རྒྱལ་མོ་རོང་གི་གཟི་བྱིན།

87173


QQ图片20160726233909.jpg

         རྒྱལ་རོང་ནི་ས་ཁུངས་དུམ་བཅད་བྱས་ཏེ་འབར་ཁམས་རྫོང་དང་། བཙན་ལྷ་རྫོང་།  ཆུ་ཆེན་རྫོང་།  རོང་བྲག་རྫོང་། ཁྲོ་ཆུ་རྫོང་།  དར་མདོ་རྫོང་སོགས་སུ་བཀྲམ་ཡོད་སྟབས།  ད་ལྟ་གཅིག་གྱུར་གྱི་རྣམ་པ་ཞིག་མཐོང་དཀའ་མོད། རྒྱལ་ཁག་སོ་སོའི་སྐབས་ཀྱི་རྡོ་མཁར་མང་ཤོས་དེ་ད་ལྟའི་འབར་ཁམས་དང་རོང་བྲག་རྫོང་དུ་ཡོད་ལ། འབར་ཁམས་ནས་གནའ་ཤུལ་རྟོག་ཞིབ་ལས་ཤེས་པ་ནི་ཡུལ་དེའི་མི་བརྒྱུད་མཆེད་ཁུངས་གནའ་རབས་རྡོ་ཆས་གསར་མའི་དུས་རབས་སུ་ཁུངས་འདེད་ཐུབ་པར་བཤད་ལ།  རྒྱལ་རོང་གི་མི་བརྒྱུད་ཐོག་མ་བསེ་ཁྱུང་སྦྲ་ལས་མཆེད་པར་ལོ་རྒྱུས་ཡིག་ཚང་དུ་གསལ། ལྷ་མོ་གྲུབ་པའི་རྒྱལ་མོའི་གནས་སུ་གྲགས་པའི་དམུ་རྡོ་རི་ཡི་ཉེ་འགྲམ་དང་། དབུས་གཙང་ཡུལ་གྱི་ཤར་བརྒྱུད་དུ་ཆགས་ཤིང་བོད་ཡུལ་སྤྱི་དང་མི་འདྲ་བའི་ཚད་པ་ཆེ་བ། གྲོ་ནས་སྲད་གསུམ་ཞིང་དུ་འདེབས་པ་སོགས་ཀྱིས《ཤར་རྒྱལ་མོ་ཚ་བ་རོང་།》ཞེས་པའི་མིང་དེ་གྲུབ་པར་བཤད། 

QQ图片20160726233841.jpg

         ལོ་རྒྱུས་ཁྲོད་རྟག་པར་མངོན་གྱིན་པ་ནི་བོད་ཀྱི་རོང་ཆེན་བཞིའི་ཡ་གྱལ་ཤར་རྒྱལ་མོ་ཚ་བ་རོང་ཞེས་པ་དེ་ཡིན་ལ།  དེ་ལྟར་རྒྱལ་མོ་ཚ་བ་རོང་ལ་ཞང་ཞུང་གི་བཀྲ་ཤིས་པའི་གྲངས་གནས་མཚོན་ཕྱིར་རྒྱལ་ཁག་བཅོ་བརྒྱད་ཀྱི་གྲངས་ཀྱི་ཐ་སྙད་བྱས་པ་ཙམ་ཞིག་ལས།  དོན་དངོས་རྒྱལ་ཁག་སུམ་ཅུ་ལྷག་དང་།  རྒྱལ་ཁག་རེ་རེའི་རྒྱལ་བརྒྱུད་སྔ་ཕྱི་རྣམས་ཀྱི་ཉུང་མཐའ་འདི་ཡིན་ཞེས་པའི་ལོ་རྒྱུས་ཡིག་ཚང་མ་མཐོང་ཡང་། རིང་ཤོས་རྒྱལ་རབ་དྲུག་བཅུ་མ་ཟིན་ཙམ་གྱི་དུས་ཡུན་ལ་རུས་བརྒྱུད་གཅིག་པའི་རྒྱལ་རབས་རེ་རེ་བསྐྱངས་མྱོང་ཡོད་པར་མ་ཟད།  དཔའ་བརྟུལ་དང་འཐབ་འཛིང་གི་དཔུང་རྩ་རབ་ཏུ་བརྟན་པས་ལོ་རྒྱུས་ཀྱི་བདེན་དངོས་སྟེང་རྒྱལ་ཁ་མང་དུ་བླངས་མྱོང་ཡོད་དེ།  དམངས་ཁྲོད་ཀྱི་གཏམ་དཔེར།  (འགག་དོག་མོ་གསུམ་དེ་སྦྲ་ལ་ཐོབ།།  སྦྲ་དཔའ་རྩལ་ཆེ་བ་དེ་ཡི་དོན།།)ཞེས་གྲགས་པ་ལྟར་རོ།།

