རྒྱལ་བ་གཉིས་པ་འཇམ་དཔལ་སྙིང་བོ་ལ་ཁྱད་པར་བཞི་ལྡན་གྱི་ཚུལ་དུ་རབ་བསྔགས་དད་པའི་མེ་ཏོག

35774

 

མཛད་པ་པོ།  འཇུ་མི་ཕམ།

 

མ་ལུས་ཕྱོགས་དུས་རྒྱལ་བའི་མཁྱེན་རབ་གང་། །  

གཅིག་བསྡུས་རྗེ་བཙུན་ངག་གི་དབང་ཕྱུག་ནི། །  

ངུར་སྨྲིག་འཛིན་པའི་གཟུགས་སུ་རྣམ་རོལ་བ། །  

མཚུངས་མེད་བློ་བཟང་རྒྱལ་བའི་དབང་བོ་ཁྱེད། །  

རྙོག་བྲལ་ཡིད་ཀྱི་རྒྱ་མཚོ་དྭངས་པའི་ངོས། །  

དད་པའི་འདབ་སྟོང་བཞད་པའི་གེ་སར་ལ། །  

དགྱེས་པར་བཞུགས་ནས་མོས་ལྡན་བདག་ཅག་གིས། །  

བསྟོད་པའི་མེ་ཏོག་འཐོར་ལ་ཡུད་ཙམ་དགོངས། །  

སྟོན་པ་མཆོག་དེས་དཔག་མེད་དཀའ་བ་ཡིས། །  

བསྒྲུབས་པའི་ཆོས་ཚུལ་ཡིད་བཞིན་རིན་པོ་ཆེ། །  

བཤད་དང་སྒྲུབ་པའི་རྒྱལ་མཚན་རྩེར་འགོད་པའི། །  

སྙིང་སྟོབས་རྡོ་རྗེ་དམ་བཅའ་ཁྱོད་ཀྱིས་བཞེས། །  

རྒྱུ་སྐར་ཕྲེང་བར་རྒྱུ་སྐར་བདག་པོ་བཞིན། །  

རྒྱལ་སྲས་རྒྱ་མཚོའི་དབུས་ན་ཁྱོད་ཉིད་ལས། །  

རྒྱལ་བའི་རྒྱལ་ཚབ་གཅིག་པུར་བསྔགས་པ་ཡི། །  

སྒྲ་དབྱངས་མཐའ་ཡས་རྒྱལ་བའི་ཞིང་ཀུན་ཁྱབ། །  

རྨད་བྱུང་རྒྱལ་སྲས་ཐུ་བོའི་རྣམ་ཐར་མཐའ། །  

རྫོགས་ཀྱང་ད་དུང་བྱིས་པའི་རོལ་རྩེད་ཀྱིས། །  

བསྟན་ལ་རིམ་གྱིས་སློབ་པའི་བརྫུ་བག་འདིས། །  

ཡང་དག་ལམ་ལ་སྐྱེ་བོའི་ཚོགས་ཀུན་དྲོངས། །  

རབ་འབྱམས་མདོ་དང་རྒྱུད་སྡེའི་ཟབ་གནད་ཀུན། །  

ཇི་བཞིན་མ་ནོར་འབྱེད་པའི་རྣམ་དཔྱོད་ཀྱིས། །  

མང་དུ་ཐོས་པ་རྒྱ་མཚོའི་ཚུལ་འཆང་བས། །  

ལེགས་བཤད་བྱེ་བའི་ཆུ་ཀླུང་གནས་སུ་གྱུར། །  

སྣ་ཚོགས་གཞུང་ལུགས་སོ་སོའི་དགོངས་པའི་དོན། །  

རང་བཟོའི་དྲི་མ་གཞར་ཡང་མ་མཆིས་པར། །  

ཚུལ་བཞིན་འགྲེལ་བར་བྱེད་ལ་ཁྱོད་དང་ནི། །  

མཚུངས་པ་མེད་ན་ལྷག་པ་ལྟ་ཅི་ཞིག །  

འདི་ན་གྲུབ་མཐའི་ཚུལ་དང་ཐེག་པའི་གཞུང་། །  

རང་འདོད་ཕྱོགས་སུ་ལྷུང་བས་རྣམ་པར་དཀྲུགས། །  

ཁྱོད་ནི་རྒྱལ་བའི་བསྟན་པ་འབའ་ཞིག་གིས། །  

དབང་བྱས་ཕྱོགས་མེད་གཟུ་བོའི་ལམ་ལ་རྒྱུ། །  

ཐོག་མེད་སྲིད་པའི་ས་བོན་དངོས་ཞེན་དགྲའི། །  

