རྒྱལ་སྤྱིའི་གློག་བརྙན་ཁྲོད་ཀྱི་ལྷག་པ་མཚམས་གཅོད།

99500

 
རྩོམ་པ་པོ།  རྫ་སྐྱེས་ཕུར་བ།
8.jpg

           ལྷག་པ་མཚམས་གཅོད།  ཕྱི་ལོ1972 ལོར་རྒྱ་གར་ལྷོ་ཕྱོགས་ཀྱི་བྷེལ་ཀོབ་ཅེས་པའི་བོད་རིགས་འདུས་སྡོད་ས་ཆ་ཞིག་ནས་སྐྱེས།  བྷེང་ལོར་ནས་རྫས་སྦྱོར་རིག་པ་དང་སྲོག་ཆགས་རིག་པའི་སྐོར་གྱི་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན།  མོ་རང་ལོ་ན་ཉེར་དགུར་སོན་པའི་ལོ་སྟེ་ཕྱི་ལོ་2001 ལོར་ཨ་མེ་རི་ཁ་ནས་ཡིན་པའི(Michael Gregory)མཱ་ཁལ་གྷི་རེ་གྷོ་རི་འབོད་པའི་སྐྱེས་པ་ཞིག་དང་གཉེན་སྒྲིག་བྱས།  མོ་རང་གློག་བརྙན་འཁྲབ་སྟོན་གྱི་ལམ་དུ་ཞུགས་པ་ནི་ཡུན་རིང་དགའ་ཕྱོགས་དང་འབད་བརྩོན་ལ་བརྟེན་པ་ཞིག་མ་ཡིན་པར་སྟེས་དབང་གིས་བྱུང་བ་དང་།མོ་རང་གིས་དེ་ནི་ཚེ་སྔོན་ལས་བཟང་བསགས་པའི་འབྲས་བུ་ཞིག་ཡིན་པར་བརྗོད་ཀྱིན་ཡོད། ཁོ་མོ་ནི་མི་རིགས་རང་གི་ཆོས་ལ་དད་པ་ཆེ་ཞིང་། ཟླ་རེའི་ནང་སྙུང་གནས་ཉིན་གསུམ་རིང་རྟག་པར་སྲུང་མཁན་ཞིག་ཡིན། ཁོ་མོས་དེ་ནི་སེམས་ཁམས་གཉོམ་སྒྲིག་དང་རང་ཉིད་ལྷོད་ལ་བབ་པའི་ཐབས་ཤིག་ཡིན་ཚུལ་སྨྲ་ཞིང་།  འཇིག་རྟེན་གྱི་ལོངས་སྤྱོད་གང་ལའང་ཆོས་ཀྱི་རམ་འདེགས་ནི་མེད་དུ་མི་རུང་ཞིང་། རང་སེམས་བཅུན་ནུས་ན་བྱ་བ་གང་ཡིན་ཡང་དཀའ་ཚེགས་མེད་པ་ཞིག་ཡིན་ཞེས་བརྗོད་མྱོང་། དེ་ལྟར་ཁོ་མོས་ཨ་མེ་རི་ཀའི(Colorado) ཁོ་ལོ་རཱེ་ཌོའི(Boulder)བྷོལ་ཌར་གྲོང་ཁྱེར་དུ་ནང་ཆོས་སློབ་སའི་དཔེ་ཁང་ཞིག་བཙུགས་ཤིང་དེར་བདུན་ཕྲག་རེར་ནང་ཆོས་སློབ་ཁྲིད་བྱེད་ཀྱིན་ཡོད།  

