དད་མོས་རྒྱང་མཇལ་ཁྲོད་ཀྱི་གངས་ཏི་སེ།

105000

 

 རྩོམ་པ་པོ།  རྫ་སྐྱེས་ཕུར་བ།

 

         ད་མོས་རང་བཞིན་གྱི་སེམས་ཁམས་ཤིག་གྲུབ་པ་ནས། གངས་ཏི་སེ་ཡིས་དད་མོས་མཚོན་པའི་གཏམ་བརྒྱུད་ཀྱི་བྱུང་བ་རེ་རེ་བསྐྲུན་ཡོད་ལ། ངོ་མཚར་འཆར་ཡན་གྱི་སྒོ་མོ་རེའང་ཕྱེས་ཡོད། དད་མོས་རྒྱང་མཇལ་གྱི་ལམ་བུ་རེ་རེ་ནི། ཏི་སེ་གངས་ཀྱི་མཚར་སྡུག་གི་རྨི་ལམ་རེ་རེ་ཡིན་ཨང་།

IMG_3250.JPG

              གངས་ཏི་སེ་ནི་ད་ལྟའི་བོད་ལྗོངས་སྤུ་ཧྲེང་རྫོང་གི་བྱང་རྒྱུད་དུ་གནས། གཉན་ཆེན་ཐང་ལྷའི་རི་རྒྱུད་དང་འབྲེལ་ཞིང་ཕྱི་འབབ་ཆུ་བོ་དང་ནང་འབབ་ཆུ་བོ་གཉིས་ཀྱི་མཚམས་སུ་གྱུར་ཡོད། རིང་ཚད་སྤྱི་ལེ ༡༦༠༠ ལྷག་དང་། ལྷོ་བྱང་གི་ཞེང་ཚད་སྤྱི་ལེ ༨༠ དང་། མཐོ་ཚད་སྨིད་༦༦༥༦ དང་ཆ་སྙོམས་ཀྱི་མཐོ་ཚད་ལ་སྨིད༥༨༠༠ ལྷག་ཡོད།

IMG_3257.JPG

           མདོ་ཕལ་མོ་ཆེ་དང་དྲན་པ་ཉེར་བཞག  མཛོད་རྩ་འགྲེལ། བློན་པོ་བཀའ་ཐང་སོགས་ནས་ཚད་དང་། དབྱིབས་དང་ངོ་བོ། གང་དུ་གནས་པའི་ཕྱོགས་བཅས་སོགས་ལུང་བསྟན་པའི་སངས་རྒྱས་ཆོས་ལུགས་ཀྱི་གནས་ཤིག་དང་།  དཔལ་འཁོར་ལོ་བདེ་མཆོག་གི་གཞལ་ཡས་ཁང་དང་། ཆོས་ཀྱི་དགོངས་དོན་ཟབ་མོ་མཚོན་པའི་བཀོད་དབྱིབས་མང་དུ་མཆིས་པར་བཤད།

IMG_3252.JPG

              མིང་གི་ཐད་དུ”ཏི་སེ”དང”ཏེ་སེ”ཞེས་པའི་འབྲི་སྲོལ་གཉིས་བྱུང་ཞིང་། ཏི་སེ་ཞེས་པ་ལེགས་སྦྱར་སྐད་ཀྱི་གངས་རིའི་བརྡ་ཡིན་པར་བོད་རྒྱ་ཚིག་མཛོད་དུ་བཤད་ལ། མིང་གི་རྣམ་གྲངས་གཞན་ལ་ཀཻ་ལ་ཤའི་རྒྱལ་པོ་དང་། གང་གཱའི་ཡབ། གངས་རིའི་བུ། དབྱིག་གི་ལྟེ་བ་བཅས་སོགས་ཡོད་པར་བཤད།

IMG_3253.JPG

                ཡང་གཞན་དུ”ཏི་སེ”ཞེས་པ་ཞང་ཞུང་གི་སྐད་ཡིན་པ་དང་། དོན་དུ”ཆུ་ལྷ”ཞེས་པར་གོ་དགོས་པ་དང་། མིང་གཞན་ལ”གངས་ཡ་ཕག་ཤ་ར”ཟེར་བ་སོགས་ཡོད་པར་བཤད།  མདོར་ན་ཏི་སེ་གངས་ཀྱི་གསང་བ་ངོ་མཚར་ཅན་གྱི་བྱུང་བ་དེ་དག་འདི་ལྟར་ལེགས་དང་དེ་བཞིན་ཡིན་ཞེས་པའི་ངེས་ཤེས་ཤིག་འདྲོང་ལོས་དཀའ་སྟེ།  ཧིན་དུའི་གནས་ཡིག་དང་། བོན་གྱི་བཀའ་བསྟན། ནང་པའི་མདོ་བརྒྱུད་རྣམས་སུ་ངོས་འཛིན་སྤྱོད་ཡུལ་མི་འདྲ་བ་མང་དུ་གསལ་ཞིང་། གནའ་བོའི་ཤེས་རིག་དུ་མའི་གསང་བའི་བསྡུས་གཟུགས་ཤིག་ཏུ་མངོན་པར་གྲུབ།

