མཛད་པ་པོ། འབུམ་གསར་མཐུ་སྟོབས་མགོན་པོ།
ཧྲི༔ འཁོར་འདས་གདོད་མའི་ཀློང་དུ་རྫོགས་པའི་འཕྲུལ།།
རང་རིགས་ཨོ་རྒྱན་སྣང་སྲིད་འདུལ་བྱེད་རྩྭལ།།
འཇའ་ཟེར་འོད་ཕུང་འཁྲིག་དབུས་དྭངས་མའི་སྐུ།།
ཆས་བཞི་རབ་རྫོགས་སྲིད་གསུམ་ཟུལ་གནོན་གསལ།།
སྐྱཻ༔ རྨ་རྫ་ཆོས་ནོར་དགེ་བཅུས་ཕྱུག་པའི་ལྗོངས།།
འཆི་མེད་གྲོང་ཁྱེར་ལས་འཕག་སའི་ཐིག་ལེར།།
རྫ་སྤང་གཡུ་ཡི་མདོག་འཆང་ནོར་བུའི་ཚལ།།
རྩེ་མོར་ཆར་སྤྲིན་སྨུག་པོ་ལང་ལོང་འཁྲིག།
རྐེད་པ་སྣ་ཚོགས་མེ་ཏོག་རྣམ་པར་བཀྲ།།
རྩ་བར་རི་དྭགས་མང་པོས་རྩེ་བྲོ་བསྒྱུར།།
ཕྱི་བལྟས་ས་འཛིན་དབང་པོའི་རྣམ་པ་ལ།།
ནང་དུ་རིན་ཆེན་ཕོ་བྲང་ཉམས་དགའ་བ།།
ལྷ་ཀླུ་དྲང་སྲོང་དུ་མའི་བསྟི་གནས་མཆོག།།
རཏྣ་ར་གའི་འཕྲེང་བས་ཁོར་ཡུག་སྤྲས།།
ངོ་མཚར་བཀོད་པས་ཡོངས་སུ་བརྒྱན་པའི་དབུས།།
ལྷ་སྨན་ཀླུ་མོ་ཡིད་འོང་འོད་ཆགས་མ།།
སྟོན་ཟླ་རབ་དཀར་ཞལ་འཛུམ་དམར་མདངས་ཆགས།།
སྣག་སྣུམ་དབུ་སྐྲའི་ལན་ཚར་ཟུར་ཕུད་ལྔར།།
གསེར་གྱི་མེ་ཏོག་ཆུ་ཤེལ་མར་གད་དང་།།
ཨིནྟྲ་ནི་ལ་འབྲོམ་བུའི་རྒྱན་གྱིས་བརྒྱན།།
ཆུ་དར་མཐིང་ཀ་གསེར་གྱི་ཧ་ལོ་རིས།།
རྨ་བྱའི་སྒྲོ་ཐུལ་རྐེད་འཆང་གཡང་ལུགས་གསོལ།།
འདོད་འབྱུང་གསེར་གྱི་གའུ་རིན་པོ་ཆེ།།
ནོར་བུའི་རྒྱན་འཕྲེང་དོ་ཤལ་ལྔ་བརྩེགས་སྤྲས།།
གཡུ་མདོག་ས་ལྷམ་ནོར་བུའི་ཕྲ་ཅན་མནབས།།
ཕྱག་གཡས་རྩྭ་མཆོག་ཀུ་ཤའི་ཆུན་པོ་དང་།།
གཡོན་པས་གསེར་ཞོང་མར་ཁུས་བཀང་བ་ཐོགས།།
གཉེན་ལྕུགས་འཁྲིལ་ལྡེམས་གཞོན་ཚུལ་སྒེགས་པའི་འགྲོས།།
ཟུར་ནས་ལྟ་ཞིང་ཟོལ་ནས་འགྱིང་ཞིང་འགྲོ།།
ཉེ་བར་འདུ་ཞིང་བསྒྲུབ་མཆོག་བུ་བཞིན་སྐྱོང་།།
འཁོར་དུ་ལྷ་ཀླུ་མི་ཡི་བུ་མོ་འབུམ།།
རཏྣའི་ཁང་བཟང་ལས་ཐོན་མཁའ་ལ་ཆས།།
སྤྲིན་ལ་རྟེན་བཅས་ན་བུན་ལམ་ནས་རྒྱུ།།
ཚུར་བྱོན་བདག་ཉིད་གསང་སྔགས་སྟོན་པ་མཆོག།
པདྨ་ཀ་རའི་ཐུགས་སྲོག་ཟག་མེད་ཀྱིས།།
འོད་ཟེར་དམར་འོད་ཉི་མ་འབུམ་ལྡན་གཞིས།།
རབ་བསྡུས་ཆགས་པའི་ཡིད་འོང་ཤེལ་གྱི་གུར།།