QQ图片20160726233838.jpg

           ལྷ་ཆེན་རྒྱལ་མོ་དམུ་རྡོའི་མཆོད་བསྟོད།>>ལས་གསལ་བ་ལྟར་ན།  རྒྱལ་རོང་གི་མཐར་བསྐོར་ལ་རི་ཆེན་དྲུག་ཅུ་རྩ་གཉིས་དང་། ཡུལ་དབུས་ན་བན་བོན་གྱི་སྒྲུབ་གནས་བརྒྱ་དང་རྩ་བརྒྱད། ལྟེ་བ་ན་རྒྱལ་ཆུ། འབྲུག་ཆུ། ཆུ་ཆེན་བཅས་གཙང་པོ་གསུམ་གྱི་འབབ་ཡུལ་ཡོད་ལ།  དུས་རབས་བརྒྱད་པའི་ནང་ལོ་ཆེན་བཻ་རོ་ཙ་ན་གནས་དེར་བྱོན་ཏེ་གསང་སྔགས་ཉམས་ལེན་དང་སྒྲུབ་གནས་མང་པོར་བྱིན་གྱིས་བརླབས།  མཉམ་མེད་ཤེས་རབ་རྒྱལ་མཚན་དང་། རྒྱལ་མོ་གཡུ་སྦྲ་སྙིང་པོ།  ཚ་ཁོ་ངག་དབང་གྲགས་པ།  རོང་སྟོན་སྨྲ་བའི་སེང་གེ   དགའ་ལྡན་ཁྲི་ཐོག་བདུན་སོགས་སྐྱེས་ཆེན་མང་དུ་བྱོན།  བན་བོན་གྱི་ཆོས་ལུགས་མཁན་དང་དགོན་སྡེ་ཧ་ཅང་མང་།

QQ图片20160726233819.jpg

             ཡུལ་དེ་ན་བཟོད་བཀོད་ལེགས་པའི་མཁར་རྫོང་དང་།  བརྡ་མཚོན་མི་གཅིག་པའི་སྐད་རིགས།  ཆང་དང་ཤ་མར་གྱི་ཡུལ་ཟས། དམིགས་བསལ་མཛེས་པའི་ཡུལ་གྱི་ཆ་ལུགས། མིང་དུ་གྲགས་པའི་སྐོར་བྲོ་བཅས་སོགས་རིག་གནས་སྣ་མང་གི་དངོས་ཡོད་ཀྱི་མཛེས་སྡུག་ལྡན།  དེ་ལས་ཀྱང་བོད་ཀྱི(གནའ་མཁར་ཆགས་ཡུལ་གྱི་ས་ཆ་གཙོ་བོ་གཉིས་ལས་གཅིག་ནི་རྒྱལ་རོང་ཡིན་ལ། འབྲེལ་ཡོད་ཀྱི་ལོ་རྒྱུས་ཡིག་ཆ་དང་མིག་སྔར་གྱི་ཞིབ་འཇུག་བྱས་པ་ལྟར་ན། བོད་ཡུལ་གྱི་གནའ་མཁར་ལ་འཛུགས་བསྐྲུན་རྒྱུ་ཆའི་ཐོག་ནས་རིགས་གཉིས་བགོས་ཡོད) གཅིག་ནི་ཕྱི་གྱང་དང་ནང་ཤིང་ཆས་སྤྱོད་པའི་ས་མཁར། དེ་ནི་ཁམས་སྟོད་དང་མདོ་སྨད། དབུས་གཙང་ཡུལ་ན་མང་པོར་མཐོང་། 