སྲོག་ལ་བདག་མེད་ལྟ་བའི་མཚོན་འདེབས་པར། །  

ཁྱོད་ཉིད་ལྷག་པར་སྒྲིན་པའི་ངང་ཚུལ་གྱིས། །  

བདུད་ཀྱི་སྡེ་ཆེན་ཕམ་པའི་སྒྲ་ཆེན་བསྒྲགས། །  

སྲས་བཅས་རྒྱལ་བའི་དགོངས་དོན་མ་ནོར་བ། །  

སྟོང་དང་རྟེན་འབྱུང་ཟབ་མོའི་དེ་ཉིད་ལ། །  

ཡིད་ཆེས་གཏིང་ནས་རྙེད་པའི་སྒོ་གཅིག་པུ། །  

ཁྱོད་ཀྱི་ལེགས་བཤད་རྣམས་ལས་གཞན་པ་སུ། །  

ཐེག་མཆོག་སྔགས་ཀྱི་སྙིང་བོར་གྱུར་པ་ཡི། །  

སྒྱུ་ལུས་འོད་གསལ་གྱིས་མཚོན་ཟབ་མོའི་གནད། །  

ཇི་བཞིན་བཀྲོལ་བས་དཀྱིལ་འཁོར་བདག་པོས་ཀྱང་། །  

ཁྱོད་ལ་ཟླ་བ་བཟང་བོ་འདྲ་བར་བསྔགས། །  

ལྷག་བསམ་དག་པས་ཁྱོད་སྐུའི་འོ་མའི་མཚོར། །  

འཇམ་མགོན་ཟླ་བའི་འོད་བཟང་རྟག་འཐུང་བས། །  

ཕྲིན་ལས་ཟེགས་མ་དཀར་པོ་གཅིག་གིས་ཀྱང་། །  

བསིལ་ལྡན་ར་བའི་ཁོར་ཡུག་ཕྱུར་བར་བཀང་། །  

མཐའ་ཡས་གཞུང་ལུགས་ཀུན་གྱི་བརྗོད་བྱའི་དོན། །  

འགལ་བ་མེད་པར་ལན་གྱི་ཆ་རྐྱེན་དུ། །  

ཉམས་ལེན་གནད་ཀྱི་གདམས་པར་འཆར་བ་ཡི། །  

ཀུན་ཕན་བདུད་རྩིའི་མཆོད་སྦྱིན་ཁྱོད་ཀྱིས་བཀྲམ། །  

རྒྱལ་སྲས་རྣམས་ཀྱི་ཟབ་རྒྱས་སྤྱོད་པའི་ཚུལ། །  

ཉིད་ཀྱི་མཛད་བཟང་སྣང་བས་གསལ་བྱས་པ། །  

དེའི་ཚེ་ཕྱོགས་རིས་ཁེངས་ལྡན་གཞན་གྱི་ལུགས། །  

ཉིན་མོར་བྱེད་པས་རྒྱུ་སྐར་བཞིན་དུ་མནན། །  

རྨད་བྱུང་ཤིང་རྟ་གཉིས་ཀྱི་གཞུང་ལུགས་ལ། །  

གྲུབ་མཆོག་རྣམས་ཀྱིས་ལེགས་པར་བཀྲལ་བ་ཡི། །  

ཟབ་མོ་རྡོ་རྗེ་ཐེག་པའི་ལམ་གྱི་འགྲོས། །  

ཉམས་ལེན་གནད་དུ་སྒྲིལ་བ་ཁྱོད་ཀྱི་སྲོལ། །  

དེ་ཕྱིར་མདོ་དང་སྔགས་ཀྱི་བསྟན་པ་གང་། །  

ཡོངས་རྫོགས་ཆོས་ཀྱི་རྒྱལ་པོ་ཁྱོད་ཀྱིས་ནི། །  

བཤད་དང་སྒྲུབ་པའི་རྒྱལ་ཐ་ས་རིན་པོ་ཆེ། །  

སྲིད་པ་གསུལ་གྱི་བླ་ན་མངོན་པར་འཕགས། །  

བཤད་དང་སྒྲུབ་པ་ཕྱོགས་རེའི་བརྟུལ་ཞུགས་ཀྱིས། །  

འོད་བཟང་སྤྲོ་བའི་བློ་ལྡན་རྒྱུ་སྐར་བརྒྱས། །  

མཁྱེན་མཆོག་ནམ་མཁའི་ནོར་བུ་ཁྱོད་གཅིག་ལ། །  

འགྲན་མི་ནུས་ན་སུ་ཞིག་དེ་ལ་བསྙོན། །  

