ནང་པའི་སྟོན་པའི་རྣམ་ཐར་ཀློག་དུས་གོ་བ་ལེན་སྟངས་ཤེས་དགོས།

15628

 
རྩོམ་པ་པོ།   ར་སེ་དཀོན་རྒྱམ།

 

      སྟོན་པ་ཤཱཀྱ་ཐུབ་པའི་རྣམ་ཐར་ནི། སོ་སྐྱེ་དང་ཉན་ཐོས། བྱང་སེམས་སོགས་ཐེག་པ་མི་འདྲ་བའམ། ནང་བསྟན་གདོད་མའི་དུས། ཉན་ཐོས་སྡེ་བའི་དུས། ཐེག་ཆེན་གྱི་དུས་བཅས་དུས་རབས་མི་འདྲ་བའི་དབང་གིས་གཞི་རྒྱ་ཧ་ཅང་ཆེ་བས་འདིར་དཔེར་མཚོན་ཅིག་འགོད་ནས་ཀློག་དུས་གོ་བ་མ་ནོར་བར་ལེན་ཐུབ་པར་རམ་འདེགས་བྱ་བར་འདོད། རྣམ་ཐར་ཀློག་དུས་དེ་ཉིད་རྩོམ་པ་པོས་ཀློག་པ་པོ་གང་འདྲ་ལ་ཕྱོགས་ནས་བྲིས་པ་ཡིན་མིན་ཧ་གོ་དགོས། དེ་ནི་རྣམ་ཐར་བ་འགལ་འདུ་མི་འབྱུང་ཞིང་། རྩོམ་རིག་སྒྱུ་རྩལ་གྱི་ཆ་དང་། ལོ་རྒྱུས་ཀྱི་ཆ་སོ་སོར་མ་འདྲེས་པར་རྟོགས་ནས་ངང་པས་ཆུ་ལས་འོ་མ་ལེན་པ་ལྟར་འོང་ཐུབ་པ་ཡིན་ལ།དེ་ནི་རྣམ་ཐར་ཀློག་པའི་དགོས་པའམ་དམིགས་ཡུལ་དངོས་ཀྱང་ཡིན་པས་སོ། ། 

        འདིར་དཔེར་མཚོན་ནི་སྟོན་པ་ཁྱིམ་ན་བཞུགས་དུས་བཙུན་མོ་བསུས་པའི་གྲངས་ཚད་ཀྱི་ཐད་ནས་གཟིགས་ན། ཐེག་པ་ཆེན་པོའི་མདོ་རྒྱ་ཆེན་རོལ་བ་བམ་པོ་བདུན་པ་ལས། དེ་ན་བྱང་ཆུབ་སེམས་དཔས་འཇིག་རྟེན་དང་མཐུན་པ་ཙམ་དུ་བྱ་བའི་ཕྱིར་བུད་མེད་བརྒྱད་ཁྲི་བཞི་སྟོང་གི་ནང་དུ་འདུག་སྟེ། དགའ་ཞིང་རྩལ་ཡོངས་སུ་སྦྱོང་བ་སྤྱོད་པ་སྟོན་ཏོ།།བུད་མེད་བརྒྱད་ཁྲི་བཞི་སྟོང་དེ་དག་ཐམས་ཅད་ཀྱི་ནང་ན་ཤཱཀྱའི་བུ་མོ་ས་འཚོ་མ་བཙུན་མོའི་མཆོག་ཏུ་དབང་བསྐུར་བར་གྱུར་ཏོ།།ཞེས་འཁོད་ཡོད་པ་ཡིན་ནོ།། 

         འདུལ་བ་ལུང་དུ་བཞུགས་པའི་སྟོན་པའི་རྣམ་ཐར་ལས། གྲགས་འཛིན་མ་འཁོར་ཉི་ཁྲི་དང་ས་འཚོ་མ་འཁོར་ཉི་ཁྲི་བཅས་བཞེས་ཤིང་། རི་དྭགས་སྐྱེས་མ་བཞེས་པའི་སྐབས་སུ། རི་དྭགས་སྐྱེས་འཁོར་ཉི་ཁྲི་དང་བཅས་པ་བྱང་ཚུབ་སེམས་དཔའི་བཙུན་མོར་བླངས་ཏེ། མདོར་ན་བཙུན་མོའི་མཆོག་གསུམ་ལ་འཁོར་ཉི་ཁྲི་ཉི་ཁྲི་སྟེ་བཙུན་མོ་དྲུག་ཁྲིའོ།།ཞེས་འཁོད་ཡོད་པ་འདི་ཏ་ར་ན་ཐཱས་མཛད་པའི་སྟོན་པའི་རྣམ་ཐར་ན་གསལ་པོར་འཁོད་ཡོད་དོ།། 