QQ图片20160726233901.jpg

                གཉིས་ནི་ཕྱི་རྡོ་རྩིག་དང་ནང་ཤིང་ཆས་སྤྱོད་པའི་རྡོ་མཁར།  བོད་ཡུལ་དུ་ཁྱབ་པའི་གནའ་མཁར་ཕལ་མོ་ཆེ་རྡོ་མཁར་ཡིན་པ་དང་། ( གནའ་མཁར་གྱི་ཕྱིའི་དབྱིབས་ལ་ཟུར་མང་ཉུང་གི་ཐོག་ནས་རིགས་དུ་མ་དབྱེ་ཡོད་ལ།  ཟུར་གསུམ་ཅན་དང་། ཟུར་བཞི་ཅན། ཟུར་ལྔ་ཅན།   ཟུར་དྲུག་ཅན། ཟུར་བརྒྱད་ཅན། ཟུར་བཅུ་གཉིས་ཅན།  ཟུར་བཅུ་གསུམ་ཅན་བཅས་ཡོད་ཅིང་། དེའི་ནང་ནས་ཟུར་བཞི་ཅན་གྱི་མཁར་ནི་ཆེས་མང་ཞིང་། དེ་འཕྲོས་ཟུར་དྲུག་ཅན་དང་ཟུར་བརྒྱད་ཅན་ཡིན།  ཟུར་གསུམ་ཅན་དང་ཟུར་ལྔ་ཅན། ཟུར་བཅུ་གཉིས་ཅན། ཟུར་བཅུ་གསུམ་ཅན་གྱི་མཁར་ནི་ཧ་ཅང་དཀོན་པོ་ཡིན་ལ།  ཟུར་བཅུ་གསུམ་ཅན་གྱི་མཁར་ནི་དེ་བས་ཀྱང་དཀོན་ཞིང་ཧ་ཅང་བརྗིད་ཆེ་བས།  མཁར་གྱི་དབང་པོ་ཞེས་པའི་མཚན་སྙན་ཐོབ།) 

QQ图片20160726233857.jpg

             གནའ་མི་དག་གིས་དགོས་པ་གང་ལ་དམིགས་ཏེ་མཁར་དེ་ལྟར་བརྒྱབ་པ་རེད་ཅེ་ན།  གནའ་མཁར་གྱི་རིག་གནས་ཞིབ་འཇུག་ཆེད་རམས་པ་དབྱང་ཅཱ་མིན་ཟེར་བ་ཞིག་གིས།  (རིག་གཞུང་ལས་རིགས་ཁག་ལ་དེའི་སྐོར་ད་སྔོན་ཐུན་མོང་གི་ལྟ་བ་ཞིག་ཆགས་མེད་མོད།  ཡིན་ནའང་དམངས་ཁྲོད་དུ་ཟེར་སྒྲོས་འདྲ་མིན་སྣ་ཚོགས་མཆིས་པས། དེ་ནི་ཞིབ་འཇུག་པ་རྣམས་ཀྱིས་ཞིབ་འཇུག་གི་ལས་ལ་འཇུག་སྐབས་མེད་དུ་མི་རུང་བའི་རྒྱུ་ཆ་ཞིག་ཏུ་གྱུར་ཡོད་པ་རེད་ཅེས་ཟེར།)