མཁྱེན་མཆོག་སྟོན་པ་དེ་ཡི་བསྟན་པ་གང་། །  

རྣམ་པར་གྲོལ་བའི་འཇུག་ངོགས་མཚུངས་མེད་ལམ། །  

ནན་ཏན་སྙིང་བོར་མཛད་པའི་བརྩོན་ཆེན་གྱིས། །  

ཉིན་དང་མཚན་མོ་ཁོར་ཡུག་གཅིག་ཏུ་བཟླུམས། །  

སྟོང་དང་སྙིང་རྗེ་ཟུང་དུ་འབྲེལ་བ་ཡི། །  

ལམ་མཆོག་མཚུངས་པ་མེད་པས་རྒྱལ་སྲས་ཀྱི། །  

རྣམ་ཐར་རྒྱ་མཚོ་ལྟ་བུའི་རང་བཞིན་ལ། །

 ཁྱོད་ནི་ཡིད་བཞིན་ནོར་བུར་འདོད་དགུར་རོལ། །  

ཉེ་བར་ཞི་བ་ཐུགས་ཀྱི་མཁའ་དབྱིངས་སུ། །  

རླབས་ཆེན་བསོད་ནམས་གསེར་གྱི་སྙིང་བོའི་སྤྲིན། །  

ཆེས་ཆེར་དཀྲིགས་པས་ཕན་བདེ་ནོར་བུའི་ཆར། །  

མ་ལུས་ཞིང་ཀུན་ཏུ་ཡང་ཁྱབ་པར་བརྡལ། །  

སྒོ་གསུམ་ལྷ་སྔགས་ཆོས་སྐུའི་རོལ་མོ་ཡིས། །  

ཐ་མལ་སྣང་ཞེན་དྲི་མ་ཀུན་བཀྲུས་ཏེ། །  

ཟབ་གསལ་བདེ་བ་ཆེན་པོའི་དབྱིངས་ཉིད་དུ། །  

དཀྱིལ་འཁོར་ཀུན་གྱི་བདག་པོར་མངའ་དབང་འབྱོར། །  

ཇི་ལྟ་ཇི་སྙེད་ཆོས་ཀྱི་གནས་ཚུལ་ལ། །  

ཡང་དག་རིགས་པས་དྲངས་པའི་ངེས་ཤེས་ནི། །  

ཐེ་ཚོམ་སྨག་དང་བྲལ་བའི་ཉམས་མྱོང་གིས། །  

ཉམས་ལེན་གནད་དུ་འཛུད་པ་ཁྱོད་ཀྱི་སྲོལ། །  

རྒྱལ་བ་མཆོག་དང་རྒྱལ་སྲས་སེམས་དཔའ་དང་། །  

མཁས་ཤིང་གྲུབ་བརྙེས་རྣམས་ཀྱི་དགྱེས་པའི་ཞལ། །  

རྟག་ཏུ་ཁྱོད་ལ་ཕྱོགས་པའི་ངང་ཚུལ་གྱིས། །

ཟབ་དོན་ཐུགས་ཀྱི་གསང་བ་མངོན་སུམ་འདོམས། །

མཚུངས་མེད་རྒྱལ་བ་དགྱེས་པའི་ལམ་བཟང་ནས། །  

གྲུབ་མཆོག་ནོར་བུའི་གླིང་དུ་གཤེགས་ཁྱོད་ཀྱི། །  

ཞབས་སེན་ཨུཏྤལ་གཞོན་ནུའི་ཕྲེང་བ་གང་། །  

གྲུབ་བརྙེས་བྱེ་བའི་གཙུག་ཏོར་རྩེ་ན་མཛེས། །  

ས་སྟེང་ཆུ་ཀུན་ཆུ་གཏེར་ཆེན་པོ་ལ། །  

གཞོལ་བ་ཇི་བཞིན་ཉིད་ཀྱི་མཛད་པའི་སྒོ། །  

ཀུན་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ། །  

ཕྱོགས་དུས་ཀུན་ཏུ་རྒྱས་པའི་ཐབས་སུ་བཤམས། །  

དམིགས་མེད་སྙིང་རྗེའི་སྟོབས་མཆོག་མཚུངས་མེད་པས། །  

རིགས་གསུམ་སེམས་དཔའ་དགྱེས་པའི་རྣམ་ཐར་མཐའ། །  

གངས་ཅན་འདི་ན་ཁྱོད་ཀྱིས་ལེགས་བསྐྱངས་པས། །  

