ལ་དྭགས་ཀྱི་མཛེས་སྡུག

104950

 

རྩོམ་པ་པོ། རྫ་སྐྱེས་ཕུར་བ།

 

         གནའ་ཤུལ། དགོན་རྙིང་། རྡེའུ་འབུམ། དར་ལྕོག མཆོད་རྟེན་བུམ་གཟུགས་མ་སོགས་བརྙན་རིས་དུ་མས། དངོས་ཡོད་དང་དངོས་མེད་འདྲེས་པའི་འཇིག་རྟེན་ཞིག་ཏུ་འཁྲུད་འགྲོ། དེ་ལ་ནི་ལ་དྭགས་ཀྱི་རང་བྱུང་སྒྱུ་རྩལ་བཏགས་འོས་ཤིང་མངའ་རིས་སྐོར་གསུམ་གྱི་གྲངས་སུ་གཞལ་ཆོག……

1.pic.jpg

           ༢༠༡༤/ཟླ/༧/ཚེས/༡༣/ཉིན་ཡུལ་སྐོར་སྟབས་བདེ་ཞིག་གི་འགྲོ་ལུགས་འོག་ངེད་ཅག་མི་ཟླ་གསུམ་ས་མཐོའི་གངས་ལ་གཡེར་ཅན་མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི༣༩༨༠ལྷག་ཡོད་པའི་རོ་ཐང་ལའི་གཡང་གཟར་འཇེགས་ལ།  ཀྱག་ཀྱོག་རྒོད་པའི་ལམ་བུ་མང་དུ་བརྒྱུད་མཐར་གནའ་བོའི་གངས་རིའི་འཇིག་རྟེན་Ladakhལ་དྭགས་སུ་འབྱོར།  དེ་དུས་བདག་རང་བོད་ཡུལ་དུ་སླེབས་སམ་སྙམ་པ་ཡང་ཡང་བྱུང་ཞིང་།  རླངས་འཁོར་གྱི་སྒེའུ་ཤེལ་དེད་དེ་རི་ཆུ་དག་ལ་གཟབ་ནན་གྱིས་ལྟ་དགོས་བྱུང་།  ས་ཆ་གཞན་དང་ཡུལ་ཁམས་གཞན་དུ་ནི་བོད་ཟླ་ལྔ་བར་སླེབས་དུས་སུ་དབྱར་ཁའི་དྭངས་གཞུང་ཞིག་ཏུ་ཁེལ་ཡོད་ཀྱང་།  བོད་ཟླ་ལྔ་བའི་ནང་གི་ལ་དྭགས་ནི་ད་དུང་གངས་དང་འཁྱགས་རུམ་གྱི་ན་བཟས་ཀུན་ནས་བཀླུབས་ཅིང་བསིལ་རླུང་རྒོད་པོ་གང་སར་ལྡང་བའི་གངས་རིའི་གནས་མཆོག་བླ་ན་འབར་བ་ཞིག་གི་ཟོལ་གྱིས་དང་།   ས་མཐོའི་ཏོག་ཏུ་ངོམས་པའི་གཟི་བརྗིད་ཀྱིས་གནས་ཡོད་པའི་ཡུལ་ལུང་དམིགས་བསལ་ཅན་ཞིག་ཡིན་པར་མཐོང་། 

