བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱིས་རང་གི་ཨ་མར་ཕུལ་བའི་སྙན་ངག་ཅིག*

26086



བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། ད་དུང་འཇིགས་མེད་གྲགས་པ། དབྱངས་ཅན་དགའ་བའི་དཔལ། གཡུང་དྲུང་སངས་རྒྱས་སྐྱིད་སོགས་མཚན་གཞན་མང་། ཕྱི་ལོ་1375ལོར་དིང་རིར་འཁྲུངས་ཤིང་། ཕྱི་ལོ་1451ལོར་སྐུ་གཤེགས། ཁོང་ནི་གྲྭ་སྐོར་རིགས་ལམ་པ་དང་། སྙན་ངག་སྨྲ་བ་གྲགས་ཅན། གཞུང་ལུགས་མཁས་ཆེན་བཅས་ཡིན་པ་རེད། དགུང་ན་ཉེར་གཅིག་ལ་ཕེབས་དུས་དབྱངས་ཅན་མའི་ཞལ་གཟིགས་ཐོབ་ཅིང་།དེ་དུས་དབྱངས་ཅན་མའི་བསྟོད་པ་བུང་བའི་གླུ་དབྱངས་ཞེས་པ་ཞིག་ཀྱང་བརྩམས་གནང་མཛད། རྩོམ་པའི་བྱ་བར་གཞན་ལས་མཁས་པའི་ཁོང་ལ་གསུང་རྩོམ་པོད་གྲངས137བཞུགས་ཤིང་། བོ་དོང་གྲུབ་མཐའི་དབུ་མཛད་པའང་ཡིན།



སྔོན་གྱི་དགྲ་གཉེན་ངེས་པ་མེད་ཀྱང་བདག་ཉིད་ལུས་ལ་བཅངས་པའི་མ།།
དག་ཕྱིར་སྡུག་བསྔལ་ཟླ་བ་དགུ་དང་ངོ་བཅུ་མྱོང་བའི་དྲིན་ཅན་མ། །
བདག་ཉིད་ལུས་ལས་སྐྱེ་བའི་ཚེ་ན་བཟོད་མེད་སྡུག་བསྔལ་མྱོང་བའི་མ། །
རོལ་ཁའི་འབུ་དང་འདྲ་མཚུངས་དུས་སུ་སོར་བཅུའི་ཁ་ལ་བླངས་པའི་མ། །
བདག་དང་ཡུད་ཙམ་འབྲལ་མི་ཕོད་ཅིང་བྱམས་པས་པང་དུ་འཚོ་བའི་མ། །
ཁོང་གི་སྙིང་དང་བདག་ཉིད་འདྲ་ཞིང་བརྩེ་བས་ནུ་ཞོ་བསྣུན་པའི་མ། །
ཉིན་མཚན་ཀུན་ཏུ་བདག་གི་ལུས་འདི་ཤ་གོས་བར་དུ་བསྐྱངས་པའི་མ། །
གྲང་དྲོ་སྙོམས་པའི་བདེ་བས་གསོལ་ཞིང་བདག་ལུས་བྱི་དོར་མཁས་པའི་མ། །
བཞིན་འཛུམ་གསེག་གཡེར་བསྟན་པའི་ཚེ་ན་ནུ་འབུར་ཁ་སྙོད་བྱེད་པའི་མ། །
ཉན་མེད་གཙེས་པར་དཀའ་བ་བདག་ཉིད་པང་ཁྱེར་འཆམ་པོས་འཁྲིད་པའི་མ། །
ཇི་ལྟར་བྱས་ཀྱང་མིག་སྔར་མཛེས་ཤིང་བདག་སྤྱོད་སྙིང་དུ་སྡུག་པའི་མ། །
ཡིད་འོང་ཟོལ་གྱི་རྣམ་འགྱུར་དག་དང་གཅེས་མིང་སྣ་ཚོགས་འདོགས་པའི་མ། །
བདག་ནོད་མི་བདེ་ཕྲ་མོ་དག་ལའང་ཚད་མེད་སེམས་ཁྲལ་བྱེད་པའི་མ། །
བཟའ་བཏུང་འགྲོ་འདུག་མི་ཤེས་ན་ཡང་ད་ལྟ་མི་ཁྱུར་བཅུག་པའི་མ། །
ཕ་མ་ཡ་བྲལ་གྱུར་པའི་ཚེ་ནའང་བདག་ཕྱིར་དཀའ་བ་སྤྱད་པའི་མ། །
སློང་མོས་འཚོ་ཞིང་སྤྲང་དགོས་བྱུང་ཡང་བདག་ཉིད་ཁུར་ནས་གསོ་བའི་མ། །
བདག་གསོན་ལང་ཚོ་རྒྱས་པའི་ཚེ་ན་དགོས་དོན་གྲུབ་པར་རྩི་བའི་མ། །
བདག་ལ་མཛེས་པའི་རྒྱན་གྱིས་སྤྲས་ནས་སྡུག་བསྔལ་དྲ་བས་གཡོགས་པའི་མ། །
འཇམ་ལེགས་གོས་བཟང་བདག་ལ་བསྐོན་ནས་རྒྱན་མེད་གོས་ཧྲུལ་གྱོན་པའི་མ། །
རང་ཉིད་བཀྲེས་སྐོམ་ངལ་དུབ་བྱས་ནས་གང་ཡོད་བདག་ལ་འབོགས་པའི་མ། །
བདག་ཉིད་ཕུན་སུམ་ཚོགས་པར་མཐོང་ན་དེ་ཉིད་ཀུན་ལ་ངོམ་པའི་མ། །
བདག་གིས་ལེགས་སམ་ཉེས་ཀྱང་རུང་སྟེ་ཡོན་ཏན་ཕྱོགས་བཅུར་སྒྲོག་པའི་མ། །
བསམ་ངན་སྦྱོར་རྩུབ་བདག་གི་སྐྱོན་ནི་ས་འོག་གཏེར་ལྟར་སྦེད་པའི་མ། །
ནད་གདོན་དྲག་པོས་བདག་ཉིད་གཟིར་ན་གང་ཕན་ཐབས་ལ་འབད་པའི་མ། །
གལ་ཏེ་བར་དོར་བདག་ཉིད་འཕོས་ན་ཁྲེལ་མེད་མྱ་ངན་བྱེད་པའི་མ། །


1ཡུམ་ཆེན་ལ་ཕུལ་བའི་སྙན་ངག་འདི་ཁོང་གི་གསུམ་འབུམ་ནང་གི་གསུང་ཐོར་བུའི་སྡེ་རུ་བཞུགས་ཤིང་། མཚན་བྱང་མེད་ཙང་ངེད་དྲ་བའི་འོས་སྦྱོར་མཚན་བྱང་ལ་འདི་ལྟར་བཀོལ་བ་ཡིན།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།