        སྟོན་པའི་སྐྱེས་རབས་དཔག་བསམ་འཁྲི་ཤིང་ལས། དེ་ནས་བཙུན་མོའི་ཡོན་ཏན་མཚུངས།།གྲགས་འཛིན་མ་ནི་རྒྱལ་སྲས་ཀྱི།།དག་པའི་ཁྲིམས་བཞིན་འཇིག་རྟེན་ན།།གྲགས་པས་མཐོ་བ་བླངས་བར་གྱུར།།ཞེས་དང་། དེ་ནས་བཙུན་མོ་སྟོང་ཕྲག་ནི།།དྲུག་གིས་གང་བའི་ཕོ་བྲང་དུ།།རྒྱལ་པོའི་སྲས་ཀྱི་ཞི་བ་ནི།།དགྱེས་པའི་རྣམ་པར་བསམས་ཤིང་བཞུགས།།ཞེས་འཁོད་འདུག་པས་གྲངས་མི་འདྲ་བ་གསལ་ཡོད་དོ།།

        ཉེ་རབས་མཁས་དབང་དགེ་ཆོས་ཀྱིས་ཉན་ཐོས་སྔ་མའི་ལུགས་ཀྱི་སྟོན་པའི་རྣམ་ཐར་སྐོར་རྒྱལ་ཁམས་རིག་པས་བསྐོར་བའི་ལེགས་བཤད་གསེར་གྱི་ཐང་མར་བཀོད་པ་ལས། བྱང་ཆུབ་སེམས་དཔའ་དགུང་ལོ་བཅུ་དྲུག་པ་ལ་ཤཱཀྱ་ལེགས་པ་རབ་སད་དང་། བདུད་རྩི་མའི་བུ་མོ་གྲགས་འཛིན་མ་ཁབ་ཏུ་བཞེས། ཞེས་བཀོད་འདུག་པ་ལས་བཙུན་མོ་གཅིག་རང་ཡིན་པ་གསལ་ཡོད་དོ།། 

        སིང་གྷ་ལའི་གནས་བརྟན་སི་རི་དྷམ་མས་བརྩམས་ཤིང་པ་ལིའི་ཡི་གེར་བཞུགས་པ་དང་ལྷོ་བརྒྱུད་ནང་པར་གྲགས་པའི་སྟོན་པའི་རྣམ་ཐར་བོད་སྐད་དུ་གསར་འགྱུར་སྟོན་པའི་རྣམ་ཐར་གསལ་བའི་མེ་ལོང་གི་བཙུན་མོ་བཞེས་སྐབས་ལས། ད་སྲས་མོ་འདི་དག་གི་ཁྲོད་ནས་ཁྱེད་ལ་འོས་པའི་བཙུན་མོ་ཞིག་འདེམ་རོགས་གྱིས། ཞེས་གསུངས་པར་་་་་་རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱིས་སྲས་མོ་གྲགས་འཛིན་མ་ཁོང་གི་གཏན་གྲོགས་སུ་བདམས་སོང་དགོངས་ཏེ། དགའ་སྤྲོ་དང་བཅས་གཉེན་རྟགས་དེ་ལ་མོས་མཐུན་གནང་ནས་སྲས་མོ་གྲགས་འཛིན་མ་རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱི་བཙུན་མོར་ཁབ་ཏུ་བསུས་སོ།།ཞེས་གསལ་བ་ལས་བཙུན་མོ་ནི་གྲགས་འཛིན་མ་གཅིག་པུ་ཡིན་པར་གསལ་ཡོད་དོ།། 