QQ图片20160726233845.jpg

              ངག་རྒྱུན་ལྟར་ན།  (ལོ་སྟོང་གི་སྔོན་དུ། རྒྱལ་རོང་ཡུལ་དུ་གོམས་སྲོལ་འདི་ལྟར་ཞིག་ཆགས་ཡོད་དེ།  ཁྱིམ་ཚང་ཞིག་ཏུ་བུ་ཞིག་སྐྱེས་ན། ཁྱིམ་ཚང་དེས་ས་རྡོ་དང་ཤིང་ཆ་སོགས་མཁར་རྩིག་པའི་རྒྱུ་ཆ་རྣམས་གྲབས་སྒྲིག་བྱེད་པ་དང་། བུ་ལོ་གཅིག་ཐོག་པའི་སྐབས་སུ།  མཁར་རྨང་བརྟན་པོ་བཏིང་ཞིང་མཁར་ཐོག་སོ་གཅིག་ཡོད་པ་ཞིག་བརྒྱབ་པ་དང་ཆབས་ཅིག་ཏུ།  དེའི་ཟུར་ལ་ལྕགས་རྡོ་ཞིག་ས་འོག་ཏུ་སྦས་པ། བུ་ལོ་གཅིག་ཆེ་དུས་་མཁར་ཡག་གོང་དུ་བརྩེགས་རེ་བསྣན་པ་དང་།  ལྕགས་རྡོ་དེ་ཡང་ཕྱིར་ལ་བླངས་ཏེ་བཙོ་སྦྱངས་ཐེངས་གཅིག་བྱས་རྗེས་སླར་ཡང་ས་འོག་ཏུ་སྦས་པ།  དེ་ལྟར་བུ་དེ་ཕོ་ལོ༡༨ལ་སླེབས་པའི་སྐབས།  མཁར་བརྩེགས་རིམ་པ༡༨ཐོག་སླེབས་ཏེ་ཡོངས་སུ་གྲུབ་པ་དང་། ལྕགས་རྡོ་ཡང་བཙོ་སྦྱངས་ཐེངས༡༨བྱས་པས་ངར་ལྕགས་སྤུས་ལེགས་སུ་གྱུར་བ་དང་།  གྲི་བརྡུང་ནས་གཟའ་སྐར་འཕྲོད་སྦྱོར་འཛོམས་པའི་དུས་བཟང་ཞིག་ལ་མཛད་སྒོ་རྒྱ་ཆེན་བཤམ་ནས་ཁྱིམ་ཚང་དེའི་ཁྱིམ་བདག་གིས་བུ་ལ་གནང་བ།  ཉིན་དེ་ནས་བཟུང་། བུ་དེ་ནི་སྐྱེས་པ་ཕོའི་གྲས་སུ་ཚུད་འགོ་ཚུགས་པ་མཚོན་ཞིང་།  སྐྱེས་པའི་བྱ་བ་རྣམས་བསྒྲུབ་ཆོག་པར་གྲགས། 

QQ图片20160726233849.jpg

                ཡང་རྒན་རབས་པ་ལ་ལས་བཤད་པ་ལྟར་ན། གནའ་དུས་སུ་རྒྱལ་རོང་ཡུལ་དུ་ཁྱིམ་ཚང་དཀྱུས་མ་ཞིག་གམ་སྡེའི་དཔོན་པོ་གང་ཡིན་ཡང་འདྲ།  སོ་སོའི་སྟོབས་འབྱོར་ནི་མཁར་གྱི་ཆེ་ཆུང་ལ་གཞིགས་ནས་དབྱེ་བ་འབྱེད་པས།  འབྱོར་ཕྱུག་ལྡན་པ་དང་སྟོབས་ཤུགས་ཆེ་བའི་དཔོན་དམངས་ཚང་མས་མཁར་ལས་ལ་འབད་པར་གྲགས།  དགྲ་བོ་བཀག་འགོག་བྱེད་པའི་བཙན་རྫོང་དུ་བསྐྲུན་ཞེས་བྱ་བ་དང་།  གཡུལ་འགྱེད་ཀྱི་དགོས་མཁོར་དམིགས་པ)རེད་ཅེས་པ་སོགས་མང་དུ་བྱུང་ཞིང་། རྡོ་རྩིག་བྱེད་ཚུལ་ལའང་།  ༡རྡོ་ཆེན་གཅིག་ལ་རྡོ་ཆུང་བརྒྱ་ཡིས་བསྐོར་བའི་རྩིག་ཚུལ།  ༢གཡུང་དྲུང་ལག་སྦྲེལ་གྱི་རྩིག་ཚུལ།   ༣རྡོ་རྗེ་བྱ་རྩིག  ༤འཇང་རྩིག་སོགས་ཀྱི་རྣམས་གྲངས་མང་།

QQ图片20160726233807.jpg

               རྡོ་མཁར་འཛུགས་སྐྲུན་བྱེད་པའི་དུས་རབས་དང་ས་ཁུལ། དབྱིབས་དང་མཐོ་ཚད། སྤྱོད་སྒོ་དང་མཚོན་དོན་སོགས་ཀྱང་དེ་ལྟར་མི་འདྲ་བ་ཡོད་དེ། (ལ་ལ་ནི་དམག་བརྡ་གཏོང་བྱེད་དང་། ལ་ལ་ནི་གཡུལ་ས་དང་། ཉེན་གཡོལ་ཁང་། མཐའ་མཚམས་ཀྱི་རྟགས། ཆོས་ཁང་། བང་མཛོད་སོགས་ཡིན་པ་མ་ཟད། ད་དུང་རྒྱལ་པོའི་དབང་ཆ་དང་གོ་གནས་མཚོན་རྟགས་ཀྱང་ཡིན།) པ་དང་། ད་ལྟའི་འབར་ཁམས་ཀྱི་རྫོང་ཁོངས་གཅིག་པུར་རྡོ་མཁར61དང་མཁར་ཁྱིམ760ཡོད་ལ།  ལོ་ངོ་བརྒྱ་ཕྲག་མང་པོ་འདས་ཀྱང་སྤུས་ལེགས་ཀྱི་རྣམ་པར་ད་ལྟའང་མཐོང་རྒྱུ་ཡོད། དགོས་མཁོ་སྣ་ཚོགས་དང་དམིགས་ཡུལ་སྣ་མང་འོག་རྒྱལ་རོང་རྡོ་མཁར་རིག་གནས་ཀྱི་འཕེལ་རིམ་འདི་ལྟར་བྱུང་བ་རེད།

