ནང་བསྟན་མཚན་ཉིད་རིག་པའི་འདོད་ཚུལ་ལྟར་གྱི་འཇིག་རྟེན་ཁམས་ཀྱི་རྒྱུ་རྐྱེན་སྐོར། (སྔ་དུམ)

20085


རྩོམ་པ་པོ། སེར་བྱེས་ཐབས་མཁས་དང་གཡུང་དྲུང་དཀོན་མཆོག

དེ་ཡང་རིན་པོ་ཆེ་མཆོག་གིས (རྡུལ་སྙེད་འཇིག་རྟེན) མཚན་མོ་སྐར་ཚོགས་གྲངས་ལས་འདས་པ་ཁྲ་ལམ་མེར་གསལ་བའི་ནམ་མཁར་བལྟས་ཚེ། ཡིད་དབང་འཕྲོག་པའི་ཉམས་སྣང་རེ་མ་ཤར་མཁན་སུ་ཞིག་ཡོད། འཇིིག་རྟེན་ཁམས་འདིའི་རྒྱབ་ཏུ་ད་དུང་གཡོ་འགུལ་བྱེད་མཁན་གྱི་བློ་ཞིག་ཡོད་དམ་མེད་སྙམ་ནས་ཡ་མཚན་སྐྱེ་མ་མྱོང་མཁན་སུ་ཞིག་ཡོད།སྲོག་ལྡན་རྣམས་ཀྱི་རྟེན་གཞི་ང་ཚོའི་འཛམ་གླིང་འདི་ཁོ་ན་ཡིན་ནམ་ཞེས་པའི་དྲི་བ་འདི་བཀོད་མ་མྱོང་མཁན་སུ་ཞིག་ཡོད།1ཞེས་དང་། མཁས་དབང་སི་ཊི་པིན་ཧོ་ཀིང་གིས་མི་རིགས་འཕེལ་རྒྱས་ཀྱི་སྐྱ་རེངས་ཤར་བ་ནས་བཟུང་མི་རྣམས་ཀྱིས་བྱུང་རྐྱེན་རྣམས་འབྲེལ་བ་མེད་པ་དང་། འགྲེལ་བརྗོད་བྱེད་མི་ཐུབ་པ་ཙམ་ལ་ཆོག་ཤེས་བྱས་མེད། ཁོང་ཚོས་འཇིག་རྟེན་ཁམས་ཀྱི་འགྲོ་སྟངས་དང་སྒྲིག་གཞི་ཤེས་རྟོགས་བྱུང་བ་ལ་རྟག་ཏུ་འདོད་པ་བྱས་ཡོད།2 ཞེས་གསུངས་པ་ལྟར་འགྲོ་བ་མི་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་ཇི་ལྟར་བྱུང་བ་དང་། དུས་ནམ་ཞིག་ནས་བྱུང་བ། མཐར་ནམ་འཇིག་པ། རང་ཉིད་དང་འཇིག་རྟེན་འདིའི་དབར་ཡང་སྙིང་གི་འབྲེལ་བ་ཅི་ཞིག་ཡོད་པ་སོགས་ཀྱི་ལན་ཤེས་འདོད་ཀྱིས་བསམ་གཞིག་སྣ་ཚོགས་པ་ཞིག་བྱས་ཡོད། ནང་པ་སངས་རྒྱས་པའི་འཇིག་རྟེན་ལྟ་ཚུལ་དེ་ཡང་གཙོ་བོ་སངས་རྒྱས་ཀྱི་གསུང་རབ་ཁ་ཤས་ལ་གཞི་བཅོལ་བའི་ཐོག་ནས་ན་ལན་ཌའི་ཕུལ་དུ་བྱུང་བའི་མཁས་པ་ཚོས་སྐབས་དེར་ཡོད་པའི་རྒྱ་གར་གྱི་མུ་སྟེགས་པའི་ལྟ་གྲུབ་སྨྲ་བ་ཚོ་དང་ལྷན་དུ་རྩོད་གླེང་གཏིང་ཟབ་དང་ཐེངས་མང་བྱས་པ་ལས་བྱུང་བར་བརྟེན་ནང་པའི་ལྟ་ཚུལ་དེ་ཉིད་མཐུས་སྒོ་ཚང་བ་དང་ཞིབ་ཚགས་རང་བཞིན་ལྡན་པའི་ཕུལ་ཕྱིན་གྱི་འགྲེལ་བརྗོད་གཅིག་ཏུ་གྲུབ་པ་བྱུང་ཡོད། 

རྐྱེན་གསུམ་དང་། འཇིག་རྟེན་བཀོད་པ་པོ་མི་འདོད་པའི་རྒྱུ་མཚན།


དེ་ཡང་དེང་རབས་དངོས་ཁམས་ཚན་རིག་ནང་གཟུགས་ཅན་གྱི་དངོས་པོའི་གནས་ལུགས་འགྲེལ་བརྗོད་བྱེད་སྐབས་གཞི་རྩའི་ཤུགས་བཞི་བཤད་ཀྱི་ཡོད་པ་ལྟར། ནང་བསྟན་ཚན་ཉིད་རིག་པའི་ནང་དུའང་ཡུལ་དངོས་པོའི་གནས་ལུགས་འགྲེལ་བརྗོད་བྱེད་སྐབས་གཞི་རྩའི་ལྟ་གྲུབ་གསུམ་གསུང་ཚུལ་ཡོད། ༡) དངོས་པོ་ཐམས་ཅད་རྒྱུ་རྐྱེན་ལས་བྱུང་བ། ༢) འདུས་བྱས་ཐམས་ཅད་མི་རྟག་པ། ༣) ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་དང་གསུམ་ཡིན། དེ་དག་ལས་རྩ་དོན་དང་པོ་འཇིག་རྟེན་ཁམས་དེ་ཉིད་རྒྱུ་རྐྱེན་ལས་བྱུང་ཚུལ་སྐོར་གླེང་ན། སྐབས་འདིར་གཙོ་བོ་རྐྱེན་གསུམ་དང་།  ཕྱི་ནང་གི་རྒྱུ་གཉིས་ལས་ཇི་ལྟར་བྱུང་ཚུལ་དང་། ཞར་བྱུང་གི་ཚུལ་དུ་གཞན་འགའ་ཞིག་ཀྱང་བཤད་རྒྱུ་ཡིན། དེ་ཡང་དུས་རབས་བཞི་པའི་ནང་བྱུང་བའི་ན་ལན་ཌའི་སློབ་དཔོན་ཐོགས་མེད་ཀྱིས་རྟེན་འབྲེལ་གྱི་མདོ་སོགས་ལ་བརྟེན་ནས་སྣོད་བཅུད་ཀྱི་འཇིག་རྟེན་འདི་དག་ཐམས་ཅད་འགྲུབ་བྱེད་ཀྱི་རྐྱེན་གསུམ་གསུངས་་3ཡོད་པ་སྟེ། དེ་ཡང་གཡོ་བ་མེད་པའི་རྐྱེན། མི་རྟག་པའི་རྐྱེན།  ནུས་པའི་རྐྱེན་དང་གསུམ་མོ།

