དཔེ་ཀློག་གི་དོན་སྒོ།

1032


རྩོམ་པ་པོ།    རྨེ་རུ་ཡུལ་ལྷ་ཐར།

 

4•23  འཛམ་གླིང་དཔེ་ཀློག་ཉིན་མོར་བྲིས་པ།

 

དེ་རིང་མཚན་མོའི་གཤོག་པ་འདི་གཡར་ཏེ་འཛམ་གླིང་དཔེ་ཀློག་ཉིན་མོར་གཞོན་སྐྱེས་བོད་མི་དག་ལ་སྐད་ཆ་ཁ་ཤས་ལབ་འདོད་བྱུང་།  དེའང་གཞན་ཞིག་བརྗོད་རྒྱུ་མིན་པར།  དཔེ་དེབ་ཀློག་པའི་དགོས་པ་ཉིང་དགོས་དང་མཐར་ཐུག་གི་དམིགས་ཡུལ་ཐད་ནས་གླེང་འདོད་བྱུང་།

དཔེ་དེབ་ཀློག་པའི་ཉིང་དགོས་ནི།  བསམ་བློ་གཏོང་ཤེས་པ་དང་།  བསམ་བློ་གཏོང་མཁས་པ།  བསམ་བློ་གནད་ཅན་དུ་གཏོང་ཤེས་པ་བཅས་ཀྱི་ཆེད་ཡིན་ཞིང་།  གལ་ཏེ་དེབ་བརྒྱ་ཕྲག་བཀླགས་མཐར་ལྡོག་སྟེ་ཀླད་པ་སྲ་མཁྲེགས་སུ་གྱུར་ཏེ་གྲོལ་མི་ཐུབ་པར་གནས་ན་ནི།  དཔེ་དེབ་བཀླགས་ཉེས་ཤོར་བར་བལྟ་དགོས་སོ། །ཁ་ཤས་ནས་འདི་འདྲ་བ་ཨེ་སྲིད་དམ་འདོད་མཁན་ཡོད་ངེས་མོད།  ང་ཚོའི་ཉེ་འཁོར་དུ་འདི་འདྲ་བའི་དཔེ་གཞི་ཧ་ཅང་མང་ཞིང་ད་དུང་ཡང་མུ་རུ་འབྱུང་གིན་ཡོད་པས་ན།  དེ་ལ་དོགས་པ་ཟ་མི་དགོས་སོ། །

དེབ་བརྒྱ་ཕྲག་བཀླགས་ཀྱང་ཀླད་པ་ཨ་འཐས་སུ་གྱུར་ཏེ་ཨུ་ཚུགས་གཡག་སྣར་དྲངས་ཤིང་རང་ལྟ་མཆོག་ཏུ་འཛིན་པ་ཞིག་ལ་མཚོན་ན།  ཕལ་ཆེར་དཔེ་ཀློག་དེ་རང་གི་ནོམ་པ་གསོག་སྤྱད་ཁོ་ནར་བལྟས་པས་ཡིན་ཞིང་།  དཔེ་ཀློག་ལ་དོགས་སློང་དང་བསམ་གཞིག་མེད་པར་གང་ཡོད་ཧུབ་ཀྱིས་གཞིབ་པ་དང་དད་སྟོབས་ཁོ་ནས་གཞི་བསྲིངས་པས་ཡིན་ངེས།  སྤྱིར་བཏང་ཡིན་ན།  དཔེ་ཀློག་གིས་མཐོང་རྒྱ་ཐོས་རྒྱ་བསྐྱེད་ཅིང་རིགས་པའི་སྒོ་མོ་འབྱེད་པ་དང་བསམ་གཞིག་ལ་གཤོག་ཟུང་སྤྲོད་ནུས་པས།  དཔེ་ཀློག་རེ་རེ་རང་ཉིད་ནར་སོན་གྱི་གོ་རིམ་རེ་རེ་ཡིན་ཞིང་།  ཀླད་པ་བཅིངས་གྲོལ་གྱི་ཚོད་ལྟ་རེ་རེ་ཡིན་པ་རེད།  དཔེ་ཀློག་སྐབས་ལ་གཞན་གྱི་བསམ་བློ་དང་ལྟ་བ་མཚོན་པའི་བརྗོད་པ་མི་འདྲ་བར་བློ་གཤོག་ཆེན་པོས་བསམ་གཞིག་གཏོང་དགོས་པར་མ་ཟད།  རང་གི་ཤེས་ནུས་རྩལ་གསུམ་ལ་ཡང་དང་བསྐྱར་དུ་ཞིབ་རྟོག་བྱེད་པ་དང་གོ་བབ་དཔྱད་ཞིབ་བྱེད་པ་གནད་ཆེ།  དེ་མ་ཡིན་པར་དཔེ་ཀློག་རེ་རེ་རང་གི་གོ་གནས་འདེག་བྱེད་དང་ངོམས་སོ་བྱེད་སྤྱད།  གཞན་སྡེ་འཇོམ་བྱེད།  ཁ་འཁྲུག་བཤད་སྤྱད།  རང་སེམས་གསོ་བྱེད་རེ་རེར་གྱུར་ཚེ།  ནང་སེམས་ཀྱི་ཤེས་པའི་བག་ཡངས་ཀྱི་ཞིང་ཐང་ལ་ནམ་ཡང་བསླེབ་ཐབས་མེད་དོ། །