   གནའ་དུས་ནི་ཡུལ་དེ་ལ༼དམར་ཡུལ༽ཞེས་འབོད་པ་དང་། དེ་ཡང་རི་ལུང་ས་མདོག་དམར་པོ་ཅན་ཤིན་ཏུ་མང་པས་ས་མིང་ཡུལ་ལ་ཆགས་པ་དང་ཕྱིས་སུ་སྒྲ་གདངས་འགྱུར་ནས༼མར་ཡུལ༽ཞེས་འབོད་པ་དེ་འདྲ་ཞིག་ཡིན་ཟོལ་འདུག  དེ་ཡང་ལོ་ཙ་བ་རིན་ཆེན་བཟང་པོའི་རྣམ་ཐར་ལས༼མར་ཡུལ་དུ་ཉར་གྱི་གཙུག་ལག་ཁང་བཞེངས་ནས་སྤུ་རངས་ཀྱི་མཐོ་ལྡིང་།   གུ་གེའི་ཁ་རྩེ་སྒོ་ཁར།  མར་ཡུལ་གྱི་གཙུག་ལག་ཁང་གསུམ་ལ་ཉི་མ་གཅིག་ཏུ་རབ་གནས་གནང་།༽ཞེས་པ་དང་གཞན་ཡང་ཡུལ་དེར་མང་ཡུལ་ལམ་མར་ཡུལ་ཞེས་འབོད་སྲོལ་ཡོད་པའང་གནའ་ཡིག་དག་ན་མང་དུ་བདོག   བར་ལམ་ཞིགས་ནས་ལ་དྭགས་ཞེས་འབོད་པ་འདི་ཤུགས་ཆེ་བྱུང་བར་སྣང་ཞིང་བཀྲ་ཤིས་རབ་རྒྱས་ཀྱིས་ལོ་རྒྱུས་ནང་དུ་ཡང་ལ་མང་པོའི་མདུན་དང་འདབས་རོལ་དུ་ཆགས་པས་ལ་དྭགས་ཟེར་ཏེ།  དཔེར་ན།  རྒྱུན་པར་རི་ལ་སྡོད་པའི་སྲོག་ཆག་ལ་རི་དྭགས་དང་།  ལྟོག་སྐོམ་ཡིད་ལ་བཏགས་ཏེ་གནས་པ་ལ་ཡིད་དྭགས་ཞེས་བཏགས་པ་དང་འདྲ་བར་བཤད།  གང་ལྟར་ཡུལ་འདི་ནས་ད་དུང་བོད་ཡུལ་སྤྱི་དང་འདྲ་བར་བག་ཕེབས་དང་ཟོལ་མེད་ཀྱི་སྣང་བ་འགོག་མེད་དུ་མྱོང་ཐུབ་ཅིང་ཕྱི་གླིང་ཡུལ་སྐོར་བས་བོད་ཡུལ་ཆུང་ཆུང་ཞེས་འབོད་པ་དེ་ཡང་དོན་ལ་གནས་པར་སྙམ།  ཁོ་ཚོའི་ངག་ལམ་ནས་དབྱངས་གསལ་སོ་བཞིའི་རང་སྐད་ཡང་ཡང་ཐོས་ཀྱིན་འདུག་ལ།   ལྷག་ཏུ་མགོ་མདོག་ཀློག་འདོན་གྱི་ལྗགས་རྩལ་དཔེ་མེད་ཅན་རེ་ཡང་ཡང་ཐོས་ཀྱིན་ཡོད།  དཔེར་ན། བདེ་སྐྱིད་ལ།  བདེ་སི་ཀྱིད་དང་།  སྟོབས་ལྡན་ལ།  སོ་ཏོབས་ལྡན་ཟེར་བ་ལྟ་བུ་འོང་གིན་ཡོད།