དེ་ལ་དང་པོ་གཡོ་བ་མེད་པའི་རྐྱེན་ལས་བྱུང་བའི་གོ་དོན་གཙོ་བོ་ནི། འཇིག་རྟེན་གྲུབ་བྱེད་ཀྱི་རྒྱུ་རྐྱང་པ་གཅིག་གམ་ཡང་ན་རྒྱུ་ངེས་པ་ཅན་གཅིག་ཁོ་ན་ལས་བྱུང་བ་མིན་ཞེས་པ་སྟེ། མདོར་ན་འཇིག་རྟེན་བཀོད་པ་པོས་བཟོས་པ་མིན་པར་སེམས་ལ་སོགས་པའི་ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་ལས་བྱུང་བ་ཞེས་པ་ཡིན་དེར་བརྟེན་སྔོན་ནས་ད་བར་རྒྱ་གར་གྱི་ལྟ་གྲུབ་སྨྲ་བ་གཞན་རྣམས་དང་ནང་པ་སངས་རྒྱས་པའི་དབར་མི་མཐུན་པའི་རྩོད་གཞི་ཆེ་ཤོས་གཅིག་ནི་སྣོད་བཅུད་ཀྱི་འཇིག་རྟེན་འདི་ཉིད་རྒྱུ་རྐྱང་པ་གཅིག་ལས་གྲུབ་པའམ་ཡང་ན་དབང་ཕྱུག་སོགས་ཀྱི་བཀོད་ནས་གྲུབ་པ་ཡིན་མིན་དེ་རེད། ནང་པ་མིན་པ་ཚོའི་འདོད་ཚུལ་ལ་རིགས་མི་འདྲ་བ་ཁ་ཤས་ཡོད་པ་ལས། ཁ་ཅིག་གིས་ནི་རྡུལ་ཕྲན་རྟག་པ་ལས་དང་། ཡང་རེ་འགས་སྤྱི་གཙོ་བོ་གཅིག་ལས་གྲུབ་པར་འདོད་པ་དང་། ཕལ་ཆེ་བས་རང་རང་གི་ལུགས་ཀྱི་སྟོན་པ་དེ་ཉིད་འཇིག་རྟེན་ཁམས་ཀྱི་བཀོོད་པ་པོར་འདོད་ཀྱི་ཡོད། དེ་ལ་འཇིག་རྟེན་བཀོད་པ་པོ་འདོད་པ་རྣམས་ཀྱི་སྒྲུབ་བྱེད་ནི། གལ་ཏེ་འཇིག་རྟེན་འདི་ལ་བྱེད་པ་པོ་ཞིག་མེད་ན་འདི་འདྲའི་གྲ་སྒྲིག་པོ་དང་གོ་རིམས་ལྡན་པ། ཧ་ཅང་གི་སྣ་ཚོགས་པའི་སྣོད་བཅུད་འདི་དག་གཏན་ནས་ཡོང་མི་སྲིད་དེ། 

དཔེར་ན་བཟོ་བ་པོ་མེད་ན་བཟོ་བཀོད་ལེགས་པའི་ཁང་བཟང་དང་། བཟོ་བསྐྲུན་པ་མེད་ན་ངོ་མཚར་བའི་གྲོག་མའི་ཚང་དང་བཟོ་བཀོད་ལེགས་པའི་སྡོམ་གྱི་དྲྭ་བ་སོགས་ཡོང་མི་སྲིད་པ་བཞིན་ཟེར་བ་རེད། ཡང་མུ་སྟེགས་པ་ཚད་མ་རིག་པ་བ་རྣམས་ཀྱིས་སྒྲུབ་བྱེད་ཀྱི་རིགས་པ་འདི་ལྟར་བཀོད་དེ། ཕྱི་ནང་གི་སྣོད་བཅུད་ཀུན་ཆོས་ཅན། བྱེད་པ་པོ་སྔོན་དུ་སོང་སྟེ། སྡོད་ཅིང་སྡོད་ཅིང་རིམས་གྱི་ལས་ལ་འཇུག་པའི་ཕྱིར། དཔེར་ན་ཤིང་བཟོ་བའི་སྟེའུ་བཞིན་ཞེས་པ་དང་། དབྱིབས་ཀྱི་ཁྱད་པར་དང་ལྡན་པའི་ཕྱིར། དཔེར་ན་རྫ་ཡི་བུམ་པ་བཞིན་ཞེས་པ་དང་། དོན་བྱེད་ནུས་པའི་ཕྱིར། དཔེར་ན་མལ་བསྟན་བཞིན་ཞེས་སོགས་རྒྱུ་མཚན་དུ་བཀོད་ཡོད་དོ།4 ནང་པའི་སློབ་དཔོན་རྣམས་ཀྱིས་བཀོད་པ་པོ་ལ་མཐའ་གཅིག་ཏུ་དགག་པ་གནང་གི་ཡོད་པས་དཔེ་མཚོན་འགའ་འགོད་ན། ནང་པའི་ཚད་མ་རིག་པ་དར་རྒྱས་མཛད་པ་པོ་སློབ་དཔོན་ཆོས་གྲགས་ (དུས་རབས་དྲུག་པ་ཙམ) ཀྱིས་རང་བྱུང་གི་བྱེད་པ་པོ་ཞིག་གིས་བློ་ཡི་གཡོ་བ་སྔོན་དུ་གཏང་ནས་བྱས་པར་འདོད་ན་དེ་འདྲའི་བྱེད་པ་པོ་ཉིད་རྒྱུ་རྐྱེན་གང་ལས་བྱུང་ཞེས་དྲིས་ན་ལན་འདེབས་མི་ནུས་པ་དང་། བྱེད་པ་པོ་དེ་ཉིད་རྒྱུ་རྐྱེན་གང་གིས་ཀྱང་མ་བྱས་པའི་རྟག་པ་དང་ལྟོས་མེད་མཐར་ཐུག་ཞིག་ཡིན་ན་དེས་འབྲས་བུ་གཞན་སྐྱེ་བའི་བྱ་བ་ཅུང་ཟད་ཀྱང་མི་ནུས་པར་འགྱུར་རོ་གསུངས།  དེའི་རྒྱུ་མཚན་ཡང་གལ་ཏེ་རྟག་པ་དང་ལྟོས་མེད་ལས་འབྲས་བུ་སྐྱེ་ན་ཚུལ་གཉིས་ལས་མ་འདས་ཏེ། ཡང་ན་དུས་གཏན་དུ་སྐྱེ་དགོས་པ་དང་། ཡང་ན་གཏན་ནས་མི་སྐྱེ་བའི་ཚུལ་གཉིས་གང་རུང་ལས་མི་འོས་པས་མི་འཐད་དོ་ཞེས་དགག་པ་མཛད་ཡོད། །