        ཝེ་ཐེ་ནེམ་གྱི་གནས་བརྟན་ཐིག་ནན་ཏིག་གིས་མཛད་པའི་སྤྲིན་དཀར་ལམ་རྙིང་བོད་སྐད་དུ་གསར་འགྱུར་གྱི་དུམ་བུ་དགུ་པ་ལས། ལོ་དེའི་སྟོན་ཀར་རྒྱལ་སྲས་གཞོན་ནུ་དོན་གྲུབ་དང་གྲགས་འཛིན་མ་གཉིས་ཀྱི་གཉེན་སྒྲིག་གི་མཛད་སྒོ་བསྒྲུབས།ཞེས་གསལ་བ་དང་། སྟོན་པ་ཁྱིམ་ན་བཞུགས་དུས་སུ་བཙུན་མོ་གཅིག་རང་ལས་བསུས་མེད་པ་གསལ་པོར་འཁོད་ཡོད་དོ།།
རང་རེ་བོད་ཀྱི་སྟོན་པའི་རྣམ་ཐར་དང་ཆོས་འབྱུང་ཕལ་ཆེ་བར་བཙུན་མོ་བརྒྱད་ཁྲི་བཞི་སྟོང་ངམ། དྲུག་ཁྲི་བསུས་རབས་དེ་ཉིད་བཀོད་ཡོད་པས་ན། བོད་རིགས་ཕལ་མོ་ཆེས་ཀྱང་དེ་ཉིད་ལོ་རྒྱུས་ངོ་མར་བརྩི་སྲིད་ནའང་། དེ་ནི་ཚིག་ཟིན་ལྟར་ཁས་ལེན་དགོས་པའི་དོན་མ་ཡིན་པ་ཤེས་དགོས་ཏེ། ཕྱིས་སུ་སྟོན་པའི་ཆེ་བ་མཚོན་ཐབས་སུ་རབ་བཏགས་ཀྱིས་བརྒྱན་པ་ཅིག་ཡིན་པ་ཤེས་དགོས་ལ། བཙུན་མོ་གཅིག་རང་བསུས་པ་ནི་ལོ་རྒྱུས་དངོས་ཡིན་པ་ཤེས་དགོས། དཔེར་ན་ཐུན་མོང་གི་མདོ་དང་ཐེག་ཆེན་མདོ་རྣམས་སུ་ཡུམ་གྱི་དཀུ་གཡས་པ་ནས་འཁྲུངས་པར་གསུངས་ནའང་། ལྷོ་བརྒྱུད་ཀྱི་སྟོན་པའི་རྣམ་ཐར་རྙིང་མ་རྣམས་སུ་དཀུ་འམ་རྩིབས་འོག་ནས་འཁྲུངས་རབས་རྩ་བ་ནས་མ་གྲགས་པས། རྣམ་ཐར་ཁག་གཤིབ་བསྡུར་བྱེད་ཐུབ་ན། སྙན་ངག་དང་རྩོམ་རིག སྒྱུ་རྩལ། རྣམ་ཐར་དངོས་གང་ཡིན་གསལ་པོར་རྟོགས་ཐུབ་པ་ཡིན་ནོ།།

        འདི་ལྟར་སྟོན་པའི་རྣམ་ཐར་ཀློག་དུས་དེར་གསལ་བའི་མི་སྣ་སོགས་ཀྱི་གྲངས་དང་ཚད་སོགས་ཀྱི་གོ་བ་ལེན་ཚུལ་ཅུང་ཟད་བཤད་དོན་ཡང་། ཅང་སུའུ་ནས་གྲོགས་པོ་ཞིག་གིས་ཚལ་པའི་དེབ་དམར་རྒྱ་ཡིག་འགྱུར་མའི་ནང་དུ་སྟོན་པ་ཤཱཀྱ་ཐུབ་པས་བཙུན་མོ་བརྒྱད་ཁྲི་བཞི་སྟོང་བསུས་པར་བཤད་འདུག འདི་འདྲ་ཡིན་སྲིད་ཀྱི་མ་རེད་དེ། འདི་འདྲ་ཡིག་ཐོག་བཀོད་པ་གང་ཡིན་ནམ་སོགས་ཧ་ལས་ཧང་སང་གནང་སོང་བས་རྐྱེན་བྱས་ཏེ། བོད་རིགས་སེར་སྐྱའི་ཁྲོད་ན་སྟོན་པའི་རྣམ་ཐར་མཇལ་ཀློག་དང་། རྣམ་ཐར་རྟོགས་བརྗོད་སོགས་ལ་གཤིབ་བསྡུར་བྱ་བ་དེ་བས་ཀྱང་དཀོན་པ་དེ་ལྟ་ནའང་འདིར་ཁོང་དང་འདྲ་བའི་ཀློག་པ་པོ་འགའ་དང་འགའ་ལ་ཅུང་ཟད་ཕན་པའི་བློས་རང་གི་གང་ཤེས་དྲན་བསྐུལ་ཞུས་པ་ཙམ་ཡིན་ནོ།།

 


རྫ་ཆུའི་རླབས་སྒྲའི་པར་གཞན་གྱིས་དགོལ་བར་མི་བྱའོ།།
0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།