དཔེ་ཀློག་བྱེད་པར་དམིགས་གཏད་བཟང་བོ་དགོས་པའི་སྟེང་།  ལྷག་བསམ་གྱི་དཀྱེལ་ཡངས་ཤིག་ངེས་པར་དགོས་ལ།  དཔེ་དེབ་ལ་དྲིན་གཟོ་བའི་སེམས་ཀྱི་དམ་བཅའ་ཞིག་ཀྱང་དགོས་སོ་སྙམ།  དཔེ་དེབ་ལ་དྲིན་གཟོ་བ་དེ་གང་ཡིན་ཞེ་ན།  ཤེས་པ་གསར་གཏོད་བྱེད་ནུས་པ་དང་གཞན་གྱི་བློ་སྒོ་འབྱེད་ཤེས་པ།  གནས་ལུགས་འཆད་མཁས་པ་བཅས་ཀྱི་སྟེང་ནས་མངོན་དགོས་སྙམ།  གལ་ཏེ་དེབ་མང་བཀླགས་ཀྱང་རང་གི་ཚིས་ཁོ་ན་ལས་སྐྱོང་མི་ནུས་ཤིང་།  གཞན་ཉིད་ཕར་ཟད་རང་གི་ལམ་བུའང་ཤར་མར་གཤགས་མི་ནུས་ན།  དཔེ་དེབ་བཀླགས་པའི་ཕམ་ཁ་དངོས་སུ་བརྩི་དགོས་ལ།  ལམ་སྟོན་བྱེད་པའི་ནུས་པ་ཤོར་བ་མཚོན་ནོ། །

དེབ་ཀྱི་བཟང་ཆ་ནི་གཞན་གྱིས་མི་ཤེས་པར་ཁྱོད་ལ་སྙིང་སྟོབས་དང་ནུས་པ་འཛད་མེད་དུ་སྟེར་བ་དེ་ཡིན་ཞིང་།  གནད་འགག་སྐབས་ལ་དེབ་ཀྱིས་སྦྱིན་པའི་ནུས་པ་དང་སྙིང་སྟོབས་ནི་དཔག་དཀའ།  དེབ་མང་བཀླགས་པས་ཁྱོད་ལ་གནས་ལུགས་ལ་དཔྱོད་པའི་ཤེས་རབ་འཕེལ་བར་བྱེད་ཅིང་།  རང་གི་ཁྱད་ཆོས་རྟོགས་ཤིང་སྐྱོན་གྱི་གསང་བ་འདོན་པར་བྱེད།  དེབ་མང་བཀླགས་པས་ཁྱོད་ཀྱི་རྒྱུ་འབྲས་བློ་མིག་གི་བློ་སྟོབས་བསྐྱེད་པར་བྱེད་ཅིང་།  དངོས་པའི་སྣང་ཚུལ་སྣ་ཚོགས་དྲང་བོའི་སྲང་ལ་གཞལ་དུ་འཇུག  དེབ་མང་བཀླགས་པས་ཁྱོད་ལ་འཚོ་ཚིས་སྟོབས་པར་མ་ཟད།  གཞན་ལ་ཐབས་ཤེས་སྩོལ་བར་ཡང་བྱེད་དོ། །དེ་བས།  དཔེ་དེབ་ཀློག་པ་ནི་རང་གཞན་ཀུན་གྱི་ཆེད་ཡིན་ཞིང་།  མ་འོངས་སང་ཉིན་གྱི་ཆེད་དུའང་ངོ་། །

དཔེ་དེབ་བཀླགས་པར་ད་དུང་ནུས་པ་གཞན་ཞིག་ཡོད་པ་ནི།  རང་གི་རྒྱུད་ཁུངས་འདེད་ཤེས་ཤིང་མི་བརླག་གི་རྗེས་དང་ཆུ་བརླག་གི་ཤུལ་འཚོལ་ནུས་ལ།  རང་གི་ཚུགས་སྲུང་ཞིང་གོམ་འགྲོས་བརྟན་པོས་བསྐྱོད་པ་ལའང་ཕན་པ་དང་།  ནུས་ཞན་འཁོས་ཆུང་གི་སྐབས་ལ་སྲོག་དབུགས་གསར་བ་བསྩལ་ཏེ།  འགྱེལ་བ་ལངས་སུའང་འཇུག་ནུས་སོ། །

དེས་ན་གྲོས་འདི་འདེབ་པར་བྱ་སྟེ།  དུས་རབས་ཉེར་གཅིག་པའི་བོད་རིགས་གཞོན་ཤར་རྣམས་ཀྱིས།  བོད་ལྗོངས་བསྐྱར་དར་གྱི་ཆེད་ལ་དཔེ་དེབ་བཀླག་པར་བྱའོ། །

2016•4•23    ཟི་ལིང་།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།