དེ་བཞིན་དུ་སློབ་དཔོན་ལེགས་ལྡན་( དུས་རབས་བདུན་པ་ཙམ) གྱིས། དབུ་མ་སྙིང་པོ་ལས། རེ་ཞིག་བདག་ནི་མ་སྐྱེས་ཕྱིར། དེ་ཡིས་བྱས་པར་མི་འདོད་དོ་ཞེས་དང་།5 དེའི་རང་འགྲེལ་རྟོག་གེ་འབར་བ་ལས། གལ་ཏེ་གཅིག་པུ་ཉིད་བྱེད་པ་པོ་ཉིད་ཀྱི་མཐུ་ཡོད་པར་གྱུར་ན་རྒྱུ་དང་རྐྱེན་མང་པོར་བརྟགས་པ་དག་གིས་ཅི་བྱ། ཞེས་སོགས་ཀྱིས་ཐམས་ཅད་ཀྱི་བྱེད་པ་པོ་གཅིག་མི་རིགས་ཏེ། དེ་ལྟར་ན་སྣོད་བཅུད་འདི་དག་རྒྱུ་གཅིག་ཁོ་ན་ལས་སྐྱེ་དགོས་པ་ལས་རྒྱུ་གཅིག་ཁོ་ན་ལས་སྐྱེས་པའི་དངོས་པོ་ཞིག་འཇིག་རྟེན་ལ་མི་སྲིད་པའི་ཕྱིར་དང་། གལ་ཏེ་སྲིད་ན་ད་ལྟའི་དངོས་པོ་རྣམས་སྐྱེད་བྱེད་ཀྱི་རྒྱུ་རྐྱེན་དུ་མ་འདུས་ནས་སྐྱེད་པའི་ཆོས་ཉིད་དང་འགལ་བའི་ཕྱིར་མི་འཐད་དོ་ཞེས་གསུངས།6

དེ་བཞིན་དུ་སློབ་དཔོན་མངོན་པའི་མངའ་བདག་དབྱིག་གཉེན་གྱིས་མངོན་པ་མཛོད་ལས། དབང་ཕྱུག་སོགས་མིན་རིམས་སོགས་ཕྱིར།7 ཞེས་པས་སྣོད་བཅུད་འདི་དག་དབང་ཕྱུག་རྟག་པ་ལས་སྐྱེ་བར་འདོད་པ་དང་། རྡུལ་ཕྲན་རྟག་པ་ལས་སྐྱེ་བར་འདོད་པ་དང་། གཙོ་བོ་རྟག་པ་གཅིག་ལས་སྐྱེ་བར་འདོད་པ་སོགས་ལ་དགག་པ་མཛད་དེ། དེ་ཡང་གལ་ཏེ་རྟག་པ་གཅིག་ལས་སྐྱེ་ན་ཁ་ཤས་འཇིག་ཟིན་པའི་རྗེས་སུ་ཁ་ཤས་སྐྱེ་བ་དེ་འདྲ་ཡོང་མི་སྲིད་པར་ཆ་ཚང་དང་པོ་ནས་མཉམ་དུ་སྐྱེ་དགོས་ཀྱང་སྣོད་བཅུད་ཀྱི་བྱུང་བ་རྣམས་རིམས་གྱི་གྲུབ་པ་དང་། ཡུལ་དུས་རེ་འགར་སྐྱེ་ཞིང་རེ་འགར་མི་སྐྱེ་བའི་རྒྱུ་མཚན་སོགས་ཀྱིས་ཐམས་ཅད་ཀྱི་བཀོད་པ་པོ་ཡོད་པ་ལ་དགག་བཞག་རྒྱ་ཆེར་མཛད་ཡོད་དོ། ཡང་ནང་པའི་ལྟ་ཚུལ་བྱས་ན་དཀོན་མཆོག་དེ་བྱམས་པ་དང་སྙིང་རྗེ་ཚད་མེད་ཀྱི་བདག་ཉིད་དུ་འདོད་པ་དང་། དཀའ་སྡུག་གང་མང་ཞིག་གི་འཇིག་རྟེན་གྱི་གནས་སྟངས་བསྐྲུན་པ་གཉིས་ཧ་ཅང་གི་ནང་འགལ་ཆེན་པོར་བརྩི་བཞིན་ཡོད། ཕྲན་རང་ཉིད་ཀྱི་བསམ་ན་གོང་གསལ་མངོན་པ་མཛོད་ཀྱི་རིགས་པ་དེེ་དག་ནི་ས་གཤིས་རིག་པ་བ་ཚོས་འཛམ་གླིང་གི་སའི་ཆགས་རིམས་དེ་ཚོ་དུས་ཡུན་རིང་པོའི་ནང་རིམ་གྱི་བྱུང་བར་སྨྲ་བ་དང་། དེ་བཞིན་སྐྱེ་དངོས་འཕེལ་འགྱུར་རིག་པའི་སྲོལ་གཏོད་པ་པོ་ཌར་ཝིན་གྱིས་སྐྱེ་དངོས་རྣམས་དུས་ཡུན་རིང་པོའི་འཕེལ་འགྱུར་ཁྲོད་ནས་བྱུང་བ་དང་། སེམས་ཅན་གྱི་ཉེ་རིགས་མང་པོ་ཞིག་རྩ་སྟོང་དུ་ཕྱིན་ཟིན་པ་དང་། ཡང་ཉེ་རིགས་མང་པོ་ཞིག་གསར་དུ་འབྱུང་བཞིན་ཡོད་པ་བཤད་པ་དེ་དང་དེ་འདྲ་བའི་རིགས་ལམ་དང་མཐུན་པའི་ཆ་ཧ་ཅང་གི་མང་པོ་ཞིག་འདུག་སྙམ། །

