ནང་བསྟན་མཚན་ཉིད་རིག་པའི་འདོད་ཚུལ་ལྟར་གྱི་འཇིག་རྟེན་ཁམས་ཀྱི་རྒྱུ་རྐྱེན་སྐོར། (ཕྱི་དུམ)

23841

ཆ་བཅས་ཆ་མེད་དང་རེག་མ་རེག་སོགས་ཀྱི་རྩོད་ལན་མཛད་ཚུལ་ནི།

ཡང་མཁས་པ་མང་པོས་རྡུལ་ཕྲ་རབ་གྱི་དབྱིབས་ཟླུམ་པོ་ཡིན་པ་འདོད་པར་གསུངས་ཀྱང་སློབ་དཔོན་གྱིས་རྡུལ་ཕྲ་རབ་ལ་དབྱིབས་མེད་པར་བཤད་དེ། དེའི་རྒྱུ་མཚན་ནི་དབྱིབས་ཡོད་ན་ཆ་བཅས་སུ་འགྱུར་དགོས་པ་ལས་དེ་དག་ཆ་མེད་ཡིན་པས་སོ་ཟེར་རོ། བྱེ་མདོ་གཉིས་ཀྱི་རྡུལ་ཕྲན་ཆ་མེད་འདོད་པ་ལ་གྲུབ་མཐའ་གོང་མ་རྣམས་ཀྱི་དམིགས་ཕུགས་ནས་སྐྱོན་བརྗོད་མང་པོ་མཛད་པ་རྣམས་ལས་དཔེ་མཚོན་གྲགས་ཅན་ཞིག་ནི་སློབ་དཔོན་དབྱིག་གཉེན་གྱི་ཉི་ཤུ་པ་ལས། དྲུག་གི་ཅིག་ཅར་སྦྱར་བ་ན། ཕྲ་རབ་དྲུག་ཆ་དྲུག་དུ་འགྱུར། དྲུག་པོ་དག་ཀྱང་གོ་གཅིག་ན། གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར་ཞེས་གསུངས་པས་དེའི་དོན་ནི། དེ་ཡང་དཔེར་ན་རྡུལ་ཕྲ་རབ་གཅིག་ལ་ཕྱོགས་བཞི་དང་སྟེང་འོག་གཉིས་ཏེ་དྲུག་གི་སྐོར་ནས་གཟུགས་ཅན་གྱི་གོང་བུ་གཅིག་རྩོམ་པ་ལྟ་བུར་མཚོན་ན། ཕན་ཚུན་མ་རེག་པར་གནས་ན་རྩོམ་མི་ཐུབ་པའམ་ཞིག་པར་གྱུར་ལ། རེག་ནས་རྩོམ་ན་འདི་ལྟར་ཕྱོགས་ཐམས་ཅད་རེག་ནས་རྩོམ་པའམ། ཕྱོགས་གཅིག་རེག་ནས་རྩོམ་པ་གང་ཡིན།  དེ་ལ་ཕྱོགས་ཐམས་ཅད་གྱི་རེག་ན་ཕན་ཚུན་འདྲེས་ནས་གོང་བུ་དེ་ཆེ་རུ་འགྲོ་བ་མེད་དགོས་ལ། ཕྱོགས་གཅིག་ཁོ་ན་རེག་ནས་ཡིན་ན་གཞན་ལ་མ་རེག་པར་དགོས་པས་ཆ་བཅས་སུ་འགྱུར་བ་ལས་འོས་མེད་དོ་ཞེས་གསུངས། འོན་ཀྱང་བྱེ་བྲག་སྨྲ་བས་དེའི་ལན་དུ་ཕན་ཚུན་མ་རེག་པར་བར་སྟོང་དང་བཅས་སྟེ་གནས་ཀྱང་ཞིག་པར་འགྱུར་བ་སོགས་ཀྱི་སྐྱོན་ནི་མེད་དེ་རླུང་གིའམ་རྫས་ཀྱི་ནུས་པས་བཟུང་བའི་ཕྱིར་རོ་ཟེར། མདོ་སྡེ་པས་མ་རེག་ཀྱང་ཕན་ཚུན་བར་མེད་པར་གནས་སོ་ཟེར་། 

མདོར་ན་ཆ་མེད་དུ་འདོད་པ་རྣམས་ཀྱི་གཞི་རྩའི་རྒྱུ་མཚན་གཙོ་བོ་ནི། རགས་པ་རྣམས་མཐར་ཐུག་ན་ཆ་མེད་གཅིག་ལ་ཐུག་དགོས་ཤིང་དེ་ཉིད་དོན་དམ་པའི་བདེན་པ་ཡིན་པ་དང་། ཡང་བཏགས་ཡོད་རྣམས་རྩལ་བའི་ཚེ་མཐར་རྫས་ཡོད་རེ་རྙེད་དགོས་པ་དང་། དེ་བཞིན་དུ་རྫུན་པ་རྣམས་ལ་རྟེན་བྱེད་པའི་མཐར་ཐུག་གི་བདེན་པར་གྲུབ་པ་རེ་ཡོད་དགོས་ཏེ་དེ་མེད་ན་དེ་དག་ཡོད་པར་འཇོག་མི་ནུས་པ་དེའི་ཕྱིར་གཞི་རྩའི་གྲུབ་ཆ་ནི་ཆ་མེད་དེ་དག་ཡིན་ནོ་སྙམ་སོ། དེ་ལ་སློབ་དཔོན་དབྱིག་གཉེན་སོགས་ཀྱིས་གོང་དུ་བཤད་པའི་སྐྱོན་ཙམ་མ་ཟད་རྡུལ་ཕྲན་ཆ་མེད་དེ་ཉིད་ཐོགས་མེད་དུ་ཐལ་བའི་སྐྱོན་དང་། དེ་ཉིད་ལ་ཕྱོགས་ཆ་སོ་སོར་གཏན་ནས་ཕྱེ་རྒྱུ་མེད་ན་ངོས་གཅིག་ལ་འོད་ཕོག་པའི་ཚེ་གཞན་དེར་གྲིབ་མ་བབ་མི་སྲིད་པ་སོགས་ཀྱི་སྒོ་ནས་ཀྱང་ཆ་བཅས་སུ་སྒྲུབ་བོ། དེ་མཚུངས་སུ་དབུ་མ་པའི་སློབ་དཔོན་འཕགས་པ་ལྷ་དང་12ཞི་འཚོ་ཡབ་སྲས་དང་13བཅས་པས་ཆ་མེད་ལ་དགག་གཞག་རྒྱ་ཆེར་མཛད་ཡོད། གོང་གསལ་དགག་སྒྲུབ་གྱི་བསམ་ཚུལ་དེ་ཚོ་ཡང་དེང་རབས་ཚ