ད་དུང་དུ་ཡང་བསྟན་པའི་སྣང་བ་འབར། །  

རིང་ནས་གོམས་པའི་ཐུགས་བརྩེས་ཞིང་ཀུན་ཏུ། །  

རྒྱལ་བསྟན་འཛིན་པའི་སྨོན་ལམ་མཐུ་གྲུབ་པས། །  

ཕྲིན་ལས་བཟང་བོའི་ཆ་ཤས་ཙམ་གྱི་ཡང་། །  

གྲགས་པས་རྒྱ་མཚོའི་གོས་ཅན་ཀུན་ནས་ཁེབས། །  

མཁྱེན་རབ་ཉི་མའི་འོད་དང་མཛད་བཟང་གི །  

ཨུཏྤལ་གཞོན་ནུའི་དགའ་ཚལ་རྟག་འགྲོགས་པས། །  

བརྩེ་ཆེན་སྐྱོབ་པ་དགྱེས་པའི་ལམ་མཆོག་ནི། །  

ཁྱོད་ལ་ཕྱོགས་སུ་ལྷུང་བ་བཞིན་དུ་བཀུག །  

དེ་ཕྱིར་ལྷ་རྣམས་དག་ལས་ལྷ་དབང་དང་། །  

པདྨའི་ཚལ་ན་ཕདྨ་དཀར་པོ་བཞིན། །  

ཁྱོད་ཀྱི་རང་ལུགས་གཙང་མའི་གཟི་བྱིན་དེས། །  

ཕྱོགས་གཞན་གྲུབ་མཐའ་དཔལ་དང་ལྡན་པར་རྒྱལ། །  

ཐུབ་བསྟན་ཡོངས་སུ་རྫོགས་པའི་སེང་གེ་སྒྲས། །  

བསིལ་ལྡན་ར་བ་དཀར་པོའི་ཁོར་ཡུག་ཁྱོན། །  

ཁྱབ་མཛད་མཚུངས་པ་མེད་པའི་རྣམ་ཐར་གྱིས། །  

བདུད་སྡེ་བྱེ་བའི་རུ་མཚོན་ཅིག་ཅར་བསྙིལ། །  

བློ་བཟང་མཁྱེན་པའི་ཉི་མ་གཅིག་གིས་ཀྱང་། །  

ས་སྟེང་གནས་པའི་རབ་རིབ་རྣམས་བཅོམ་པས། །  

ཡང་དག་རིགས་པའི་ལམ་ནས་ཟབ་རྒྱས་ཆོས། །  

སྨྲ་བའི་སེངྒེ་ས་ཆེན་རྣམ་པར་བཀང་། །  

རྨད་བྱུང་རྣམ་ཐར་གཙང་མའི་མཛད་བཟང་གིས། །  

ཐུབ་བསྟན་རྙོགས་མར་གྱུར་པ་ཀུན་བགྲུངས་ནས། །  

བཟང་བོའི་གསེར་དང་མཚུངས་པའི་ཁྲིམས་འཆང་བ། །  

ངུར་སྨྲིག་འཛིན་པས་ས་འདི་དོག་པོར་བྱས། །  

ཡང་དག་བསླབ་པ་གསུམ་གྱི་ཉམས་ལེན་དང་། །  

རྗོད་བྱེད་སྡེ་སྣོད་གསུམ་གྱི་འཆད་ཉན་གང་། །  

ལྷན་ཅིག་འགྲན་པ་བཞིན་དུ་འཕེལ་བ་ཡི། །  

རླབས་ཆེན་འཕྲིན་ལས་ཁྱོད་ཉིད་གཅིག་པུར་མཛད། །  

འཕགས་མཆོག་ཁྱོད་ཀྱི་རྣམ་ཐར་འདི་འདྲ་བ། །  

ཐོས་པ་ན་ཡང་རྒྱལ་སྲས་སེམས་དཔའ་གཞན། །  

དགའ་བའི་སྙིང་གི་ཆུ་གཏེར་གཡོ་ནུས་ན། །  

བདུད་ཀྱི་ཡིད་ལ་ཟུག་རྔུ་ཅིས་མི་སྟེར། །  

ཁྱོད་ཀྱི་བརྒྱུད་འཛིན་དམ་པའི་སྐྱེ་བོ་རྣམས། །  

ཀུན་སྤྱོད་སྨད་དུ་མེད་པའི་ཚུལ་ཁྲིམས་དང་། །  

སྐྱོན་བྲལ་རྣམ་དཔྱོད་བཟང་བོའི་ངང་ཚུལ་གྱིས། །  

