མཚོ་སྔོན་པོ། མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་སུམ་སྟོང་ཉིས་བརྒྱ་མ་ཟིན་ཙམ། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་བཞི་སྟོང་ལྷག་དང་། གཏིང་ཟབ་ཤོས་ལ་སྤྱི་ལེ་སོ་གཉིས་ཡས་མས་ཙམ་ཡིན་པའི་བོད་ཁམས་ཀྱི་གྲགས་གཡེར་རྒྱས་པའི་མཚོ་ཆེན་ཞིག
མཚོ་འདིར་མཚེར་པ་རི་དང་། བྱ་གླིང་སོགས་གླིང་ཕྲན་ལྔ་ཡོད་ལ། ཤར་ན་ཨ་མ་ཟོར་དགུ། ལྷོ་ན་བློན་པོ་གསེར་ཆེན། ནུབ་ན་བྲག་དཀར་ཐེམ་ཆེན། བྱང་ན་རྐང་ཚའི་རྫ་དམར་སོགས་རི་བོ་བརྗིད་ཉམས་ཅན་དུ་མས་ཀྱང་མུ་འབྲེལ་གྱིས་མཐའ་ཡོངས་སུ་བསྐོར་ཏེ་ཡོད།
བོད་མིས་དད་སེམས་ཀྱི་སྣང་ངོར་མཚོ་འདི་ནི་དངོས་མེད་ལྷ་ཡིས་གནང་པའི་བྱིན་རླབས་ཀྱི་ཁྲུས་ཆབ་ཅིག་དང་། དངོས་ཡོད་བོད་ལ་དབང་བའི་དག་གཙང་གི་མེ་ལོང་ཞིག་ཡིན་པར་སྙམ་སྟེ་ཡོད། དེ་ལྟར་སྙམ་པར་ཡང་ལེ་ཁག་མེད་པ་ཞིག་ནི་ཡིན་ལོས་ཆེ་སྟེ། མི་ལོ་བཞི་སྟོང་ལྷག་གི་ལོ་རྒྱུས་ཀྱི་བརྒྱུད་རིམ་ནང་གཡུང་དྲུང་བོན་གྱི་གཤེན་སྲས་གསེར་ཐོག་ལྕེ་འབྱམས་ཀྱིས་སྒྲུབ་པའི་གནས་སུ་ཐོག་མར་མཛད་པའི་གཏམ་རྒྱུད་ཀྱི་མགོ་ཚུགས་པ་ནས། མི་རྗེ་སྲོང་བཙན་སྒམ་པོས་ལས་བཞིའི་འཕྲིན་ལས་བསྒྲུབ་པའི་གནས་སུ་བྱས་པར་གྲགས་པ། ཕྱིས་སུ་མ་གཅིག་ལབ་སྒྲོན་དང་། ས་སྐྱ་ཀུན་དགའ་རྒྱལ་མཚན་སོགས་སྐྱེས་ཆེན་སྟོང་ཕྲག་མང་པོས་ཞབས་ཀྱིས་བཅགས་ཤིང་བྱིན་རླབས་མཛད་པའི་གནས་སུ་གྲུབ་ཅིང་། འབྲི་གུང་བཀའ་བརྒྱུད་པས་ཆེས་ཐོག་མའི་མཚོ་སྐོར་གྱི་སྲོལ་གཏད་པ་སོགས་བོད་མིའི་དད་སེམས་དང་འབྲེལ་བའི་ལོ་རྒྱུས་ཀྱི་སྣང་ཚུལ་རིང་མོ་ཞིག་ངང་གིས་གྲུབ་ཏེ་ད་དུང་གནས་ཡོད།
མཚོ་སྔོན་པོར་རྗེས་ལོན་དང་། ངེས་ཤེས་འདྲོང་བ་བྱ་འདོད་ན་མཚོ་སྔོན་ཕྱོགས་ཀྱི་ས་རྒྱུས་དང་། ལོ་རྒྱུས་ཀྱི་ཡག་ཚང་ཁག་དང་། བོད་ཁམས་ཀྱི་སྐྱེས་ཆེན་དམ་པ་མང་པོའི་རྣམ་ཐར་དང་། རྣམ་མགུར་རྣམས་ལ་གཟིགས་དང་། མཚོ་ཁྲི་གཤོག་རྒྱལ་མོ་ནི་སྐབས་རེར་དངོས་མེད་ལྷ་ཡི་སྒྱུ་འཕྲུལ་ལྟ་བུ་དང་། སྐབས་རེར་བརྩེ་ཆེན་བསགས་པའི་མ་ཡུམ་ལྟ་བུ་དང་། ཡང་སྐབས་རེར་ལོ་རྒྱུས་ཀྱི་དྲན་པ་སྲུང་བའི་བདེན་དཔང་ལྟ་བུ་སོགས་མདོར་ན་ངོས་འཛིན་སྟོང་དང་བཤད་ཚུལ་འབུམ་དུ་ཡོད་པས། ཁྱོད་ལ་འཆར་སྒོ་དུ་མའི་མཚོ་ཆེན་ཁྲི་གཤོག་རྒྱལ་མོའི་བརྙན་ཡོལ་དུ་མ་ཞིག་ཡིད་ལ་འཁོར་ཏུ་འཇུག་གོ།
དྲ་བའི་དོ་དམ་པ་དང་། རྩོམ་པ་བོ་གང་རུང་གིས་ཆོག་མཆན་མ་ཐུབ་པར་པར་རིས་དག་གཞན་དུ་འདྲེན་བཀོད་གཏན་ནས་མི་འོས། འདི་ནི་བརྩམས་ཆོས་ཀྱི་ཕུང་བོ་ཞིག་ཏུ་གྲུབ་ཡོད་རྐྱེན། རྩོམ་གྱི་བདག་དབང་ལ་ངེས་ཤེས་དང་བརྩི་བཀུར་ཡོད་པ་གནང་རོགས་ཞུས་ཡོད།










དེ་ནི་ཙོང་ཁ་ཇི་ཐང་གི་མེ་ལོང་ཡིན་ནམ།
དེ་ནི་མེ་ལོང་འབྱིད་བྱེད་ཀྱི་སྤྲིན་པ་ཡིན་ནམ། དེ་ནི་དཀར་སྔོན་ཡུག་གཅིག་འདྲེས་པའི་མཚོ་སྔོན་པོ་ཡིན་ནམ། དེ་ནི་དུས་ཀྱི་སྲུང་བའི་པུ་ཧ་ཆུ་བོ་ཡི་མཛའ་གཅུགས་ཡིན་ནམ། དེ་ནི་མཛའ་གཅུགས་སུ་གྲུབ་པའི་མཚོ་སྔོན་པོ་ཡིན་ནམ།
__པར་བ། དབུ་ནག་མ།
__རྩོམ་འབྲི་མཁན། རྫ་སྐྱེས་ཕུར་བ།