ལྟ་མགུར་ཨ་མ་ངོས་འཛིན།*

26043



ལྕང་སྐྱ་རོལ་པའི་རྡོ་རྗེ། མཚན་གྱི་རྣམ་གྲངས་གཞན་ཡང་མང་། ཕྱི་ལོ༡༧༡༧ལོར་མདོ་སྨད་བྱང་རྒྱུད་ཀྱི་ཙོང་ཁའི་ཡུལ་དུ་འཁྲུངས་ཤིང་། ཕྱི་ལོ༡༧༨༦ལོར་གཤེགས། རྒྱལ་མཆོག་བདུན་པ་ཆེན་པོ་དབུས་སུ་གདན་འདྲེན་པ་པོ་དང་། རྒྱའི་གོང་མའི་དབུ་བླ་གནང་། བརྩམས་ཆོས་ལ《རྒྱལ་དབང་ཐམས་ཅད་མཁྱེན་པ་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་དཔག་བསམ་རིན་པོ་ཆེའི་སྙེ་མ》དང་།《གྲུབ་མཐའི་རྣམ་གཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན》 《དག་ཡིག་མཁས་པའི་འབྱུང་གནས》 《བྱང་ཆུབ་ལམ་གྱི་སྒྲོན་མའི་ས་བཅད་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་བཤད་པ་ཐེག་ཆེན་འཇུག་སྒོ》《གསང་འདུས་བསྙེན་ཡིག་དངོས་གྲུབ་བདུད་རྩིའི་བུམ་བཟང》སོགས་བཞུགས།


 
ཨེ་མ་ཧོ།
ཟབ་མོ་རྟེན་འབྱུང་གི་དེ་ཉིད་ངོ་མཚར། །
ཇི་བཞིན་རྗེན་པ་རུ་སྟོན་པའི་བླ་མ། །
བཀའ་དྲིན་འཁོར་མེད་དེ་སྙིང་དབུས་བཞུགས་ཤིག །*

གང་དྲན་ཐོལ་བྱུང་གི་ཚིག་གསུམ་སྨྲའོ། །

ཨ་མ་རྒན་མོ་དེ་ཡུན་རིང་སྟོར་བའི། །
བུ་ཆུང་སྨྱོན་པ་ང་ཇི་ཞིག་ལྟར་ཏེ། །
ཨ་མ་དྲིན་ཅན་དེ་ལྷན་ཅིག་འདུག་པ། །
ངོ་མ་ཤེས་པ་དེ་ཤེས་ལ་ཁད་སྣང་ངོ་༌། །
ཇོ་ཇོ་རྟེན་འབྱུང་དེས་ལྐོག་ཏུ་བསྙད་པས། །
ཡིན་ཡིན་མིན་མིན་ཏེ་ཨེ་ཡིན་སྙམ་མོ། །

གཟུང་འཛིན་སྣ་ཚོགས་འདི་ཨ་མའི་འཛུམ་བག །
སྐྱེ་འཆི་འཕོ་འགྱུར་འདི་ཨ་མའི་རྫུན་ཚིག །
བསླུ་མེད་ཨ་མ་ཡིས་ཁོ་བོ་བསླུས་སོ།།
ཇོ་ཇོ་རྟེན་འབྱུང་དེས་སྐྱོབས་པར་རེའོ། །

རྣམ་པ་གཅིག་ཏུ་ན་ཨ་མ་རྒན་མོ། །
ཁོ་ནའི་དྲིན་གྱིས་ནི་གྲོལ་བར་རེ་སྟེ། །
གཟུང་འཛིན་འདི་ཉིད་ཀོ་འདི་ལྟར་ཡིན་ན། །
དུས་གསུམ་རྒྱལ་བས་ཀྱང་སྐྱོབ་ཐབས་མི་འདུག །