3.jpg

         ལྷ་ཕྱོགས་བྷེང་ལོར་གྱི་སྤྲོ་ཚོགས་ཤིག་གི་སྟེང་《བོད་ནང་ལོ་བདུན》གྱི་གཙོ་འཁྲབ་མི་སྣ་དང་ཁོ་མོ་ཐེངས་དང་པོར་འཕྲད་ཅིང་། གློག་བརྙན་དེའི་སྐོར་གྱི་གཏམ་གླེང་ཆུ་ཚོད་གསུམ་ཙམ་བྱུང་རྗེས། གློག་བརྙན་དེའི་འཁྲབ་སྟོན་མི་སྣ་རུ་བདམས་ཏེ་ཏག་ཏག་བདུན་ཕྲག་གཉིས་ཀྱི་མཇུག་ཏུ་ཁོ་མོ་དབྱིན་ཡུལ་ལ་ཆེད་མངགས་གདན་ཞུ་བྱས། དེ་ནས་གློག་བརྙན་དེའི་འཁྲབ་སྟོན་ལེགས་འགྲུབ་བྱུང་རྗེས་ཁོ་མོ་ཨ་རིའི་ཁེ་ལི་ཧྥོ་ནི་ཡའི་ནུབ་ཕྱོགས་སུ་ཡོད་པའི་གྲོང་ཁྱེར་སི་ཨེན་ཇེ་ལེསི་ (Los Angeles) ལ་ཡུད་ཙམ་བསྡད་ཅིང་། མི་རིང་པར་ཨ་རིའི་དབུས་སའི་ཞིང་ཆེན་ཁོ་ལོ་རཱེ་ཌོ(Colorado)རུ་གནས་སྤོས་བྱས། ཁོ་མོས”གནས་འདིར་རི་མང་པོ་མཐོང་རྒྱུ་འདུག་ལ། མ་ཟད Los Angeles ལྟ་བུའི་ས་འདིར་འཁྲུག་ཆ་དོད་པོ་མེད་ཙང་ང་རང་གིས་ཞི་དུལ་གྱི་འཚོ་བ་ཞིག་བསྐྱལ་ཐུབ་ཀྱི་འདུག”ཅེས་བཤད་མྱོང་། 

          བོད་ནང་ལོ་བདུན (Seven Years in Tibet)ཞེས་པའི་གློག་བརྙན་དེའི་ནང་དུ་ཁོ་མོས་བུ་མོ་འཚེམ་བཟོ་མཁན་མཇུག་ཏུ་ཨཧྥི་ཁི་ནེ་ཊར་(Aufschnaiter)ཟེར་བའི་སྐྱེས་པ་ཞིག་དང་གཉེན་སྒྲིག་བྱས་པའི་མིང་ལ་པད་མ་འབོད་པའི་བུ་མོ་ཞིག་འཁྲབ་ཡོད། གློ་བརྙན་དེ་ནི་ཨ་རིའི་ལོ་རྒྱུས་གློག་བརྙན་གྱི་ཁོངས་སུ་གཏོགས་ཤིང་། ཨོ་སི་ཊི་རེ་ཡའི(Austria)རི་འཛེགས་པ་ཧིན་རི་ཆི་ཧེར་རར(Heinrich Harrer)གྱིས་ཕྱི་ལོ1994ནས་1951 བར་ལ་བོད་ཁུལ་དངོས་བསྐྱོད་ཀྱི་ཉམས་མྱོང་ཟིན་བྲིས(seven years in Tibet)ཕྱི་ལོ1952 ལོར་དཔར་བསྐྲུན་བྱས་པའི་དཔེ་དེབ་དེ་ཉིད་འཁྲབ་གཞུང་དུ་གཞིར་བཞག་བྱས་ཏེ་ཕྱི་ལོ1997ལོར་དངོས་སུ་འཁྲབ་པ་ཞིག་རེད། 