QQ图片20160726233802.jpg

            དེ་ཡང་ཨ་མྱེ་སྒོ་གདོང་གི་དུས་སུ《ཚ་ཁོག》དང་།  མོ་བཟའ་རྒྱལ་མོའི་དབང་བསྒྱུར་དུས་སུ《རྒྱལ་མོ་ཚ་བ་རོང་། རྒྱལ་ཁག་མང་དུ་གྱེས་པའི་དུས་སུ《རྒྱལ་རོང་།》ཞེས་འབོད་སྲོལ་དར་བའི་ལོ་རྒྱུས་ཡོད་ཅིང་།  མིའི་རིགས་དང་འཚོ་གནས་ཀྱི་ངོ་བོ་ནི་ཚབ་མཚོན་མེད་པའི་ངང་དུ་འགྱུར་བཞིན་ཡོད་པ་ལྟར།  སྐད་བརྡའི་བཀོལ་ཚུལ་དང་དེའི་བསྟན་དོན།  ཐ་སྙད་ཀྱི་སྒྲིག་རིམ་དང་ཡུལ་སྟོན་པའི་བྱེད་ནུས་སོགས་ཀྱང་སྐད་ཅིག་དེ་ལྟར་འགྱུར་གྱིན་ཡོད་པས། ཕྱིས་ཀྱི་ཚིག་མཛོད་དག་གིས་མིང་བརྡ་གང་ཞིག་དག་མིན་གྱི་དབྱེ་མཚམས་གསལ་ཐག་འབྱེད་པ་ལའང་སོམ་ཉི་ཡང་ཡང་སྐྱེ་དགོས་བྱུང་།  འདི་ལྟར་རང་ཚུགས་ཅི་ཡང་མེད་པར་འགྱུར་ལྡོག་དང་གཡོ་སྐྱོམ་མང་དུ་བྱེད་ཀྱིན་པའི་མིང་བརྡ་རེ་རེ་དང་།  དེས་བརྡ་ཅི་ཞིག་སྤྲོད་པའི་ས་མཚམས་ནི་མི་རིགས་བྱུང་འཕེལ་སྟེང་གི་ལོ་རྒྱུས་ཀྱི་སྐས་རྐང་རེ་རེ་ཡིན་ལ།  སྐས་རྐང་རེ་རེའི་སྟེང་གི་འགྱུར་ལྡོག་དང་མཚོན་དོན་ནི་ཚེ་སྲོག་མང་པོའི་འཕེལ་འགྲུབ་ཀྱི་གནས་བབ་དངོས་དེ་ཡིན་པར་བསམ་ན།    ཐ་སྙད་རེ་རེའི་ངོ་བོ་དང་འཕེལ་འགྱུར་སོགས་ནི་མཐའ་ཡས་ཀྱི་གསང་བའི་མཛོད་ཆེན་ཞིག་ཏུ་ཐུག་ཡོད་པར་སྙམ། 