ཕྱོགས་ཀྱི་སྐྱེ་བོ་ཀུན་གྱི་གཙུག་ན་མཐོ། །  

བློ་ཆུང་ཕྲག་དོག་གཡོ་བའི་ངང་ཚུལ་གྱིས། །  

ཁྱོད་ཀྱི་བསྟན་ལ་ལྷག་པར་གཤེ་ན་ཡང་། །  

རང་ཚུགས་བཟང་བོའི་འོད་བཟང་མ་ཉམས་པས། །  

སྨག་ལ་ཟླ་རྒྱས་བཞིན་དུ་ལྷག་པར་གསལ། །  

དེ་ཕྱིར་ཁྱོད་ཀྱི་རིང་ལུགས་རིན་པོ་ཆེ། །  

པདྨའི་དགའ་ཚལ་ལྟ་བུར་ཡིད་འོང་བ། །  

ལྷར་བཅས་འགྲོ་བ་དགའ་བའི་མཆོད་སྡོང་འདི། །  

སེམས་ཅན་སུ་ཡི་ཡིད་ལ་ཕོངས་མི་འགྱུར། །  

བདག་ཅག་འདི་ནས་སྐྱེ་བ་ཀུན་ཏུ་ཡང་། །  

ཀུན་སྤྱོད་གཙང་མའི་ཁྲིམས་ལྡན་པདྨའི་སྦུབས། །  

བློ་མཆོག་འཆར་ཀའི་འོད་དང་ལྷ་ཅིག་པས། །  

འཇམ་མགོན་དགྱེས་པའི་བརྟུལ་ཞུགས་འཛིན་གྱུར་ཅིག །  

བློ་དང་ཚུལ་ཁྲིམས་འཆལ་བའི་ཉེས་ཚོགས་ཀྱིས། །  

ཁྱོད་ཀྱི་ལུགས་བཟང་གཙང་མ་རྙོགས་བགྱིད་ཅིང་། །  

དྲི་མེད་བསྟན་ལ་རྨ་སྲོལ་འབྱིན་པ་ཀུན། །  

བདག་གི་སྟོབས་ཀྱིས་རྩད་ནས་འབྱིན་གྱུར་ཅིག །  

རྒྱལ་སྲས་རྒྱལ་བའི་འཕྲིན་ལས་ཙོང་ཁ་པའི། །  

རྣམ་ཐར་མཚུངས་པ་མེད་པའི་བདག་ཉིད་དང་། །  

ཀུན་ཏུ་མཚུངས་པའི་ཐབས་མཁས་སྤྱོད་པ་ཡིས། །  

འཇམ་མགོན་རྒྱལ་བའི་གོ་འཕང་འགྲུབ་གྱུར་ཅིག །

 

          ཅེས་པའང་གསེར་མདོག་ཅོད་པན་འཆང་བའི་རིང་ལུགས་ཆེན་པོ།  བསླབ་གསུམ་ནོར་བུའི་གཏེར་མཛོད་སྤྲུལ་བའི་སྐུ་བྲག་ཡབ་གདོང་ཀོ་སྤྲུལ་སྐུ་ངག་དབང་དམ་ཆོས་ཞལ་སྔ་ནས།  རྗེ་ཙོང་ཁ་པ་ལ་བསྟོད་པ་རྩོམས་ཤིག་ཅེས་བཀྲ་ཤིས་ལྷ་རེག་དང་།  རྗེ་རྒྱལ་བ་གཉིས་པའི་ན་བཟའ་གནང་སྐྱེས་བཅས་ཏེ་བཀའ་ཡི་སྐུལ་མ་ཡང་ཡང་བྱུང་བ་ལ་བརྟེན་ནས།  མི་ཕམ་བློ་བཟང་ཉི་མ་རང་ལོ་སོ་གཉིས་པའི་དུས་སུ།  མཛེས་ལྡན་འཆི་མེད་ལྗོན་པའི་དགའ་ཚལ།  རིན་ཆེན་བྲག་རི་བརྩེགས་པའི་སྟ་ཟུར་དུ།  རང་གནས་བདུད་རྩི་ཤིང་གི་སྤྱིལ་བུ་ནས་བསྙེན་མཚམས་ལ་གནས་པའི་ཐུན་གསེང་དུ་སྤེལ་བ་དགེ་ལེགས་མཆོག་གྱུར་ཅིག །

 

             (  རྩོམ་དབང་འདི་གར་ཡོད་པས་གང་འདོད་དུ་བསྐྱར་བཤུས་བརྒྱབ་མི་ཆོག )

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།