་བཟང་པོ་སྒྲུབ་མཁན་གྱི་མི་སྐད་གྲགས་ཅན་རྣམས་བྱང་ཆུབ་སེམས་དཔའ་རེད་ཅེས་སྨྲ་བ་ནི་རྩ་བ་བོར་བའི་ཡལ་ག་ལས་མ་འདས་ཏེ། བྱང་ཆུབ་ཀྱི་སེམས་སམ་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དུས་བྱང་ཆུབ་ནི་དམིགས་ཡུལ་དང་། སེམས་ནི་དེ་ཉིད་ཐོབ་འདོད། སེམས་དཔའ་ནི་སེམས་དེ་ལྟ་བུ་ཡོད་མཁན་ལ་གོ་བ་ལ། རང་ཉིད་ཀྱིས་བྱང་ཆུབ་ཐོབ་འདོད་དང་བྱང་ཆུབ་དེ་ལ་གཞན་དག་འགོད་འདོད་མེད་ན་སེམས་ཅི་ཙམ་བཟང་ཡང་སེམས་སམ་སེམས་དཔའ་ཡིན་ཆོག་པ་ལས་བྱང་ཆུབ་དང་འབྲེལ་བ་མེད་པས་ན་བྱང་ཆུབ་ཀྱི་སེམས་སམ་བྱང་ཆུབ་སེམས་དཔར་མི་འགྱུར་བས་ངས་ནམ་རྒྱུན་འདི་ཚོ་ཞིབ་ཆ་མེད་པའམ་ཅུང་ཐལ་དྲགས་པར་མཐོང་གི་ཡོད།

        བོད་དུ་ཉན་ཐོས་ཀྱི་བཀའ་དང་བསྟན་བཅོས་མི་ཉུང་བ་འགྱུར་ཡོད་ཀྱང་། ཉན་ཐོས་ཀྱི་བཤད་སྲོལ་གཙང་མ་འཛིན་མཁན་མེད་པ་དེས་བོད་ཀྱི་མཁས་པ་རྣམས་ཀྱིས་ཀྱང་ཉན་ཐོས་རྣམས་ཀྱི་ལུགས་སྲོལ་དངོས་ཤེས་པ་དཀའ་ཞིང་། དེ་མི་ཤེས་པས་ཉན་ཐོས་དང་ཐེག་པ་ཆེན་པའི་འབྲེལ་བ་ཡང་གསལ་པོར་མི་ཤེས་པ་བཤད་ཅི་དགོས། དེ་དག་གིས་ཉན་ཐོས་རྣམས་ཀྱི་སྐོར་ལ་གང་ཤེས་པ་ཡང་ཐེག་པ་ཆེན་པོའི་སྒེའུ་ཁུང་ནས་བལྟས་པ་ཤ་སྟག་ཡིན་པས་བོད་ཀྱི་ནང་པ་མང་པོས་ཐ་ན་བོད་དུ་དར་ཁྱབ་ཆེ་བའི་དགེ་ཚུལ་སློང་གི་སྡོམ་པ་ནི་ཉན་ཐོས་ཀྱི་ཆོས་ལུགས་ཡིན་པ་ལས། ཐེག་པ་ཆེན་པོ་རང་ནས་བྱུང་བའི་དགེ་ཚུལ་སློང་གི་སྡོམ་པ་མེད་པ་ཙམ་ཡང་ཤེས་ཀྱི་མེད་ལ། ཉན་ཐོས་རྣམས་ལ་སྙིང་རྗེ་དང་ཕན་སེམས་རྩ་བ་ནས་མེད་ཚུལ་གྱི་སྐུར་འདེབས་བྱེད་མཁན་བོད་ཀྱི་མཁས་པ་ཚད་ལྡན་ཡང་བྱུང་ཡོད།