འགྱུར་བ་སྣ་ཚོགས་འདི་འགྱུར་མེད་ཨ་མའི། །
རྣམ་འགྱུར་ཡིན་པས་ན་གྲོལ་རྒྱུ་འདུག་གོ །

ཅིར་ཡང་མ་གྲུབ་པའི་བརྗོད་མེད་ཨ་མ།།
ཅིར་ཡང་བརྫུ་བ་ནི་ཕར་བརྟེན་ཚུར་བརྟེན། །
འདི་ག་ཙམ་ཞིག་ལ་གོ་རྒྱུ་འདུག་གོ །
ཕ་རྒན་བཙལ་བས་ནི་མ་རྙེད་པ་དེ། །
མ་རྒན་རྙེད་པ་ཁོ་ཡིན་པར་འདུག་གོ།
ཨ་མའི་པང་ནས་ནི་ཕ་རྒན་རྙེད་པས། །
ཕ་མ་དྲིན་ཅན་གྱི་བུ་ང་སྐྱོབས་སྐད། །

གཅིག་མིན་གཞན་མིན་གྱི་ཨ་མའི་བཞིན་རས། །
ཇོ་ཇོ་རྟེན་འབྱུང་གི་མེ་ལོང་ནང་ན། །
ཟིན་པ་མེད་ཚུལ་གྱི་ཡོད་ཡོད་འདྲ་སྟེ།།
སྨྱོན་པ་ང་འདྲས་ནི་རྟོག་དཔྱོད་མ་ཞུགས། །

ཀླུ་སྒྲུབ་ཟླ་གྲགས་ཀྱི་ཞལ་ཆེམས་རླུང་བསྐུར། །
འཇམ་དཔལ་སྙིང་པོ་ཡི་བྱ་ཞིག་བཏང་བས། །
ཐག་རིང་འཚོལ་བ་ཡི་དཀའ་ལས་བཤོལ་ནས། །
ལྷན་ཅིག་གནས་པ་ཡི་མ་རྒན་མཐོང་རེ།།

ད་ལྟ་རང་རེ་ཡི་བློ་གསལ་འགའ་ཞིག།
ཚུགས་ཐུབ་བདེན་གྲུབ་སོགས་བརྡ་ལ་ཞེན་པས། །
སྣང་བ་ལིང་ལིང་འདི་རང་སོར་བཞག་ནས། །
དགག་རྒྱུ་རྭ་ཅན་ཞིག་འཚོལ་བར་སྣང་སྟེ། །
སྒྲིབ་བྲལ་ཨ་མ་ཡི་བཞིན་རས་དེ་ན། །
ལང་ལང་ལིང་ལིང་འདི་ཡོད་སྐད་མི་འདུག།
གནད་འགག་མ་ཕིག་པའི་བཤད་བཤད་མང་ཡང་༌། །
ཨ་མ་རྒན་མོ་དེ་བྲོས་དོགས་འདུག་གོ།
ཡོད་ཞིག་ཡོད་མོད་ཀྱང་ད་ལྟའི་འདི་འདྲའི། །
རོང་རོང་འགལ་འདུ་ཅན་ཡིན་ཚོད་མི་སྣང༌། །
ཕ་མ་མཛའ་བཅུགས་ཀྱི་འབྲལ་མེད་བག་ཕེབས། །
འཇམ་འཇམ་སྐྱིད་སྐྱིད་ཅིག་ཡིན་པར་སྣང་ངོ༌་། །

བྱེ་མདོ་རྣམ་རིག་དང་ཤར་གསུམ་མཁན་པོས། །
ཨ་མ་གླང་ཆེན་གྱི་ཐལ་ཀར་གཟུགས་ལ། །
བེམ་པོ་འཛུམ་རིས་ཀྱི་རྒྱ་སྟག་ཁྲ་བོ། །
འཛིན་པ་ཀླད་མེད་ཀྱི་སྤྲེའུ་སྨྱོན་པ། །
གཉིས་མེད་ཚུགས་ཐུབ་ཀྱི་དོམ་བུ་ངར་མའི། །
ཐ་སྙད་སྣ་ཚོགས་ཤིག་འདོགས་པར་བྱེད་ཀྱང༌། །
ཨ་མ་རྒན་མོ་དེ་སྟོར་ནས་འདུག་གོ །

ས་རྙིང་ཀར་འབྲུག་གི་མཁས་གྲུབ་མང་པོས། །
གསལ་སྟོང་འཛིན་མེད་ཀྱི་རང་གི་རིག་པ། །
ཀ་དག་ལྷུན་གྲུབ་ཀྱི་ཀུན་བཟང་རང་ཞལ། །
མ་བཅོས་ལྷན་སྐྱེས་ཀྱི་ཕྱག་རྒྱ་ཆེན་པོ། །
ཡོད་མིན་མེད་མིན་གྱི་ཁས་བླང་བྲལ་སོགས། །
སྣ་ཚོགས་ཐ་སྙད་ཀྱི་ཞལ་ཕོ་སྒྲོགས་ཀྱང༌། །
གཤིས་ལུགས་ཐིག་པོ་ཞིག་ཡིན་ན་ལེགས་ཏེ། །
མཛུབ་མོ་འཛུགས་ས་དེ་ཅི་ཞིག་ཡིན་ཨང་༌། །