སུམ་རྩེན་གནས་བསྙེགས་ནོར་བུའི་ཕྱུར་བུར་གཏམས།།
འཇའ་ཚོན་དུ་མའི་དྲ་བས་སྤྲས་པའི་དབུས།།
མཛེས་བྱེད་པདྨ་དམར་པོའི་གདན་ལ་བཞུགས།།
བྷྲུཾ༔ལས་བྱུང་བའི་གསེར་གྱི་ཡོལ་གོར་ནང་།།
སྟོང་གསུམ་ཁྱབ་པའི་སྣོད་ཡངས་ཟག་མེད་ཀྱིས།།
བདེ་སྟོང་ཡེ་ཤེས་ཁྱབ་བདལ་ཆེན་པོའི་འཕྲུལ།།
ངོ་བོ་ཉིད་དག་རྣམ་པ་དབང་པོ་ལྔའི།།
གང་བཞེད་དེར་འཆར་སོ་སོའི་བྱེད་ལས་ཀྱིས།།
འདོད་པ་ཀུན་ཚངས་དཔག་བསམ་ཤིང་ཆེན་ལྟར།།
དྲི་ཞིམ་ཤིང་སྤོས་སྨན་སྣ་འབྲུ་ཡི་རིགས།།
མེ་ཡི་ཆོ་གས་རབ་སྦྱངས་དུ་བའི་སྤྲིན།།
བེཌུར་མདོག་སྣང་འཆི་མེད་ལམ་ཀུན་ཁྱབས།།
དུད་པའི་ཆ་ཤས་རེ་ལས་འཕྲོས་པ་ཡིས།།
སྣ་ཚོགས་རིན་པོ་ཆེ་ཡི་གཞལ་མེད་ཁང་།།
ཤེལ་གྱི་གུར་ཁྱིམ་གཡུ་སྦྲ་མཐིང་འོད་འབར།།
མེ་ཏོག་པདྨ་བརྩེགས་པའི་ཁང་བཟང་དང་།།
སྐྱེད་མོའི་ཚལ་དང་ཡུལ་ལྗོངས་བྱེ་བ་ཕྲག།
མཚོ་རྫིང་དལ་བབས་གསེར་གྱི་བྱེ་མ་ཆགས།།
འཁོར་ཡུག་ལྗོན་ཤིང་ནགས་ཀྱི་ཚལ་ཆེན་གཏིབ།།
སྤྲིན་གྱི་གླང་པོ་ཤ་སྐྱང་འདོད་འཇོ་བ།།
འབྲོང་གཡག་ཞོལ་ཆེན་དྲེལ་རྟ་རྔོག་ཆགས་ཁྱུ།།
འབྲི་དང་ལུག་སོགས་བདག་ཏུ་བཟུང་བ་འབུམ།།
ཁུ་བྱུག་རྨ་བྱ་ཁྲུང་ཁྲུང་འཇོར་མོ་སོགས།།
འདབ་ཆགས་ཆུ་གནས་སྲོག་ཆགས་ཇི་མཆིས་དང་།།
གཞོན་ནུ་དཔལ་རྩལ་ལྡན་པ་གོ་རྨོགས་ཆས།།
ཕ་རོལ་འཇོམ་པའི་མཚོན་ཐོག་རྟ་ཞོན་ཁྲི།།
དར་ཟབ་གོས་བཟང་ནོར་བུའི་དོ་ཤལ་དང་།།
གསེར་གྱི་རྣ་ཆ་སོར་གདུབ་ཕྱག་ཞབས་རྒྱན།།
ཁྱད་པར་དབང་པོ་མྱོས་བྱེད་གཞོན་ནུ་འབུམ།།
འདོད་པའི་རྒྱུ་རྩལ་ལ་མཁས་ལིང་ཁ་བསྒྲེངས།།
ཤིང་ཏོག་བུ་རམ་སྦྲང་རྩི་ལ་སོགས་པའི།།
དཀར་མངར་ཁ་བའི་རོ་ནུས་དྲུག་ལྡན་ཟས།།
འབྲུ་བཅུད་སྟོང་སྦྱར་གསེར་གཡུའི་ཞལ་སྐྱེམས་དང་།།
དམར་ཚོར་ལ་སོགས་ཟག་མེད་མཆོད་རྫས་རིགས།།
སྲིད་ན་ཇི་མཆིས་དངོས་དང་བློས་སྤྲུལ་བས།།
ནམ་མཁར་ས་གཞིའི་ཁྱོན་ཡང་གང་བར་འབུལ།།
བདག་ཅག་མ་རིག་འཁྲུལ་བའི་རྐྱེན་དབང་གིས།།