      གཞན་ལྟ་ཞོག་ཐ་ན་བོད་ཀྱི་མཁན་པོ་དང་དགེ་བཤེས་མང་པོས་ཀྱང་། བྱང་ཆུབ་ཀྱི་སེམས་དང་། བྱང་ཆུབ་སེམས་དཔའ། གྲངས་མེད་གསུམ་དུ་ཚོགས་གསོག་ཟེར་བ་སོགས་ནི་ཐེག་ཆེན་གྱི་སྐད་ཆ་ཡིན་པས་དེ་ཚོ་ཉན་ཐོས་ཀྱི་མདོ་དང་གཞུང་རྣམས་སུ་མེད་ངེས་དྲན་གྱི་ཡོད། དོན་དངོས་སུ་ལྟ་གྲུབ་དེ་ཚོ་ཐོག་མར་ཉན་ཐོས་ཀྱི་གཞུང་དུ་ཡོད་པ་རྐྱང་ཡིན་པ་དེས་ཕྱིས་སུ་ཐེག་པ་ཆེན་པོ་རྣམས་ཀྱིས་རང་ཉིད་ཀྱི་ཆོས་ལུགས་སངས་རྒྱས་ཆོས་ལུགས་ཡིན་པར་བསྒྲུབས་ཡོད་ལ། དེང་དུས་ཉམ་ཞིབ་པ་རྣམས་ཀྱིས་ཀྱང་ཐེག་པ་ཆེན་པོ་ནི་ཉན་ཐོས་རང་གི་ཆོས་ལུགས་ལས་བྱུང་བར་ངོས་འཛིན་གྱི་ཡོད།

       ཞིབ་འཇུག་གི་ངོས་ནས་བསམས་ན་ཡང་དེ་ནི་ཧ་ཅང་བདེན་ཁ་ཡོད་པ་ཞིག་སྟེ། ཐེག་པ་ཆེན་པོ་ཞེས་གྲགས་པའི་ཆོས་ལུགས་འདི་ནི་དོན་དུ་ཉན་ཐོས་ཀྱི་སྡེ་སྣོད་རྣམས་སུ་སངས་རྒྱས་ཀྱིས་གྲངས་མེད་གསུམ་གྱི་གོང་ནས་དཀའ་བ་སྤྱད་དེ་རང་སྟོབས་ཀྱིས་སངས་རྒྱས་ཚུལ་ཞིག་དང་། སངས་རྒྱས་ཀྱི་མདུན་ནས་ཆོས་ཞུས་ཏེ་སློབ་མ་རྣམས་ཀྱིས་དགྲ་བཅོམ་པའི་གོ་འཕང་ཐོབ་ཚུལ་བཤད་པ་གཉིས་ཡོད་པ་ལས། ཐེག་པ་ཆེན་པོ་ནི་བཤད་སྲོལ་སྔ་མ་དེ་རྩལ་དུ་བཏོན་པ་ཞིག་རེད།

        དེ་ཡང་ཉན་ཐོས་རྣམས་ཀྱིས་སངས་རྒྱས་ཤཱཀྱ་ཐུབ་པས་སྐྱེ་བ་སྔ་མ་བྱང་ཆུབ་སེམས་དཔའ་ཡིན་སྐབས། སེམས་ཅན་གྱི་དོན་དུ་མགོ་དང་ལུས་ཚུན་ཆད་སྦྱིན་པ་བཏང་། གཞན་ལ་གནོད་པ་མི་བྱེད་པའི་ཚུལ་ཁྲིམས་བསྲུངས། གནོད་པའི་ལན་མི་བྱེད་པའི་བཟོད་པ་བསྒོམས། བསྐལ་པ་མང་པོར་བརྩོན་འགྲུས་བརྩམས་ནས། དེ་རྗེས་རྒྱལ་བུ་དོན་གྲུབ་ཏུ་གྱུར་སྐབས་ཐོག་མར་ཧིན་དྷུའི་ཆོས་ལུགས་ཀྱི་བླ་མ་རྣམས་ཀྱི་མདུན་ནས་བསམ་གཏན་ལ་སྦྱངས་ཤིང་། དེ་ནས་སངས་རྒྱས་རང་ཉིད་ཀྱིས་ཤེས་རབ་རྙེད་ནས་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་འདོད་པ་ལ། ཐེག་པ་ཆེན་པོས་དེ་དག་ལ་ཕ་རོལ་དུ་ཕྱིན་པ་དྲུག་ཅེས་མིང་བཏགས་ནས་ང་ཚོའི་ཆོས་ལུགས་ནི་བྱང་ཆུབ་སེམས་དཔའི་ཆོས་ལུགས་ཡིན་པ་དང་། དེ་ནི་གཞན་དོན་གཙོ་བོ་བྱེད་ཅིང་། མཐར་ཐུག་དགྲ་བཅོམ་པ་ཙམ་མིན་པར་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཐབས་ཡིན་པས་ན་ཐེག་པ་ཆེན་པོ་ཡིན་པར་བཤད།