IMG_3254.JPG

               དེ་ལྟར་གནའ་བོའི་གཞུང་ལུགས་རྣམས་སུ་གངས་འདི་ནི་འཛམ་གླིང་གི་དབུས་རི་ཡིན་པ་དང་།    རིའི་རྒྱལ་བོ་རི་རབ་ཅེས་པའང་འདི་ཉིད་ཡིན་པའི་ཤོད་ཚུལ་སོགས་ཆོས་ལུགས་གྲུབ་མཐའ་སོ་སོ་དང་། མཁས་གྲུབ་སྐྱེས་ཆེན་མང་པོའི་རང་སྣང་མྱོང་གྲུབ་དང་། དཔྱད་པ་མཐར་དེད་ཀྱིས་གངས་འདི་ཡི་ངོ་བོ་དང་གནས་ལུགས་རེ་ཡོད་པར་བྱས།

IMG_3255.JPG

           “མ་བརྩེགས་སྲིད་པའི་རི་བོ་ཆེན་པོ་བཞི། མ་བདལ་པའི་ཐང་ཆེན་པོ་བཞི། མ་བཀོད་འཁྱིལ་བའི་མཚོ་ཆེན་པོ་བཞི། རང་བྱུང་ཁྲུས་ཀྱི་སྒོ་མོ་ཆེན་པོ་བཞི། ཁ་ནས་འབབ་པའི་ཆུ་བོ་ཆེན་པོ་བཞི། མཆོག་ཏུ་བསྒྲུབ་པའི་གནས་ཆེན་པོ་བཞི། དྲག་པོ་དབལ་གྱི་རོང་ཆེན་པོ་བཞི། མི་འགྱུར་གླིང་གི་ཚལ་ཆེན་པོ་བཞི། རྫུ་འཕྲུལ་སྤྲུལ་པའི་གསང་ཕུག་ཆེན་པོ་བཞི། མི་འཇིག་གཏམ་པའི་བྲག་ཆེན་པོ་བཞི། གཙུག་ལག་བོན་གྱི་གཏེར་ཆེན་པོ་བཞི། རིན་ཆེན་ནོར་གྱི་གཏེར་ཆེན་པོ་བཞི། ཁ་ལ་རག་ཆོག་གི་ཆུ་མིག་ཆེན་པོ་བཞི། ཐོད་པ་བོར་ཆོག་གི་དུར་ཁྲོད་ཆེན་པོ་བཞི། གོམ་པ་སྤོས་ཆོག་གི་གླིང་ཆེན་པོ་བཞི། སྨོན་ལམ་བཏབ་ཆོག་གི་ལམ་བཞི། གཞན་ཡང་གསང་བའི་སྦས་ཕུག་བཅུ་གསུམ། ལྷ་ཡི་ཁྲུས་ཆབ་བཅུ་གསུམ། སྐུ་གདུང་མཆོད་རྟེན་བཅུ་གསུམ། མི་འགྱུར་ས་རྟགས་བཅུ་གསུམ། སྐུ་གསུང་ཐུགས་ཀྱི་གནས་གསུམ། མགོན་པོ་གསུམ་གྱི་གནས་གསུམ། ཡེ་ཤེས་རྫུ་འཕྲུལ་ལས་བཞི་སོགས་ཡོད། ཅེས《ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག》ཏུ་ངོས་འཛིན་འདི་ལྟར་གསལ་ཞིང་།  གནས་འདིར་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་སངས་རྒྱས་པ་དང་། རིག་བྱེད་པ་སོགས་ཀྱིས་རང་རང་གི་དད་ཡུལ་གནས་མཆོག་གཅིག་ཏུ་ངོས་འཛིན་བྱས།

IMG_3256.JPG

               དྭགས་པོ་བཀའ་བརྒྱུད་པའི་སྒྲུབ་གནས་སུ་གྱུར་རྗེས། མར་པའི་ལུང་བསྟན་བཞིན་རྗེ་མི་ལ་རས་པས་གནས་འདིར་སྒྲུབ་པ་ཡུན་རིང་མཛད་ཅིང་།འབྲི་གུང་སྤྱན་སྔ་ཤེས་རབ་འབྱུང་གནས་དང་། རྒོད་ཚང་པ། པཎ་ཆེན་བློ་བཟང་ཆོས་རྒྱན་སོགས་བོད་ཀྱི་སྐྱེས་མཆོག་དུ་མས་ཀྱང་བྱིན་གྱིས་བརླབས་ཤིང་ཞབས་ཀྱིས་བཅགས།

IMG_3251.JPG

                 གནའ་ནས་ད་ཐུག་དབར་བལ་པོ་དང་། ཧིན་དུ་པ།  བོད་དང་འབྲུག་པ་སོགས་དད་ལྡན་མང་པོས་རང་རང་གི་དད་ཡུལ་དུ་བཟུང་ནས་ཕྱག་མཆོད་སྨོན་ལམ་དང་། གཡས་སྐོར་གཡོན་སྐོར་། ཕྱི་སྐོར་བར་སྐོར་སོགས་བྱས་ཏེ་དད་པའི་ཞིང་མཆོག་བླ་ན་མེད་པ་ཞིག་ཏུ་མཇལ་ཞིང་གོམས་ཡོད།

       གསལ་བཤད།  པར་འདི་དག་དོལ་པོ་སྤྲུལ་སྐུ་འཆི་མེད་ལགས་ཀྱིས་མཁོ་འདོན་གནང་བྱུང་པས། ཁོང་ལ་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན།

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།