ཕྱི་དོན་མ་བཤིག་པས་བློ་འཚུབ་མི་དགོས། །
དོན་སྨྲ་སྡེ་གཉིས་རྣམས་དགྱེས་དགྱེས་མཛོད་ཅིག །
རང་རིག་མ་ཡིན་ཀྱང་ཚད་གཞལ་འཐད་པས། །
རྣམ་རིག་སྨྲ་བ་ཀུན་དགྱེས་དགྱེས་མཛོད་ཅིག །
རང་མཚན་མ་གྲུབ་ཀྱང་རྟེན་འབྲེལ་བཀྲ་བས། །
ཤར་གསུམ་མཁན་པོ་ཀུན་དགྱེས་དགྱེས་མཛོད་ཅིག །
གསལ་སྟོང་མི་འགལ་བས་བཟུང་ཡང་ཆོག་གི།
སློབ་བཤད་བརྒྱུད་འཛིན་རྣམས་དོགས་ཆུང་མི་དགོས། །
ཀ་ནས་དག་ན་ཡང་བཟང་ངན་འཐད་པས། །
རིག་འཛིན་ཞིག་པོ་རྣམས་བཟང་ཞེན་མི་དགོས། །
བཅོས་ནས་བསྒོམ་ན་ཡང་ལྷན་སྐྱེས་འཆར་བས། །
རྟོགས་ལྡན་རྒན་པོ་རྣམས་ཨུ་ཚུགས་མི་དགོས། །
ཡོད་མིན་སྤྲོས་བྲལ་དེ་ཁས་བླང་ཆོག་པས། །
རྟོག་གེ་མགོ་འཁྲེགས་རྣམས་ཚབ་ཚུབ་མ་བྱེད། །

འོན་ཀྱང་གཞུང་ལུགས་ལ་སྦྱངས་པ་ཆུང་རྣམས། །
ཐ་སྙད་སྦྱོར་ཚུལ་ཞིག་མ་མཁྱེན་ཡིན་སྲིད། །
ཁོ་བོ་ཁྱེད་ཅག་ལ་མི་གུས་མ་ལགས། །
ཕོག་ཐུག་བྱུང་ན་ནི་བཟོད་པར་མཛོད་ཅིག། །

ཁོ་བོ་ཀུན་ཤེས་ཀྱི་ཤར་པོ་མིན་ཡང༌། །
ཕ་མེས་གཞུང་ལུགས་ཀྱི་རྟ་ཕོ་བཟང་པོ། །
རྟག་སྦྱོར་གུས་སྦྱོར་གྱི་ཞོན་ཚུལ་མཁས་པས། །
གཅིག་སྡུག་འཕྲང་ལས་ནི་ཐར་བར་རེའོ། །

འཚོལ་དགོས་མི་འདུག་སྟེ་འཚོལ་མཁན་རང་ཡིན། །
བདེན་པར་མི་ཞེན་ཏེ་རྫུན་པ་ཉིད་ཡིན། །
རྫུན་པ་མི་འགོག་སྟེ་བདེན་པ་རང་ཡིན། །
ཆད་མིན་རྟག་མིན་ལ་ངལ་གསོས་ཆོག་གོ།

ཨ་མ་མ་མཐོང་ཡང་མིང་ཙམ་ཞིག་གིས། །
ཕ་མ་དྲིན་ཅན་ཏེ་ཡུན་རིང་སྟོར་བས། །
གམ་ན་འདུག་པ་བཞིན་འཕྲད་པར་སྣང་གི། །
ཀླུ་སྒྲུབ་ཡབ་སྲས་དེ་བཀའ་དྲིན་ཆེའོ། །
བློ་བཟང་གྲགས་པ་དེ་བཀའ་དྲིན་ཆེའོ། །
དྲིན་ཅན་བླ་མ་དེ་བཀའ་དྲིན་ཆེའོ། །
བཀའ་དྲིན་གསོ་ཐབས་སུ་ཨ་མ་མཆོད་དོ། །