2.pic.jpg

          ལ་དྭགས་Ladakhནི་ད་ལྟའི་མངའ་རིས་ཡུལ་གྱི་ནུབ་རྒྱུད་ཁུལ་ཏུ་གནས་ཤིང་བཙན་པོའི་རྒྱལ་རབས་སྐབས་བོད་བཙན་པོའི་ཆབ་འབངས་དང་།  སྟོད་མངའ་རིས་སྐོར་གསུམ་གྱི་གྲངས་འདྲེན་ཡིན།   སྲིད་དབང་སུལ་བུར་ཐོར་རྗེས་རྒྱལ་ཕྲན་ཅན་དུ་གྱུར་བ་དང་།  དེ་ནས་རིམ་གྱིས་རྒྱལ་ཁོངས་གཞན་དུ་གཏོགས་པར་གྱུར།  ལི་དང་།  བྲུ་ཤ  སྦལ་ཏི་གསུམ་བསྐོར་གཅིག་བརྩི་བའི་སྦལ་ཏི་ཡང་ད་ཆ་པ་ཀི་སི་ཐན་རྒྱལ་ཁོངས་སུ་གནས་ཤིང་།   རིག་གནས་དང་ཆོས་ལུགས་ཀྱི་བྱེད་སྒོ་ཚང་མ་ཁ་ཆེའི་ཆོས་ལུགས་ཀྱི་སྲོག་ཤིང་ཅན་གྱི་རིག་གནས་སུ་གྱུར་ཞིང་དེ་ལས་ཀྱང་བསམ་མི་བཟོད་པ་ཞིག་ནི་སྐད་ཡིག་གཞི་མེད་དུ་བཏང་པ་དེ་རེད།   ལ་དྭགས།ཟངས་དཀར། སྤུ་ཧྲེངས་གསུམ་སྐོར་གཅིག  ཞང་ཞུང་། ཁྲི་སྡེ་སྟོད། ཁྲི་སྡེ་སྨད་སྐོར་གཅིག་བཅས་ལ་མངའ་རིས་སྐོར་གསུམ་དུ་གྲགས་ཤིང་དོན་དངོས་གནས་ཀྱང་ཡུལ་ཕྲན་དེ་དག་ནི་སྟོད་མངའ་རིས་ཀྱི་ཆ་ཤས་ཡང་ཤས་སུ་གནས་པ་ཞིག་ཡིན་པ་དང་།  ད་ལྟའང་ཡུལ་དེར་སླེབས་དུས་གནའ་བོའི་མཛེས་སྡུག་མངོན་པའི་བོད་ཡུལ་གཞན་དང་འདྲ་མཚུངས་ཡིན་པའི་བག་ཆགས་ཀྱི་བརྙན་རིས་མང་པོ་མིག་ལམ་དུ་གསལ་གསལ་ངང་བདོག་ཡོང་། 

          དེ་ཡང་ལ་དྭགས་སྤྱི་ལ་དབང་སྒྱུར་བའི་དཔོན་ཐོག་མ་དཔལ་གྱི་མགོན་ནི་བོད་བཙན་པོའི་གདུང་རབས་འཁྲུལ་མེད་ཀྱི་མི་ཕོ་ཞིག་ཡིན་པ་དང་།  བར་སྐབས་དགའ་ལྡན་ཕོ་བྲང་གི་དུས་ཏེ་ཕྱི་ལོ/༡༦༨༡/ ལོར་སོག་པོ་དགའ་ལྡན་ཚེ་དབང་ལ་དྭགས་སུ་དངོས་བསྐྱོད་ཀྱིས་ཡུལ་དེ་དགའ་ལྡན་སྲིད་གཞུང་གི་ཆབ་འབངས་ཡིན་པའི་ཆིངས་ཡིག་གཏན་འབབ་བྱས།  དངོས་གནས་ལོ་རྒྱུས་ནི་དལ་ལྕོག་རླུང་གིས་ཡོམ་པ་བཞིན་ཅི་འདྲའི་འགྱུར་རྐྱེན་པ་ཞིག་རེད་ཨང་།  དེ་ནས་ཅུང་ཞིག་འགོར་རྗེས་ཡོ་རོབ་མི་སེར་སྤེལ་བའི་སྲིད་ཇུས་ཀྱི་ཡོ་ལང་ཨེ་ཤ་ཡའི་གླིང་ལ་ཁྱབ་ཅིང་ཕྱི་ལོ/༡༨༤༢/ལོར་ལ་དྭགས་དེ་སྐབས་དེའི་དབྱིན་གཞུང་གི་དབང་བསྒྱུར་འོག་ཚུད་པའི་རྒྱ་གར་གྱི་ས་ཁོངས་ལ་བཙན་འཇོག་བྱས།   དེ་རྗེས་ཕྱི་ལོ/༡༩༤༧/ལོར་རྒྱ་གར་རང་བཙན་བདག་དབང་ཕྱིར་སྤྲོད་སྐབས་ཀྱང་ལ་དྭགས་ཀྱི་བདག་དབང་ལ་གསལ་ཁ་གང་ཡང་མེད་པར་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེའམ་ཞིང་ཆེན་ཞིག་ཏུ་ཅི་མི་སྙོམ་པར་ས་བགོས་བྱས་ནས་ད་ཐུག་དབར་ངོ་བོ་འགྱུར་ཞིང་མིང་བརྡ་མི་ནོར་བའི་ལ་དྭགས་ཀྱི་སྐད་བརྡ་དང་ཡུལ་སྲོལ།  དད་མོས་སོགས་ཀྱང་གང་ནས་གང་ལ་གྱུར་ཞིང་འགྱུར་བའི་ངང་ལུས་འདུག་ཀྱང་།  ད་དུང་མི་ནུབ་རྟག་པར་མཐོང་ལམ་དུ་ཡང་ཡང་མངོན་པ་ནི།  གངས་བརྩེགས་མཐོ་བའི་རི་འཕྲེང་གི་ཕུང་བོ་དེ་དག་དང་།  གཡུ་མདོག་ལང་ལོང་གིས་འབབ་པའི་གཙང་པོ་དེ་དག་ཡིན་འདུག