5.jpg

        གློག་བརྙན་དེ་ཐེངས་དང་པོ་ཨ་རི་དང་། ཡོ་རོབ་རྒྱལ་ཁབ་ཁག་ཏུ་འགྲེམ་སྤེལ་བྱས་ཤིང་ལྟ་མཁན་དུང་ཕྱུར་བཅུ་གཉིས་ཡས་མས་བྱུང་བར་ཚོད་དཔག་བྱས་འདུག  གློག་བརྙན་དེའི་འགྲོ་གྲོན་དུ་ཨ་སྒོར་ས་ཡ་བདུན་ཅུ་ སོང་ཞིང་།  རྗེས་ཀྱི་འགྲེམ་སྤེལ་ཡོང་འབབ་ལ་ཨ་སྒོར་ས་ཡ་བརྒྱ་དང་སུམ་ཅུ་སོ་གསུམ་དང་འབུམ་ལྔ་བྱུང་། འགྲེམས་སྤེལ་མ་བྱས་སྔོན་ཏེ་ཕྱི་ལོ་1997/ཟླ9/ཚེས13 ཉིན་ཁེ་ན་ཊའི་རྒྱལ་སའི་ཊོ་རན་ཊོ་རྒྱལ་སྤྱིའི་གློག་བརྙན་ཁང་ནས་ཐོག་མར་དངོས་སུ་བསྟན།  ཕྱི་ལོ 1997/ཟླ10/ཚེས8 ཉིན་ཨ་རིའི་སྐར་མ་གསུམ་ཅན་གློག་བརྙན་ཁང(TriStar Pictures) གིས་ཨ་རི་དང་། ཁེ་ན་ཌ་རུ་འགྲེམས་སྤེལ་བྱས།  ཕྱི་ལོ1997/ཟླ11/ཚེས་21 ཉིན་སྤྲོ་སེང་གློག་བརྙན་འགྲེམ་སྤེལ་ཁང་(Entertainment Film Distributer)གིས་ཡོ་རོབ་ཁུལ་དུ་འགྲེམ་སྤེལ་བྱས། གློག་བརྙན་དེ་འཁྲབ་ཡུལ་གཙོ་བོ་ནི་ལྷོ་ཨ་མེ་རི་ཀའི་ཨར་ཇན་ཊེ་ན་(Argentina)ཡི་ལཱ་པེ་ལཱ་ཊ (La Plata )ཟེར་བའི་ས་ཆ་དེ་ཡིན་པ་དང་།  བོད་ས་རང་ནས་སྐར་མ་20 ཙམ་ལ་འཁྲབ་ཅིང་། གཞན་བལ་པོ།  ཁེ་ན་ཌ།  ཨོ་སི་ཊི་རེ་ཡ་སོགས་རྒྱལ་ཁོངས་དུ་མ་ནས་དངོས་འཁྲབ་བྱས།  ཁོ་མོ་ནི་གློག་བརྙན་དེའི་འཁྲབ་སྟོན་མི་སྣ་གཙོ་བོ་བདུན་གྱི་ནང་གི་གཅིག་ཡིན་པ་དང་།  མ་ཟད་བོད་ཀྱི་གནས་ཚུལ་ངོ་སྤྲོད་བྱ་མཁན་དང་། སྐད་བསྒྱུར་བྱེད་མཁས་བཅས་ཡིན་འདུག