སྐྱེ་མེད་བརྗོད་བྲལ་གྱི་ཨ་མ་རྒན་མོ། །
རིག་པའི་བུ་ཆུང་དང་ལྷན་ཅིག་འཛོམས་ནས། །
ཀུན་བཟང་སྤྱོད་པ་ཡི་དགའ་སྟོན་ཆེན་པོས། །
མ་རྒན་འགྲོ་བ་ཀུན་གཏན་བདེར་འཁྲིད་དོ། །

ཨེ་མ་ལ་རོལ་པའི་རྡོ་རྗེ། །
ཨ་ཧོ་ལ་སྐྱིད་པའི་རྐང་བྲོ། །
འོ་ན་ལ་འདི་རུ་བརྡུངས་ས། །
ཨ་ཧོ་ཡ་དཀོན་མཆོག་མཆོད་དོ། །

             ཞེས་ཨ་མ་ངོ་ཤེས་ཀྱི་རྫུན་ཚིག་བྲག་ཆའི་སྒྲ་དབྱངས་འདི་ཡང་དབུ་མ་ཆེན་མོ་ལ་ལྷག་པར་མོས་པའི་ལྕང་སྐྱ་རོལ་བའི་རྡོ་རྗེས་སྤྲུལ་བའི་གནས་མཆོག་རི་བོ་རྩེ་ལྔར་སྨྲས་པའི་ཡི་གེ་བ་ནི་དགེ་སློང་དགེ་ལེགས་ནམ་མཁའ་འོ། ། དགེའོ། ། །

མཆན།


1 )གསུང་འབུམ་ཁྲོད་དུ་བཞུགས་པའི་མཚན་བྱང་རྒྱས་པར《ཨ་མ་ངོ་ཤེས་ཀྱི་རྫུན་ཚིག་བྲག་ཅའི་སྒྲ་དབྱངས》ཞེས་འདོགས་གནང་མཛད་ཡོད་ཀྱང་། རྭ་སྒྲེང་ཁྲི་ཆེན་སོགས་ཕྱིས་ཀྱི་འགྲེལ་མཛད་མང་པོས་མཚན་འདི་རང་བཏགས་གནང་ཡོད་པ་དང་། སྐབས་བབ་དྲ་ངོས་ཀྱི་སྒྲོས་གཙང་ཕྱིར་ལ་དམིགས་ནས་མཚན་བྱང་ཕྱི་མ་དེ་སྤྱད་པའོ།།

2)རྩོམ་ལུས་དུམ་བཅད་བྱེད་སྟངས་འདི་གསུང་འབུམ་དུ་བཞུགས་པའི་ནང་ན་མེད་ཀྱང་ཁྲི་ཆེན་བསྟན་པ་རབ་རྒྱས་ཀྱིས་མཛད་པའི་འགྲེལ་བ་《བདག་འཛིན་དགྲ་དཔུང་འཇོམས་པའི་མཚོན་ཆ》འི་ས་བཅད་དགར་སྟངས་ཀྱི་རིམ་པ་དང་མཐུན་པར་བྱས་པ་ཡིན། བརྩམས་ཆོས་འདིར་ལྟ་བའི་དགོངས་པ་འཇོག་ཚུལ་གྱི་ཆ་ནས་འགྲེལ་བ་མང་དུ་བྱུང་ཞིང་། བཤད་པའི་སྲོལ་ཡང་གནས་ཤིང་བཞུགས་མོད། འདི་ཉིད་གྱི་རྨད་བྱུང་རྩོམ་རྩལ་གྱི་ཆའམ། གཞན་དུ་མེད་པའི་སྒྱུ་རྩལ་གྱི་མཛེས་པའི་ངེས་དེ་གླེང་ཡོད་མཁན་ནི་དེ་སྔོན་མཐོང་མ་སོང་། འགྲེལ་བ་དག་ལ་མཇལ་དུས་འགྲེལ་བྱ་དང་འགྲེལ་བཤད་རྒྱང་བཀྱེད་དེ་ཡོད་པའི་སྣང་བ་ཞིག་འགོག་མེད་དུ་སྐྱེས་ཡོང་།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།