གཉིས་པ། མི་རྟག་པའི་རྐྱེན་གྱི་གོ་དོན་ནི། བྱ་བ་དང་བྱེད་པ་གང་ཞིག་ཡིན་ཡང་སྐད་ཅིག་གཅིག་ལ་འགྱུར་བ་འགྲོ་དགོས་པར་བརྟེན་རྒྱུ་རྐྱེན་གང་ཞིག་ཡིན་རུང་སྐད་ཅིག་གི་འགྱུར་བའི་རང་བཞིན་གཅིག་ངེས་པར་དུ་དགོས་ཞེས་པ་ཡིན། རྒྱུ་མཚན་ནི་རང་ཉིད་འགྱུར་བ་འགྲོ་རུང་གི་ངོ་བོར་མ་གྲུབ་ན་དེ་ལས་གཞན་ཞིག་འབྱུང་ཐབས་མེད་པས་སོ། ། སྐབས་འདིར་དངོས་ཁམས་ཚན་རིག་པ་ཚོས་ཕོ་རྡུལ་གས་གྱུར་འགྲོ་བ་མི་སྲིད་པ་དང་ཡོད་ཀྱང་དུས་ཡུན་ཧ་ཅང་རིང་བས་སྐད་ཅིག་མ་ཡིན་མིན་གྱི་དོགས་པ་མཛད་པ་ནི་རྒྱུ་མཚན་ལྡན་པའི་དཔྱད་པ་རེད། གང་ཡིན་ཟེར་ན་ཕོ་རྡུལ་འགའ་ཞིག་གས་ཐོར་ཆེན་པའི་རྗེས་ཀྱི་སྐར་ཆ་ཁ་ཤས་ནས་ད་བར་འགྱུར་བ་གང་ཡང་ཕྱིན་མེད་པས་སྐད་ཅིག་གི་འགྱུར་བ་འགྲོ་བ་ཡིན་མིན་བསམ་པར་བྱ་དགོས་སོ།། 