9.jpg

“གྲགས་ཆེ་བའི་གློག་བརྙན་ལས་གཞི་དེར་རྒྱལ་ཁ་ཅི་འདྲ་ཞིག་ཐོབ་རུང་མོའི་གཞི་རྩའི་བསམ་བློ་དང་རྣམ་འགྱུར་ལ་འགྱུར་ལྡོག་ཅི་ཡང་བྱུང་མེད།  དེ་ནི་ཁོ་མོར་ཕ་མ་གཉིས་དང་བོད་མིས་སྤྲད་པའི་མི་གཤིས་ཀྱི་རྨང་ཟབ་མོ་ཞིག་ཡོད་པས་རེད།   གློག་བརྙན་འཁྲབ་སྟོན་པ་མང་པོ་གཙོ་རྒྱུག་རང་བཞིན་གྱི་སྤྱི་ཚོགས་སྣང་ཚུལ་ལ་ལད་ཟློས་བྱ་རྒྱུར་དགའ་ཞིང་།  རང་གཤིས་དང་མི་མཐུན་པའི་འཁྲབ་སྟོན་ལ་ཞུགས་པར་བྱེད་མོད།  མཚམས་གཅོད་ལ་སོ་སོའི་སྒེར་ཚུགས་ཤིག་དང་།  མི་ཚེ་དང་འཚོ་བའི་རང་བཞིན་ལ་ལྟ་བའི་བློ་མིག་བརྟན་པོ་ཞིག་འདུག  དེ་ནི་གཙོ་བོ་ནང་ཆོས་དང་བོད་ཀྱི་རིག་གཞུང་གི་ཤུགས་རྐྱེན་ཡིན་ངེས་རེད།  མ་ཟད་གློག་བརྙན་དེའི་ནང་གི་ཁོ་མོའི་གནག་ཅིང་སྣུམ་པའི་སྐྲ་ལོ་དེས་སྲེ་ལྷད་ཞུགས་མེད་པའི་མཚམས་གཅོད་ཀྱི་ནང་སྙིང་དངོས་དེ་མཚོན་ཐུབ་ཡོད”ཅེས་གློག་བརྙན་དངོས་གཞིའི་དཔྱད་བརྗོད་ཁྲོད་ཁོ་མོར་ཚད་མཐོའི་དཔྱད་གཏམ་གྱི་གདེང་འཇོག་ཐོབ་ཡོད།

1.jpg

       ད་དུང་ཀུན་ལ་གསལ་ཆ་ཆེ་བའི་གློག་བརྙན་ཧི་མ་ལ་ཡའི་ནང་གི་གཙོ་འཁྲབ་མི་སྣ་བྱས་སྤྲོ་སེང་གློག་བརྙན་ཁང་གི་བཅར་འདྲི་ཞིག་ཏུ་ཁོ་མོས་འཁྲབ་སྟོན་སྔོན་མ་དང་བསྡུར་ན་ཧི་མ་ལ་ཡ་འཁྲབ་སྐབས་དཀའ་ལས་ཁག་ཙམ་བྱུང་།  ས་འཁྱག་ཅིང་གློག་མེད་པ།  མཐའ་ན་རླངས་འཁོར་གྱི་ལམ་ཡང་མེད་པའི་དོལ་པོའི་ས་ཆ་དེར་ཟླ་བདུན་ལྷག་བསྡད། དེ་དུས་ཕོ་མོའི་དབྱེ་བ་མེད་པར་འཁྲབ་མཁན་མང་ཆེ་བ་དཀའ་ལས་ཁག་ནས་མིག་ཆུ་བཏང་སོང་།  འཁྲབ་ཚན་དང་པོ་གྲུབ་རྗེས་འཁྲབ་སྟོན་པ་མང་པོ་ཞིག་ཡེ་ཤུའི་འཁྲུངས་སྐར་སྲུང་བརྩི་ཞུ་བར་ཕྱིན་ཏེ་ཕྱིར་ལོག་མ་སོང་།  ཡིན་ནའང་ང་རང་ལ་མཚོན་ན་དེ་ནས་ཉམས་མྱོང་གལ་ཆེན་མང་པོ་ཞིག་ཐོབ་ལ། གནས་དེར་སྡོད་པའི་རིང་བོད་ནང་ལ་སླེབས་པའི་ཚོར་བ་སླེབས་བྱུང་།  གློག་བརྙན་དེར་ང་རང་གིས་བསམ་ན་སྔར་ལས་ཀྱང་གྲུབ་འབྲས་བཟང་བོ་ཞིག་ཐོབ་ཡོད་སྙམ་གྱི་ཡོད།(ཧི་མ་ལ་ཡ)m.bilibili.com/video/av3538518.html