QQ图片20160726233812.jpg

               དེ་ལྟར་རྒྱལ་རོང་ཡུལ་ན་ད་དུང་ཞང་ཞུང་དང་བཙན་པོའི་དུས་སྐབས་ཀྱི་བརྡ་རྙིང་མང་པོ་རང་སོར་དང་རྒྱུན་འབྱམས་སུ་ལུས་ཡོད་པར་བཤད་ལ། རྒྱལ་རོང་བོད་སྐད་ཞིབ་འཇུག་བྱེད་མཁན་འཇར་པན་པ་ཞིག་གིས(ཞང་ཞུང་སྐད་དང་། བོད་སྐད་ཀྱི་སྤྱི་འགྲོས།  རྒྱལ་རོང་བོད་སྐད་ཀྱི་འགྲོ་ལུགས་ལ་བསྡུར་ཞིབ་ལོ་མང་བྱས་མཐར། རྒྱལ་རོང་བོད་སྐད་ཀྱི་ཆགས་རིམ་དེ་གནའ་རབས་ཞང་ཞུང་སྐད་དང་གཅིག་མཐུན་ཡིན་པའི་གསལ་ཁ་རྙེད་ལ།   དེང་སྐབས་ཀྱི་རྒྱལ་རོང་བོད་སྐད་དེ་ཞང་ཞུང་སྐད་ཀྱི་ཆགས་རིམ་དང་།  གནའ་རབས་བོད་སྐད་ཀྱི་ཐ་སྙད་དང་སྒྲ་གདངས་མཉམ་བསྲེས་བཅས་ལས་གྲུབ་པའི་བོད་ཀྱི་ཡུལ་སྐད་ཁྱད་པར་ཅན་ཞིག་ཡིན་པ་ཤེས་རྟོགས་བྱུང་།)ཡོད་ཅེས་ཟེར་གྱིན་འདུག་ལ།  ཞིབ་འཇུག་གི་འབྲས་བུ་གསར་བ་དེས་ཁྱུང་རབས་རྣམས་སུ་བཀོད་པའི་ཞང་ཞུང་ཁྱུང་དཀར་པོའི་རུས་རྒྱུད་རྒྱལ་རོང་དུ་སླེབས་པའི་ལོ་རྒྱུས་རྙིང་བ་དེ་ལའང་བདེན་དཔང་གསར་བ་ཞིག་བྱས་ཡོད་པར་བཤད།

QQ图片20160726233826.jpg

            ཞང་རྒྱལ་ཀུན་དགའ་ནོར་བུས་བོན་གྱི་བཀའ་བསྟན་དཔར་ཤིང་ཐོག་མ་བསྐྲུན་པ་ནས། རྒྱལ་རོང་ཡུལ་དུ་ཁྲོ་སྐྱབས་པར་མ་དང་། ཆུ་ཆེན་ཟངས་པར་མ་ལྟ་བུའི་བོན་གྱི་བཀའ་བསྟན་གྱི་པང་ཤིང་མང་དུ་བྱུང་མོད། ད་ལྟ་གཡུང་དྲུང་ལྷ་སྟེང་དགོན་དུ་ཐར་ཐོར་ཞིག་ལས་མེད་པར་ཐོས།  གང་ལྟར་རྒྱལ་རོང་ནི་ཞང་བོད་རིག་གནས་ཀྱི་རྨང་མཐུག་ས་ཞིག་དང་།  བན་བོན་སྔགས་གསུམ་གྱི་རྫོང་ཟབ་ས་ཞིག

QQ图片20160726233815.jpg

            དེ་ལྟར་རྒྱལ་མོ་ཚ་བ་རོང་གིས་ལོ་རྒྱུས་དང་རིག་གནས་ཀྱི་འཕེལ་རིམ་སྣ་ཚོགས་ཤིག་བརྒྱུད་མྱོང་ཡོད་ལ།  ངོ་མཚར་གྱི་གཏམ་བརྒྱུད་དང་ངག་རྒྱུན་མང་པོའི་བྱུང་བའང་འདེགས་མྱོང་ཡོད།  ལོ་རྒྱུས་ནི་འགྱུར་ལྡོག་མང་དུ་བསྐྱེད་པའི་རླབས་ཕྲེང་ཞིག་ཡིན་པ་བདེན་ན།  རླབས་རྒྱུན་རེ་རེ་འགྲུབ་བྱེད་ཀྱི་མིང་བརྡ་དང་ཐ་སྙད་ཀྱི་ངོ་རྟགས་རེ་རེ་ནི་འགྱུར་ལྡོག་གང་ཞིག་མཐོང་སའི་མེ་ལོང་དངོས་དེ་ཡིན་དགོས།

 

                                @པར་བ།   དཔེ་ཆ་བ།
                                 @རྩོམ་འབྲི་མཁན།  རྫ་སྐྱེས་ཕུར་བ།

 

པར་བ་དང་ངེད་དྲ་བ་གང་རུང་གི་ཆོག་མཆན་མེད་པར་རྩོམ་དང་པར་སོགས་གཞན་དུ་བཀོལ་སྤྱོད་བྱ་མི་རུང་།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།