གསུམ་པ། ནུས་པའི་རྐྱེན་ལས་བྱུང་ཞེས་པའི་གོ་དོན་ནི། རྒྱུ་རྐྱེན་ནུས་པ་དང་ལྡན་པ་ཞིག་ལས་སྐྱེ་དགོས་ཞེས་པ་སྟེ། དེ་ཡང་རྡོ་དང་ལྕགས་སོགས་ལས་མྱུ་གུ་སྔོན་པོ་མི་འབྱུང་བ་ནི་ནུས་པ་མེད་པས་ཡིན་ལ་དེ་ལྟར་ནུས་པ་མེད་པའི་རྒྱུ་མཚན་ཡང་རང་དང་རིགས་མཐུན་པའི་རྒྱུ་ཁོ་ན་ལ་ཉེར་ལེན་བྱེད་པའི་ནུས་པ་ཡོད་ཀྱི་གཞན་རང་དང་རིགས་མི་མཐུན་པར་ཉེར་ལེན་བྱེད་པའི་ནུས་པ་མེད་ཅེས་པའོ། རྐྱེན་གསུམ་པ་འདི་ནི་ནང་པ་སངས་རྒྱས་པའི་ཚད་མ་རིགས་པའི་ནང་ཧ་ཅང་གི་གལ་འགངས་ཆེན་པོར་བརྩི་བའི་རིགས་པ་ཞིག་ཡིན། དེའི་རྒྱུ་མཚན་ཡང་སྐྱེ་བ་སྔ་ཕྱི་ཡོད་པ་དང་ཐར་པ་ཐོབ་རྒྱུ་ཡོད་སོགས་སྒྲུབ་བྱེད་ཀྱི་རིགས་པ་གལ་ཆེ་ཤོས་ཤིག་ནི་ནང་ཤེས་པར་རྟེན་པའི་ཡོན་ཏན་དེ་དག་མཐའ་མེད་དུ་གོང་ནས་གོང་དུ་འཕེལ་རྒྱུ་ཡོད་ལ་བེམ་པོ་ལ་རྟེན་པ་ཚོ་དེ་ལྟ་བུ་གོང་དུ་འཕེལ་རྒྱུ་མེད། ཡང་རྣམ་པར་ཤེས་པ་དེ་ཐོག་མ་མེད་པ་ནས་རྒྱུན་མི་ཆད་པར་གསལ་ཞིང་རིག་པའི་ངོ་བོར་འོང་ཞིང་མ་འོངས་པར་ཡང་བར་མ་ཆད་དུ་འགྲོ་དགོས་པ་དེ་ཡིན། དེའི་རྒྱུ་མཚན་ཡང་སློབ་དཔོན་ཆོས་གྲགས་ཀྱིས་། རྣམ་ཤེས་མིན་པའི་རྣམ་ཤེས་ཀྱིས། ཉེར་ལེན་མིན་པའི་ཕྱིར་ཡང་གྲུབ།8  ཞེས་སོགས་ཀྱི་སྐབས་སུ་རྣམ་ཤེས་མིན་པ་སྟེ་བེམ་པོ་སོགས་ནི་རྣམ་ཤེས་དང་གཏན་ནས་རིགས་མི་མཐུན་པའི་རྒྱུ་མཚན་གྱིས་རྣམ་ཤེས་ཀྱི་ཉེར་ལེན་མི་བྱེད་པར་སྒྲུབ་པ་ཡིན། དེའི་ཕྱིར་བྱིས་པ་སྐྱེས་མ་ཐག་པའི་རྣམ་ཤེས་ཀྱང་རང་དང་རིགས་མཐུན་པའི་ཉེར་ལེན་རྣམ་ཤེས་སྔ་མ་སྔོན་དུ་འགྲོ་དགོས་པའི་རྒྱུ་མཚན་གྱིས་སྐྱེ་བ་སྔ་མ་ཡོད་པ་དང་། རྒན་པོ་འཆི་ཁ་མའི་རྣམ་ཤེས་དེ་ཡང་རིགས་འདྲ་ཕྱི་མ་མུ་མཐུད་འགྲོ་བའི་རྒྱུ་མཚན་གྱིས་སྐྱེ་བ་ཕྱི་མ་ཡོད་པར་སྒྲུབ་ཀྱི་ཡོད། ། དངོས་པོ་རྣམས་ཀྱི་ཉེར་ལེན་ལ་རིགས་མཐུན་དགོས་ཞེས་པ་དེར་དེང་རབས་ཚན་རིག་ལྟར་ན་དྲི་བ་ཞིག་ཡོད་པ་ནི་ཚན་རིག་ནང་གཟུགས་ཅན་གྱི་དངོས་པོ་ཀུན་ཕན་ཚུན་ཉེར་ལེན་བྱེད་རུང་བ་ལྟ་བུ་ཡིན་ཏེ། དཔེར་ན་ཡང་རླུང་གི་རྫས་དེ་གསེར་དང་རི་ར་བ་ལ་སོགས་པའི་བེམ་པོ་ཀུན་གྱི་གཞི་རྒྱུ་བྱེད་རུང་བ་ཡིན་པས་རིགས་མཐུན་ལས་བྱུང་བ་རེད་དམ། གལ་ཏེ་དེ་ཙམ་གྱི་མི་འཇོག་ན་རིགས་མཐུན་གྱི་གོ་དོན་གང་འདྲ་ཞིག་ལ་འཇོག་དགོས་མིན་དཔྱད་དགོས་པ་ཞིག་ཡིན་ནོ།  

རྒྱུ་གཉིས་ལས་ནང་གི་རྒྱུ་ནི་སྤྱི་མཐུན་གྱི་ལས་དང་སྨོན་ལམ་སོགས་ཡིན།

གཉིས་པ་འཇིག་རྟེན་གྱི་ཁམས་དེ་རྣམས་རྒྱུ་གཉིས་ཀྱིས་ཇི་ལྟར་སྐྱེད་པར་བྱེད་ཅེ་ན། འཇིག་རྟེན་རྒྱུ་ཡི་གཙོ་བོ་གཉིས་ཡོད་དེ། ནང་གི་རྒྱུ་དང་ཕྱིའི་རྒྱུ་གཉིས། དེ་ཡང་ནང་གི་རྒྱུ་སྟེ་ལས་དང་སྨོན་ལམ་སོགས་དང་། ཕྱིའི་རྒྱུ་རྐྱེན་ཏེ་ཉེར་ལེན་གྱི་འབྱུང་བ་རྩམས་པ་ལས་གྲུབ་པ་དེ་ཡིན།(མདོ་སྡེ་སངས་རྒྱས་ཕལ་པོ་ཆེ་ལས་རྒྱུ་བཅུ་སོགས་ཀྱི་བཤད་ཚུལ་ཡོད་ཀྱང་)9མདོར་བསྡུ་ན་གོང་གསལ་གྱི་ཕྱི་ནང་གི་རྒྱུ་དེ་གཉིས་ཀྱི་ནང་དུ་འདུ་བ་ཡིན།