3.pic.jpg

       ལ་དྭགས་ན་གཡེར་ཅན་གངས་དང་གངས་ཐང་།  བརྗིད་ཆེན་མཚོ་དང་མཚེའུ།  ད་དུང་གནའ་ཤུལ་དང་དགོན་རྙིང་།  རྡེའུ་འབུམ་དང་དར་ལྕོག  མཆོད་རྟེན་བུམ་གཟུགས་མ་སོགས་རྣམ་གྲངས་མང་པོའི་ཚོན་རིས་ཀྱིས་ཁྱོད་རང་དངོས་ཡོད་དང་དངོས་མེད་འདྲེས་པའི་འཇིག་རྟེན་ཞིག་ཏུ་འཁྲུད་འགྲོ།  དེ་ལ་ནི་ལ་དྭགས་ཀྱི་རང་བྱུང་སྒྱུ་རྩལ་བཏགས་ཀྱང་འོས་ལ།   ཆོས་ལུགས་དད་མོས་ཀྱི་མེ་ལོང་རེད་ཀྱང་བཤད་ཆོག  གནས་དེ་ནས་སེམས་ལྷོད་ལྷོད་ཀྱིས་ངང་གསོལ་འདེབས་ཞུས་ཆོག་ལ།  མུ་མེད་གངས་རིའི་འཁྱགས་རུམ་ལ་ལུས་སེམས་གཏིང་འདྲེས་ཀྱིས་གནའ་བོའི་རི་གྲོང་གི་མཛེས་སྡུག་རོལ་ཐུབ།   ད་དུང་ལ་དྭགས་ཀྱི་གྲོང་དང་གྲོང་རྡལ་དག་ནས་བོད་ཡིག་གི་སྒོ་བྱང་མང་པོ་ཞིག་མིག་ལམ་དུ་མངོན་ཡོང་ཞིང་།  དེ་དག་ནི་ཁེ་བཟང་ཉི་ཚེ་ཙམ་གྱི་ཕྱིར་ཏུ་བཀར་བའི་བླ་སྤྲུལ་ག་གེ་མོའི་དཔར་རིས་དང་།   སྲིད་གཞུང་གང་ཞིག་གིས་ཆབ་སྲིད་དགོས་དབང་མཚོན་པའི་སྒོ་བྱང་གང་ལའང་མི་མཚུངས་པར་རང་གི་རིག་གནས་རང་གིས་བདག་གེར་བྱས་པའི་རྣམ་པ་ཞིག་ཡིན་པས།  དེ་ཡང་སྙིང་རྗེ་ཡིད་འོང་ཞིག་ཡིན་པར་མཐོང་བྱུང་།

 

རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།