         ཐེག་པ་ཆེན་པོ་དར་བ་ན་ཐོག་མར་དམངས་ཁྲོད་དུ་རྣམ་པ་དེ་འདྲའི་ཐོག་ནས་དར་ན་ཡང་རིམ་པས་ཐེག་པ་ཆེན་པོའི་མཁས་པ་མང་པོ་བྱུང་སྟེ། དེ་དག་གིས་ཐེག་ཆེན་རང་ལུགས་ཀྱི་ས་བཅུ་དང་ལམ་ལྔ་སོགས་ཀྱི་རྣམ་གཞག་མཛད་ཅིང་། ཉན་ཐོས་རྣམས་ཀྱིས་ཤཱཀྱ་ཐུབ་པས་ལས་ཀྱི་སྒྲིབ་པ་ལྷག་མ་མ་དག་པས་སྐྱོན་གྱི་ཆ་ཡོད་ཚུལ་བཤད་པ་ལ། ཐེག་པ་ཆེན་པོའི་མཁས་པ་རྣམས་ཀྱིས་དེ་ནི་སངས་རྒྱས་ཀྱི་སྤྲུལ་པའི་སྐུས་ཚུལ་བསྟན་པ་ཙམ་ལས། དོན་དུ་སངས་རྒྱས་ནི་སྐྱོན་མེད་ཡོན་ཏན་ཀུན་ལྡན་ཡིན་པ་དང་། སངས་རྒྱས་ཀྱི་སྐུ་དངོས་ནི་ཞིང་ཁམས་སུ་བཞུགས་ཤིང་། དེ་ལ་ལོངས་སྐུ་ཞེས་བརྗོད་པར་བཤད་དེ། སྐུ་གསུམ་གྱི་རྣམ་གཞག་སོགས་བྱུང་བ་དང་། ཐེག་ཆེན་པ་རྣམས་ཀྱིས་སངས་རྒྱས་ཤཱཀྱ་ཐུབ་པ་ཡང་སྤྲུལ་པ་ཙམ་ཡིན་པར་བཤད་པ་ལ་ཉན་ཐོས་རྣམས་ཀྱིས་མ་གུས་པ་ཞིག་ཏུ་མཐོང་ནས་རྩ་བ་ནས་མཉེས་པོ་གནང་མེད།

      མདོར་ན་ཐེག་པ་ཆེན་པོ་ནི་ཉན་ཐོས་ཀྱི་ཆོས་ལུགས་ལས་ཟུར་དུ་གྱེས་ཤིང་འབུར་དུ་ཐོན། གོང་འཕེལ་བཏང་བ་ཞིག་ཡིན་པ་ལ། དེའི་གནད་འགག་ཀྱང་བྱང་ཆུབ་ཀྱི་སེམས་ཞེས་པ་ལ་ཐུག་ན་ཡང་། ང་ཚོས་ནམ་རྒྱུན་བྱང་ཆུབ་ཀྱི་སེམས་ཞེས་པ་འདི་ཐེག་པ་ཆེན་པོ་ལ་མ་གཏོགས་ཉན་ཐོས་ཀྱི་ལུགས་སུ་མེད་པར་སྙམ་ནས་བྱང་ཆུབ་ཀྱི་སེམས་ཞེས་པ་དེ་ཡང་སྙིང་ཅི་ཞིག་ཡིན་པ་དང་། དེ་ལ་བརྟེན་ནས་ཉན་ཐོས་ནས་ཐེག་པ་ཆེན་པོ་དར་འཕེལ་བྱུང་ཚུལ་ཤེས་མཁན་ལྟ་ཞོག དེའི་སྐོར་ལ་བསམ་གཞིགས་བྱེད་མཁན་ཀྱང་ཧ་ཅང་དཀོན་པས་ན་གནའ་དེང་གི་མཁས་པ་རྣམས་ཀྱི་གསུང་ལ་གཞི་བཞག་སྟེ། རང་གི་བསམ་གཞིགས་ཀྱི་ཀློང་ནས་འཁྲུངས་པའི་ལྟ་གྲུབ་འདི་ཉིད་ཐེངས་འདིར་གཟུར་གནས་བློ་ལྡན་རྣམས་དགྱེས་པའི་ལེགས་སྐྱེས་སུ་འབུལ།L

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།