སྐབས་འདིར་ཐོག་མར་ངེས་དགོས་པ་ཞིག་ལ་ནང་པ་སངས་རྒྱས་པས་འཇིག་རྟེན་ཁམས་ཀྱི་རྣམ་གཞག་བཤད་སྐབས་དེང་རབས་ཀྱི་ཚན་རིག་པ་ཕལ་ཆེ་བའི་འདོད་པའི་གས་ཐོར་ཆེན་པོའི་རྣམ་གཞག་དང་མི་འདྲ་བར་འཇིག་རྟེན་ཁམས་གྲངས་ལས་འདས་པ་ཡོད་པའི་རྣམ་གཞག་དེ་གཞི་རྩར་བཞག་ནས་བཤད་ཀྱི་ཡོད་པ་དང་། དེ་ཡང་སྤྱི་ཡོངས་ནས་འཇིག་རྟེན་ཁམས་ལ་ཐོག་མཐའ་མེད་ཀྱང། འཇིག་རྟེན་གྱི་ཁམས་བྱེ་བྲག་པ་རེ་རེ་ལ་ཐོག་མཐ་ཡོད་དེ། དང་པོ་ཆགས་པ། བར་དུ་གནས་པ། མཐར་འཇིག་པ། དེ་ནས་སླར་ཡང་འཇིག་རྟེན་ཕྱི་མ་ཞིག་མ་ཆགས་བར་དུ་སྟོང་པའི་གནས་བབས་བཅས་བཞི་རེ་འཁོར་རེས་བྱེད་བཞིན་ཡོད་པའི་ཚུལ་དེ་ཚོ་མ་བརྗེད་པ་བྱེད་དགོས་པ་མ་ཟད་གཤམ་དུ་དེ་དག་རེ་རེར་དུས་ཡུན་ཇི་ཙམ་དགོས་མིན་སོགས་རྒྱས་ཙམ་གླེང་རྒྱུ་ཡིན། གྲངས་མེད་པའི་འཇིིག་རྟེན་གྱི་ཁམས་དེ་དག་ཀུན་རིགས་གཉིས་སུ་འདུས་ཏེ། ཡང་དག་པའི་འཇིག་རྟེན་གྱི་ཁམས་དང་། མ་དག་པའི་འཇིག་རྟེན་གྱི་ཁམས་གཉིས་སུ་འདུས་ཡོད། དེ་ལ་དག་ཞིང་ངམ་ཡང་དག་པའི་འཇིག་རྟེན་གྱི་ཁམས་ནི་ཀླུའི་མཐུ་ལས་ནམ་མཁའ་ལ་སྤྲིན་ཆགས་པ་ལྟར་སངས་རྒྱས་ཀྱིས་སྔོན་བྱང་སེམས་ཀྱི་སྐབས་སུ་སྨོན་ལམ་བཏབ་པ་དང་ཚོགས་གཉིས་བསགས་པ་ལས་བྱུང་སྟེ། མདོ་སྡེ་ཕལ་པོ་ཆེ་ལས། ཀླུ་ཡི་རྒྱལ་པོས་སྤྲིན་ཕུང་རྣམས། ནམ་མཁའི་དབྱིངས་སུ་སྟོན་པ་ལྟར། དེ་བཞིན་སངས་རྒྱས་སྨོན་ལམ་གྱིས། ཞིང་རྣམས་ཀུན་ཏུ་འབྱུང་བ་ཡིན10ཞེས་གསུངས་སོ།

གཉིས་པ། མ་དག་པའི་ཞིང་ངམ་མ་དག་པའི་འཇིག་རྟེན་གྱི་ཁམས་སྣ་ཚོགས་པ་ནི། ས་བོན་འདྲ་མིན་ལས་འབྲས་བུ་སྣ་ཚོགས་པ་འབྱུང་བ་བཞིན་སེམས་ཅན་སྤྱི་མཐུན་གྱི་ལས་སྣ་ཚོགས་པ་ལས་སྣ་ཚོགས་པའི་འཇིག་རྟེན་དེ་རྣམས་བྱུང་བ་ཡིན་ཏེ། མདོ་སྡེ་ཕལ་པོ་ཆེ་ལས། ཇི་ལྟར་ས་བོན་ཁྱད་པར་གྱིས། འབྲུ་རྣམས་སྣ་ཚོགས་སྨིན་པ་ལྟར། དེ་བཞིན་ལས་ཀྱི་ཁྱད་པར་གྱིས། སེམས་ཅན་རྣམས་དང་ཞིང་འབྱུང་ངོ། ཞེས་གསུངས།11 དེ་དག་གི་རྒྱུ་མཚན་ཡང་ནང་པའི་ཆོས་ཀྱི་གཞི་རྩའི་སྒྲོམ་གཞི་ནི་བདེན་པ་བཞིའི་སྒོ་ནས་འགྲེལ་བར་བྱེད་ལ། དེས་ན་འཇིག་རྟེན་གྱི་ཁམས་སྟེ་སྣོད་དང་། དེའི་ནང་གནས་པའི་སེམས་ལྡན་ཏེ་བཅུད་ཀྱི་སེམས་ཅན་གཉིས་ནི་བདེན་པ་བཞི་ལས་བདེན་པ་དང་པོ་སྟེ་སྡུག་བསྔལ་བདེན་པའི་ཁོངས་སུ་གཏོགས་ལ།སྡུག་བསྔལ་བདེན་པ་མཐའ་དག་རང་གི་རྒྱུ་ལས་དང་ཉོན་མོངས་པ་གཉིས་ཏེ་བདེན་པ་གཉིས་པ་ཀུན་འབྱུང་བདེན་པ་ལས་བྱུང་དགོས་པའི་རྒྱུ་མཚན་གྱིས་ཡིན་ནོ། ནང་ཆོས་ནང་ལས་ཀྱི་སྐོར་ཧ་ཅང་གི་རྒྱ་ཆེ་ལ་གཏིང་ཟབ་པོ་དང་མགོ་བརྙོགས་པོ་ཡོད། དེར་བརྟེན་མངོན་པ་གོང་འོག་གཉིས་སུ་ལས་འབྲས་ཀྱི་རྣམ་གཞག་བཤད་སྐབས་རྒྱ་ཆེན་པོ་དང་རྣམ་གྲངས་མང་པོས་གསུངས་ཀྱི་ཡོད།

དཔེར་ན་མངོན་པ་མཛོད་གནས་བཞི་པ་ནི་གཙོ་བོ་ལས་ཀྱི་སྐོར་དང་དེ་བཞིན་མདོ་ལས་གསུངས་པའི་ལས་ཀྱི་རྣམས་གྲངས་ལ་སྡེ་ཚན་ཆེན་པོ་བཅོ་ལྔ་རུ་ཕྱེ་ནས་རྒྱས་པར་བཤད་ཡོད་པ་ལྟ་བུ་རེད། སེམས་ཅན་སྤྱི་མཐུན་གྱི་ལས་ཞེས་པ་ཐུན་མོང་གི་ལས་ལ་གོ་དགོས། དེ་ཡང་ཆེ་ས་སྣོད་ཀྱི་འཇིག་རྟེན་ཧྲིལ་པོ་ནས། ཆུང་ས་རྡུལ་རིགས་དང་རྩི་ཤིང་དང་མེ་ཏོག་སྣ་ཚོགས་པ་དེ་དག་ཀྱང་གང་ལ་ལོངས་སྤྱོད་བཞིན་པའི་སེམས་ཅན་དེ་དག་གི་ཐུན་མོང་གི་ལས་ལས་གྲུབ་པ་ཡིན། སེམས་ཅན་རྣམས་ཀྱིས་ལས་མི་འདྲ་བ་སྣ་ཚོགས་པ་བསགས་དང་གསོག་བཞིན་པ་དེས་འཇིག་རྟེན་གྱི་ཁམས་གྲངས་མེད་པ་དང་སྣ་ཚོགས་པ་གྲུབ་པར་བྱས་ཡོད། 