དཀར་དམར་ཐབ་གཞོབ་བྲག་བཤིག་ཆུ་གཉན་དཀྲུགས།།
མནའ་ཟོས་དམ་ཉམས་རི་དྭགས་གཤོལ་བ་སོགས།།
བག་མེད་ལས་ཀྱིས་ཐུགས་དང་འགལ་བའི་རིགས།།
མ་ལུས་བསང་མཆོད་འདི་ཡིས་དག་གྱུར་ནས།།
ཉེ་བའི་གྲོགས་དང་བྱམས་པའི་མགོན་མཛོད་ཅིག།
བྱིས་སུ་བགྲོད་ན་ཕར་འགྲོའི་སྐྱེལ་མ་དང་།།
ཚུར་ལ་བསུ་མ་ཚོང་རྒྱལ་དོན་གྲུབ་ཅིང་།།
དགྲ་ཇག་རྐུན་གྱོད་མི་ཁ་སྦྱོར་ངན་ཞི།།
ལམ་འཕྲང་ཆུ་གླའི་སྒྲོལ་འདོན་གེགས་མེད་བསྒྲུབ།།
གཞི་རུ་འདུག་ན་མངའ་ཐང་སྲིད་སྡེ་སྤེལ།།
གཞན་སྣང་དབང་བསྡུས་དཀོར་ནོར་ཕྱ་གཡང་ཁུག།
བློ་ཡི་དྲ་བར་ཁམས་གསུམ་དབང་ཤེས་བསྡུས།།
སྨྲ་བའི་ལྕེ་ཡི་བརྗོད་པ་དོན་ལྡན་ཞིང་།།
དགྲ་གྱོད་སྦྱོར་ངན་ཕྲག་དོག་ཅན་གྱི་རིགས།།
མཐུ་ཡིས་འཇིག་ཤིང་སྟོབས་ཀྱིས་སྤ་ཀོང་ཏེ།།
སྐྱབས་གྲལ་བདག་ལ་མགོན་པོར་བརྟེན་པར་མཛོད།།
ནམ་ཟླ་དུས་བཞི་མི་སྙོམ་དྭངས་པའི་སའི།།
འབྱུང་དགྲ་སྒང་གཤོང་སྣོད་བཅུད་འཁྲུགས་པའི་རྐྱེན།།
སད་སེར་གང་རླུང་ནད་མཚོན་མུ་གེའི་ཚོགས།།
ཐམས་ཅད་མིང་གི་ལྷག་མར་གཞོམ་པར་མཛོད།།
ས་ལ་བཅུད་སྨིན་རྩི་བཅུད་གཞོན་དཀར་རྒྱས།།
འབྲུ་ནོར་ལོངས་སྤྱོད་འདོད་པའི་དོན་རྣམས་འཕེལ།།
རྔོག་ཆགས་གནགས་ཕྱུག་གོད་བྲལ་ཁྲི་འབུམ་རྒྱས།།
གནོད་སྦྱིན་འབྱོར་བ་དུ་མའི་བདག་ཚིམ་མཛོད།།
ཁྱད་པར་དཀར་མོ་ལུག་གི་འཕེལ་གཡང་ལ།།
མི་མཐུན་གློ་འབྲུམ་རྩྭ་དུག་ཨོར་འགགས་དང་།།
གཉན་ལྷེད་རྒྱུ་འབུ་སྔོ་ཤིག་འགོང་ཡམས་སོགས།།
ཁྱོད་མཐུས་ཚར་ཆོད་ཁྲི་ལུག་བྱེ་བ་འཕེལ།།
རྣལ་འབྱོར་བདག་ལ་མ་དང་སྲིང་མོ་བཞིན།།
ལུས་དང་གྲིབ་བཞིན་མི་འབྲལ་སྙིང་ཉེ་བའི།།
རྨ་གཡང་ཚེ་ནོར་འདོད་དགུ་ཅི་མངའ་བ།།
ཁྱོད་དང་གཉིས་སུ་མེད་པར་མྱུར་དུ་སྩོལ།།
སྲིད་གསུམ་དྲེག་པ་ཀུན་གྱི་ཆེ་བཙན་རྗེ།།
མཚོ་སྐྱེས་རྡོ་རྗེའི་བཀའ་དང་ཐ་ཚིག་བཞིན།།
རྨ་རི་རབས་འབྱམ་རྡོར་རྗེ་དྲག་མོ་ཁྱོད།།
གནས་གསུམ་མཁའ་འགྲོའི་གྲལ་དུ་མངའ་གསོལ་སྟོད།།
ཁྱོད་ནི་སྐྱེ་འཆིའི་ལས་བྲལ་ཡིད་ལུས་ལ།།
