བསང་གི་རྡོ་མཁར་རིང་མོ།

103930

རྩོམ་པ་པོ།   རྫ་སྐྱེས་ཕུར་བ།

 

        བསང་གི་མ་ཎིའི་བཀའ་འབུམ་མམ། (མིང་གཞན་གླིང་གི་མ་ཎི་རྡོ་མཁར་འབོད་པ་ཡོད།) བསང་གི་རྡོ་མཁར་ནི། རྒྱའི་གྲོང་ཁྱེར་སྤོས་ལྡན་ནས་བརྩིས་པའི་སྤྱི་ལེ1070 མཚམས་སུ་གནས་ཤིང་། མཐོ་ཚད་རྒྱ་མཚོའི་ངོས་ལས་སྨིས4000ཡན་བརྒལ་བའི་རྫ་ཆུ་ཁའི་ཨ་རིག་རྫ་སྡེ་བའི་བསང་ཞེས་པའི་ས་ཆ་རུ་ཡོད། ལོ་རྒྱུས་ངག་རྒྱུན་ཧ་ཅང་རིང་པའི་གནའ་བོའི་རྡོ་མཁར་ཞིག་ཡིན་པ་བཤད་རྒྱུན་གྲགས་ཤིང་། མི་རབས་མང་པོའི་ངག་རྒྱུན་དུ་ཡོད་པ་ནི། ཧོར་གླིང་གཉིས་བར་གཡུལ་འགྱེད་དམག་འཁྲུག་བྱུང་སྐབས། གླིང་དཔོན་ཁྲོ་ཐུང་གིས་ཧོར་རྒྱལ་གུར་དཀར་ལ་མནའ་བཅད་ཀྱི་གྲོགས་པོ་བསྒྲིགས། གླིང་གི་མི་གཡང་དུ་རྩིས་ཆེ་བའི་སྲས་ཆུང་སྣང་ངུ་གཡུ་སྟག་དགྲ་ཧོར་གྱི་ལག་ཏུ་བཞག  ལས་ནག་པོ་ཚད་མེད་ཅིག་བྱས་སྟབས།  དེ་ཡི་ཉེས་ཆད་དམ་སྡག་བཤགས་སུ་ཨ་མི་དེ་བའི་(ཨ་མི་ཏཱ་བྷ་སྟེ་འོད་དཔག་མེད)གཟུངས་སྔགས་དུང་ཕྱུར་ལྔ་བཅུ་ལྷག་རྡོ་བརྐོས་སུ་བཞེངས་བཅུག་པ་དེས།   ད་ལྟའི་རྡོ་མཁར་འདི་ཉིད་ཀྱི་ཐོག་མའི་རྨང་གཞི་གྲུབ་པ་ཡིན་ཞེས་དམངས་ཀྱི་བཤད་རྒྱུན་དུ་བྱུང་།

        རྡོ་མཁར་འདི་ཡི་མཐོ་ཚད་ནི་སྨིས10ཡིན་ཚོད། ཡར་མར་གྱི་སྣེ་རིང་ཚད་ལའང་སྨིས100ལྷག་དང་ རྡོ་མཁར་སྟེང་དུ་ཡིག་བརྐོས་རྡོ་འབུར་ཁ་སྣོན་དང་། རྡོ་བརྩིགས་བསགས་འཇོག་བྱས་པ་མང་དྲགས་སྟབས། ད་ལྟའི་རྡོ་མཁར་གྱི་ཕྱེད་ལྷག་ས་ནང་དུ་ཟུག་པར་བཤད། ཡར་སྔོན་ཀྲུང་གོའི་གནའ་རྫས་རྟོགས་ཞིབ་རུ་ཁག་ཟེར་བ་ཞིག་གིས། ཞིབ་འཇུག་གྲུབ་དོན་ལ་རྡོ་མཁར་འདི་ནི་འཛམ་གླིང་སྟེང་གི་ངོ་མཚར་ཆེ་ཞིང་ཆེས་སྔ་བའི་རྡོ་མཁར་ཐོག་མ་ཡིན་པ་བཤད་བསྒྲགས་བྱས།  གང་ལྟར་བསང་གི་རྡོ་མཁར་ནི་ས་གནས་དམངས་ཚོགས་ཀྱིས་ཕྱག་དང་བསྐོར་བ་བགྱི་སའི་དད་རྟེན་གྱི་མེ་ལོང་ཞིག་དང་། ལོ་རྒྱུས་དུས་ཡུན་རིང་པའི་དངོས་པོའི་ནོར་བུ་ཞིག་ཡིན་པ་འདྲ།  2015ལོའི་ཟླ4ཚེས25ཉིན་སྤུན་མཆེད་ཅིག་དང་། སྲུང་ཆུང་མ། ངེད་གསུམ་ཆེད་དུ་སྒེར་གྱི་རླངས་འཁོར་བཀོལ་ཏེ་ནངས་མོའི་ཆུ་ཚོད8དང་སྐར་མ40ཐོག་རང་ཁྱིམ་ནས་ལམ་ལ་ལངས་ཤིང་། འཕྲང་དོག་པའི་ས་ལམ་ཀྱ་མ་ཀྱོག་ཅིག་བརྒྱུད་ནས་སོང་མཐར་སྔ་དྲོའི་ཆུ་ཚོད11དང་སྐར་མ33སྟེང་རྡོ་མཁར་ཡོད་སའི་ས་དེར་དངོས་སུ་ཐོན། ས་དམར་གྱིས་བཟུང་ཡོད་པའི་ས་ཆ་དེ་ལ་དཔྱིད་དུས་ནི་ཐལ་རྡུལ་གྱིས་གང་བཞིན་འདུག  ཐོན་མ་ཐག་སྲུང་ཆུང་མས་ཐལ་རྡུལ་དང་གྲང་ངར་ལ་འཛེམ་མེད་ཀྱིས་བརྐྱང་ཕྱག་བཞག་པ་དང་བསྐོར་བ་མང་དུ་བྱས། ངེད་གཉིས་ཀྱིས་ཀྱང་ཡི་གེ་འབུར་མ་འགའ་བླུས་ཏེ་རྡོ་མཁར་སྟེང་དུ་བརྩིགས།  དེ་ནས་དྲན་རྟེན་གྱི་པར་འགའ་བསྐྱོན་རྗེས་ཕྱི་དྲོའི་ཆུ་ཚོད2ཟིན་པ་ན་ཕྱིར་རང་ཁྱིམ་དུ་ལོག་པའི་ལམ་དུ་ཆས།

རྫ་སྐྱེས་ཕུར་བ་འབོད་པས་ས་དེར་དངོས་སུ་སོང་པའི་ཉིན་ཐོ་ཙམ་དུ་སྦྱར་རོ།།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།