རྒྱུ་གཉིས་ལས་ཕྱིའི་རྒྱུ་ནི་ཉེར་ལེན་འབྱུང་བ་རྩམས་པ་ལས་གྲུབ་པ་ཡིན།

འཇིག་རྟེན་གྲུབ་བྱེད་ཀྱི་རྒྱུ་ལ་གཉིས་ཡོད་པར་གསུངས་པས། གཉིས་པ་ཕྱི་རོལ་གྱི་རྒྱུ་ནི་ཉེར་ལེན་གྱི་རྒྱུ་སྟེ་འབྱུང་བ་ཆེན་པོ་དག་ཡིན། སྤྱིར་བཏང་ནང་པའི་གཞུང་ལུགས་ནང་སྣོད་བཅུད་ཆགས་འཇིག་གླེང་སྐབས་གཙོ་ཆེ་བ་གཞུང་ལུགས་མི་འདྲ་བ་གཉིས་ལ་ཁུངས་བཏུགས་ནས་བཤད་ཀྱི་ཡོད། འོན་ཀྱང་དེ་གཉིས་དབར་འཇིག་རྟེན་གྲུབ་བྱེད་ཀྱི་ནང་གི་བཤད་སྐབས་མི་མཐུན་པ་མེད། མ་ཟད་དེ་གཉིས་ཀས་ཀྱང་ད་ལྟའི་མི་མཇེད་འཇིག་རྟེན་གྱི་ཁམས་འདི་མ་ཆགས་པའི་སྔ་རོལ་དུ་ཐོགས་བཅས་དང་མཐོང་ཐོས་ཀྱི་ཡུལ་གྱི་ཆོས་གང་ཡང་མེད་པར་སྟོང་པ་སྟོང་སངས་ཀྱི་བར་སྣང་ཁོ་ན་གནས་པར་འདོད་ཀྱི་ཡོད་པ་གཅིག་པ་ཡིན། དེ་གཉིས་དབར་མི་མཐུན་ས་དེ་ནི་ད་ཡོད་ཀྱི་བེམ་གཟུགས་ཀུན་ཇི་ལྟར་རྩོམ་བྱེད་ཀྱི་གཞི་རྩའི་འབྱུང་བའི་སྐོར་ཡིན། 

མངོན་པའི་ལུགས་ཀྱི་བེམ་གཟུགས་རྩོམ་ཚུལ།

ཐོག་མར་མངོན་པ་གོང་འོག་གི་ལུགས་མདོར་ཙམ་བཤད་པ་ལ། དེ་ཡང་མངོན་པ་འོག་མ་མཛོད་ལས་བེམ་གཟུགས་རྩོམ་ཚུལ་བཤད་སྐབས་ཚད་འཇལ་གྱི་རིམ་པ་གསུམ་བཤད་དེ། མིང་སོགས་ཀྱི་རྩོམ་བྱེད་མཐར་ཐུག་ཡི་གེ་དང་། གཟུགས་ཀྱི་རྩོམ་བྱེད་མཐར་ཐུག་རྡུལ་ཕྲན་ཆ་མེད། དུས་ཀྱི་རྩོམ་བྱེད་མཐར་ཐུག་སྐད་ཅིག་ཆ་མེད་གསུམ་ཡིན།  དང་པོ་ནི། ཡི་གེ་དུ་མ་འདུས་པ་ལས་མིང་གྲུབ་ལ། མིང་དུ་མ་སྤུངས་པ་ལས་ཚིག། ཚིག་དུ་མ་སྤུངས་པ་ལས་མཐར་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་སོགས་གྲུབ་པ་ཡིན་པས་དེ་དག་གི་རྩོམ་བྱེད་མཐར་ཐུག་ལ་ཡི་གེ་གཞག་པ་རེད། 

གཉིས་པ། གཟུགས་ཀྱི་རྩོམ་བྱེད་མཐར་ཐུག་ནི་རྡུལ་ཕྲ་རབ་ཡིན་ལ་དེ་ལས་རྡུལ་ཕྲན་སོགས་རིམ་བཞིན་རྩམས་ནས་མཐར་ང་ཚོའི་དབང་པོས་ཚོར་ཐུབ་པའི་གཟུགས་ཅན་རགས་པ་ཐ་དག་བྱུང་བ་ཡིན། གཟུགས་ཅན་བསགས་ཚུལ་འགྲེལ་བརྗོད་བྱེད་སྐབས་ས་ཆུ་མེ་རླུང་བཞི་སྟེ་འབྱུང་བའི་རྫས་རྡུལ་ཕྲ་རབ་བཞི་དང་། གཟུགས་དྲི་རོ་རེག་བྱའི་རྫས་རྡུལ་བཞི་སྟེ་དེ་དག་རྩམ་པ་ལས་གཟུགས་ཅན་རྣམས་གྲུབ་ཀྱི་ཡོད་པའི་འདོད་ཚུལ་ཐོག་ནང་པའི་གྲུབ་མཐའ་སྨྲ་བ་མང་པོ་ཞིག་མཐུན་མོང་གི་འདོད་པ་ཡིན་མོད་འོན་ཀྱང་མངོན་པ་མཛོད་རྗེས་འབྲངས་དང་བཅས་པའི་མཐུན་མོང་མ་ཡིན་པའི་བཤད་པ་ནི།  རྡུལ་ཕྲན་ཆ་མེད་དང་སྐད་ཅིག་ཆ་མེད་སོགས་ཀྱི་འདོད་ཚུལ་དེ་ཚོ་ཡིན། ཡང་རྡུལ་ཕྲ་རབ་ལ་རྫས་རྡུལ་ཕྲ་རབ་དང་བསགས་རྡུལ་ཕྲ་རབ་གཉིས་ཡོད་ཅིང་། དང་པོ་ནི་གཟུགས་ཀྱི་ཆུང་མཐའ་དང་། གཉིས་པ་ནི་འདུས་པའི་གཟུགས་ཀྱི་ཆུང་མཐའ་ཡིན་ནོ། ཡང་རྫས་རྡུལ་ཕྲ་རབ་ནི་གཟུགས་ཅན་གཞན་གྱི་ཆ་ཤས་སུ་གནས་ཤིང་གཟུགས་ཅན་གཞན་གྱི་གཞོམ་པར་མི་ནུས་པ་དང་། བློས་ཀྱང་ཆ་ཤས་སོ་སོར་འབྱེད་མི་ནུས་པའི་གཟུགས་ཀྱི་ཆུང་བའི་མཐར་ཐུག་པ་དེ་འདྲ་ཞིག་ལ་ཟེར་བ་ཡིན། དེ་ལ་རང་གི་བདག་ཉིད་དུ་གྱུར་པའི་ཆ་ཤས་ཕྱེ་རྒྱུ་མེད་པ་མ་ཟད་ཕྱོགས་ཀྱི་ཆ་ཡང་འབྱེད་རྒྱུ་མེད་པས་དེ་ནི་ཆ་མེད་མཐར་ཐུག་ཡིན་ནོ་ཟེར་རོ།