             ད་དུང་ཁོ་མོས་”མ་གཞི་ཧི་མ་ལ་ཡའི་ནང་གི་ངས་འཁྲབ་པའི་མི་སྣ་དེ་དངོས་གནས་བྱས་ན་ང་རང་ལ་ཅུང་ཁག་དྲགས་འདུག བོད་ནང་ལོ་བདུན་སྐབས་ང་རང་དང་ཏག་ཏག་ཐག་ཉེ་བའི་མི་སྣ་ཞིག་འཁྲབ་ཡོད།”མུ་མཐུད་དུ་བཤད་རྒྱུར”འཁྲབ་སྟོན་འདི་དག་གི་རྗེས་ནས་མི་ཚེའི་ནང་དུ་བློ་རྩེ་གཅིག་སྒྲིམ་དང་ངལ་བ་འཛེམ་མེད་ཀྱིས་འབད་ཐུབ་ཚེ་བྱ་བ་ཅི་ཡང་བསྒྲུབ་ཐུབ་པའི་བསླབ་བྱ་ཞིག་ང་ལ་ཐོབ་བྱུང་”ཟེར།གློག་བརྙན་དེའི་དངོས་མཚོན་གྱི་ཆ་ནི་ཧི་མ་ལ་ཡའམ་བོད་མི་རིགས་ཀྱི་འཚོ་བ་རེད། གློག་བརྙན་དེའི་མཚོན་བྱར་གྱུར་བའི་བོད་མི་རིགས་ནི་ད་ལྟའི་ཁོངས་གནས་དུམ་གཅད་ཀྱི་ཞིང་ལྗོངས་ལྔའི་བོད་ཙམ་མིན་པར། བོད་ཅེས་པའི་མིང་བརྡའི་གོ་ཚོད་ལྟར་ཏེ། ལོ་རྒྱུས་འཕེལ་འགྲིབ་ཀྱི་ཆོས་ཉིད་དང་འབྲེལ་ཏེ་ཡོད་ཅིང་། གནས་བབ་མི་འདྲ་བའི་འོག་ཨ་ཅང་སྣ་མང་ཅན་ཏུ་འགྱུར་མྱོང་ཞིང་། ཕྱིས་ཀྱང་དེ་བཞིན་འགྱུར་ངེས་ཡིན་པ་དེ་རེད། དཔེར་ན་ཐོག་མའི་དུས།  1སྟོད་ཁམས་གསུམ་དང་། བར་ཁམས་གསུམ། སྨད་ཁམས་གསུམ་ཞེས་པ། 2བོད་བཙན་པོའི་དུས་ལ་དཔའ་སྡེ་གསུམ་ཞེས་པ། 3སིལ་བའི་དུས་ཤིག་ལ་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས་པ། 4ས་སྐྱའི་གདུང་རབས་སྐབས་ཆོལ་ཁ་གསུམ་ཞེས་པ། 5དགའ་ལྡན་ཡིག་ཚང་གི་དུས་སུ་སྤྱི་ཁྱབ་བཅུ་ཟེར་བ་སོགས་མིང་བརྡ་གཅིག་ལ་ཁྱབ་ཁོངས་ཇི་སྙེད་བྱུང་མྱོང་བ་ལྟར།འདིར་ཡང་དངོས་ཡོད་ལོ་རྒྱུས་ཀྱི་གནས་བབ་གང་གིས་མཚོན་པའི་མི་རིགས་དེ་རང་ངོ་།།

12.jpg

           གློག་བརྙན་དེ་ནི་བོད་མི་རིགས་ཀྱི་བསྡུས་གཟུགས་ཤིག་དང་མེ་ལོང་ཞིག་ཡིན་པ་སྟེ། རིག་གནས་དང་། ཆོས་ལུགས། དཔལ་འབྱོར་གནས་བབ་སོགས་གཅིག་ལ་གཅིག་འདྲེས་དང་། གཅིག་ལ་གཅིག་ཐིམ་གྱིས་ཡོད་པ་དང་། དད་མོས་དང་སེམས་ཁམས། འཚོ་བ་དང་འཚོ་བའི་ངོས་འཛིན། འགྲོ་འདུག་གི་གཤིས་གོམས་སོགས་ཇི་བཞིན་གསལ་ཞིང་། གནའ་བོའི་རང་རེ་ཅི་འདྲ་ཞིག་ཡིན་པའང་ལིང་ངེར་སེམས་ལ་བབ་རྒྱུ་ཞིག་བྱས་ཡོད། དེ་བས་གློག་བརྙན་འདི་ཡི་མཚོན་བྱའི་ཁྱབ་ཁོངས་ནི་ཧི་མ་ལ་ཡའི་ས་ཁུལ་གྱི་ར་བ་ལས་བརྒལ་ཏེ་བོད་ཁམས་ཡོངས་ལ་ཁྱབ་པ་ཞིག་རེད།