འཇའ་ཚོན་ལྟར་བཀྲ་མཛེས་སྡུག་མཚར་བའི་སྐུ།།
འཆི་མེད་བུ་མོའི་ཁེང་འཕྲོགས་སྨིན་ལེགས་ཀྱི།།
སྐུ་ཡི་རྣམ་འགྱུར་ཅིར་ཡང་བརྫུ་དེར་བསྟོད།།
སྙན་པའི་གླུ་ཆུང་འགྱུར་ཁུག་དང་ལྡན་ཞིང་།།
དམ་བུ་ར་ཡི་སྒྲ་ལས་རྣ་བར་སྙན།།
འཇིག་རྟེན་མེས་པོའི་ཡིད་ཀྱང་བསླུ་བྱེད་པའི།།
ཐོས་འཛིན་དགའ་བ་སྐྱེད་པའི་དཔལ་མོར་བསྟོད།།
ཁྱོད་ཉིད་ཞི་རྒྱས་དབང་དྲག་ལས་གང་ལ།།
ཐོགས་མེད་སྤྲིན་གྱི་ལྕུག་མ་ལས་མྱུར་པའི།།
ནད་ཞིས་སྨན་དང་ཚེ་ཡི་བདུད་རྩི་དང་།།
དབང་གི་ལྕག་ཀྱུ་དགྲ་འཇོམས་མཚོན་ཆ་ལྟར།།
འཕྲིན་ལས་རྣམ་བཞིའི་བྱེད་པོར་མངའ་མཛད་བསྟོད།།
སངས་རྒྱས་བསྟན་སྐྱོང་ནག་ཕྱོགས་དགྲ་འདྲེ་ཐུལ།།
གསང་ཆེན་ཆོས་སྤེལ་བསྟན་འཛིན་སྐུ་ཚེ་བསྲོང་།།
སྦྱིན་བདག་སྟོབས་བསྐྱེད་རྣམ་དཀར་འབྱོར་བ་སྤེལ།།
ས་ཡུལ་གནས་བརྟན་མཐའ་འདྲེའི་རྒྱུ་ལམ་ཆོད།།
རྫོགས་ལྡན་དང་པོ་ཇི་བཞིན་འགྲུབ་པར་མཛོད།།
མཆོད་ན་དགྱེས་པའི་རྟག་མཚན་དངོས་སུ་སྟོན།།
རྟེན་ན་གྲོགས་དང་མེལ་ཚེ་སྲུང་མ་མཛོད།།
ནད་ལ་རྩི་ཐོག་དགྲ་འདྲེའི་གཉའ་བར་ནོན།།
མཐུ་རྩལ་མ་ཆུང་བརྩེ་གདུང་ཆེ་བར་མཛོད།།
རང་གི་གནས་མཆོག་ཕོ་བྲང་ལ་བསྐྱོད་ཚེ།།
རླུང་གི་ཤུགས་འཆང་སྤྲིན་གྱི་རྟ་ལ་ཞོན།།
མགྲོན་དུ་འབོད་ཚེ་ཁྱོད་སྐུལ་དྲན་ཙམ་གྱིས།།
སྣང་ཐོག་རིག་པའི་འཕྲུལ་ལས་འཛུམ་ཞལ་ངོམ།།
ས་མ་ཡཱ་ལྷ་རྒྱལ་ལོ།།
ཞེས་པ་ས་བྱི་ཟླ་བ༦ པའི་ཚེས༩ ཕྱི་དྲོ་དབང་གི་དུས་སུ་ཡུལ་སྐྱོང་རོག་ཏི་རྒྱལ་མོ་གཙོ་འཁོར་གྲགས་ཅན་སྤྲིན་གྱི་ལྡིང་ཁང་ནས་གུས་འདུད་ཉེ་བའི་ས་ཆར་གསང་ཁྲིའི་དེའུ་ཀླུ་ཡི་ཕོ་བྲང་འབར་བའི་བསྟི་གནས་རྒྱུ་རྩལ་ངོམ་པའི་སྣང་བ་ཤར་བའི་དགའ་སྟོན་དུ། ལྷ་བསང་འཕྲུལ་དགའི་རོལ་མོ་འདི་ཉིད་ཚེས་བཅུའི་ཉིན། རྒྱལ་དབང་པདྨ་འོད་འབར་གྱི་བྱིན་རླབས་ཆ་ཙམ་ཐོབ་པ་རིག་རྩལ་ཐོག་མེད་གླིང་བའམ་འཆི་མེད་རྒྱལ་བའི་རྡོར་རྗེས་གང་ཤར་གྱི་ཚིག་རིས་ཐོལ་བྱུང་དུ་བྲིས་པ་འདི་ཡུལ་ལྷ་འཁོར་བཅས་དགྱེས་པའི་རྒྱུར་གྱུར་ཅིག།