དེས་ན་ང་ཚོའི་ཉེ་འགྲམ་གྱི་བེམ་གཟུགས་གང་ཞིག་གྲུབ་པ་ན་ངེས་པར་དུ་ས་ཆུ་མེ་རླུང་བཞི་སྟེ་འབྱུང་བའི་རྫས་རྡུལ་ཕྲ་རབ་བཞི་དང་། གཟུགས་དྲི་རོ་རེག་བྱའི་རྫས་རྡུལ་བཞི་སྟེ་འབྱུང་འགྱུར་གྱི་རྡུལ་ཕྲ་རབ་བཞི་བཅས་རྡུལ་རྫས་བརྒྱད་ལྷན་གཅིག་ཏུ་འདུས་ནས་སྐྱེ་དགོས་པར་བཤད་ཀྱི་ཡོད། རྫས་བརྒྱད་ཚང་ནས་རྩོམ་ཚུལ་ལ་བྱེ་བྲག་སྨྲ་བས་བསགས་རྡུལ་ཕྲ་རབ་གཅིག་གི་ནང་དུའང་རྡུལ་རྫས་བརྒྱད་ཀ་ཚང་དགོས་པས་དེའི་ནང་ས་ཆུ་སོགས་ཀྱི་བྱ་བ་ཡོད་པ་ཙམ་མ་ཟད་ས་ཆུ་སོགས་ཀྱི་རྫས་མཚན་ཉིད་པ་རེ་རེ་ཡོད་པར་འདོད་ཀྱི་ཡོད། འོན་ཀྱང་མདོ་སྡེ་པ་ཡན་ཆད་ཀྱིས་བེམ་པོ་རྣམས་རྡུལ་རྫས་བརྒྱད་འདུས་སུ་བཤད་པ་དེ་གཙོ་བོ་ནུས་པའམ་ས་བོན་གྱི་སྟེང་ནས་བཤད་པ་མ་གཏོགས་ས་ཆུ་མཚན་ཉིད་པ་རེ་རེའི་རྫས་ཡོད་མི་དགོས་པར་འདོད། མདོ་སྡེ་པ་ལྟར་ན་མེ་སོགས་ཀྱི་ཁམས་དང་བཅས་ན་མེའི་རྡུལ་རྫས་དང་བཅས་མི་དགོས་པ་སོགས་བཞེད་དོ། ( མདོ་སྡེ་པ་དང་། བྱེ་བྲག་སྨྲ་བ་གཉིས་ནི་ནང་པའི་ལྟ་གྲུབ་མཐའ་སྨྲ་བ་མི་འདྲ་བ་བཞི་ཡོད་པ་ལས་མངོན་པ་འོག་མའི་རྗེས་འབྲངས་རིགས་གཉིས་ཡོད་པ་དེ་གཉིས་ལ་ཟེར་བ་ཡིན) སྐབས་འདིར་འབྱུང་བ་བཞི་པོ་དེའི་ངོ་བོ་དང་བྱེད་ལས་རེའུ་མིག་ཏུ་བཀོད་ན།

མིང་།ངོ་བོ།བྱེད་ལས།
འབྱུང་བ་ས།སྲ་བ།བརྟེན་པར་བྱེད་པ།
འབྱུང་བ་ཆུ།གཤེར་བ།སྡུད་པར་བྱེད་པ།
འབྱུང་བ་མེ།ཚ་བ།སྨིན་པར་བྱེད་པ།
འབྱུང་བ་རླུང་།ཡང་ཞིང་གཡོ་བ།འཕེལ་བར་བྱེད་པ།

མངོན་པ་གོང་མ་བ་སློབ་དཔོན་ཐོག་མེད་སོགས་ཀྱིས་སྤྱིར་དེ་ལྟ་བུ་རྫས་བརྒྱད་འདོད་ཀྱང་གཟུགས་ཅན་ཞིག་གྲུབ་པ་ལ་ངེས་པར་ཐམས་ཅད་ཚང་མི་དགོས་པར་བཞེད་དེ་དཔེར་ན་འོད་ལྟ་བུ་ལ་གཟུགས་ཁོ་ན་ལྡན་པར་གསུངས་པའི་ཕྱིར། འོན་ཀྱང་འོད་ལ་འབྱུང་བ་བཞི་ཀའི་བྱེད་ལས་དང་ལྡན་པར་བཞེད་དེ། དེ་ལ་སའི་བྱེད་ལས་ཡོད་པས་ལྡོག་འཕྲོ་བྱེད། ཆུའི་བྱེད་ལས་ཡོད་པས་མཉམ་དུ་འདུས་པར་བྱེད། མེའི་བྱེད་ལས་ཡོད་པས་དྲོད་སྐྱེད་པར་བྱེད། རླུང་གི་བྱེད་ལས་ཡོད་པས་གཡོ་འགུལ་བྱེད་དོ། །



0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།