7.jpg

              བྱེ་བྲག་དུ་ནི་མཐོ་སྒང་དོལ་པོའི་ཡུལ་གྱི་ཚྭ་དང་དམའ་སའི་འབྲུ་རིགས་བརྗེ་ལེན་ཁྲོད། འགྲུལ་ཚོ་ནང་ཚུན་མ་འཁྱམ་པར་ཚོང་གི་ཁེ་དབང་རྩོད་གླེང་དང་།  ཕན་ཚུན་བར་ཐེ་ཚོམ་གོ་ལོག་གི་འགལ་ཟླ་བྱུང་ཏེ། འཐབ་འཛིང་ཤོར་ཞིང་འགྲན་ཟླར་ལངས་རེས་བྱས་པའི་བརྒྱུད་རིམ་ཞིག་བསྟན་ཡོད་པ་རེད། དེ་ལྟར་བོད་རང་གི་གཏམ་བརྒྱུད་རང་བཞིན་ཅན་གྱི་གློག་བརྙན་གསོན་ཉམས་དོད་ཤོས་དང་རྣམ་པ་ཚང་ཤོས་གཅིག་བུ་དེའང་རེད་སྙམ་ལ། གློག་བརྙན་འདིའི་ཁྲོད་ན་དྲན་འཆར་གྱི་སྣང་བ་དང་། དྲན་འཕྲུལ་ཀྱི་རྟོག་པ་ཞིག་མུ་ནས་བསྲིང་ཞིང་འཇའ་ཚོན་མིག་ལ་འཁྱིལ་བ་ལྟ་བུའི་མཛེས་སྡུག་གི་ཆ་དང་།  དངོས་མེད་ཡིན་ཡིན་འདྲ་བའི་མཚར་སྣང་གི་ཟོལ་སོགས་མཉམ་སྦྲེལ་ཁྲོད་སྒྱུ་འཕྲུལ་གྱི་ཁྱམས་ཡངས་ཤིག་་བཞེངས་བསྐྲུན་བྱས་ཡོད། གློག་བརྙན་འདིའི་སྐད་ཆ་ནི་དམངས་ཀྱི་སྐད་ཆ་ཕལ་བ་ཤ་སྟག་ལས་གྲུབ་པ་དེས་ཀྱང་། འཚོ་བའི་ཆོས་ཉིད་དང་ཉེ་ཞིང་དངོས་བཤུས་གློག་བརྙན་གྱི་མཛེས་རྒྱན་ཞིག་ཏུ་སོང་ཡོད།

14.jpg

         ཁོ་མོ་མི་གྲངས་དུང་ཕྱུར་བཅུ་གཉིས་ལྷག་གི་དོ་སྣང་བྱ་ཡུལ་གྱི་འཛམ་གླིང་གི་འཁྲབ་སྟེགས་སུ་ཞུགས་ཤིང་།  གདོང་དབྱིབས་དང་། མིགས་མདངས།  གྱོས་གོས། སྣུམ་མདོག་གི་སྐྲ་ལོ་སླས་མ་སོགས་བོད་ཀྱི་རང་བཞིན་མངོན་པའི་རྣམ་པ་ཞིག་འཛམ་གླིང་གི་གཟིགས་མོ་རུ་བཤམས། དེ་ལྟར་ཁོ་མོ་ནི་བོད་རིགས་སྨན་ཤར་ཚོའི་གྲས་ཀྱི་གློག་བརྙན་ལས་རིགས་ཀྱི་རྟོགས་པ་སད་སྔ་ཤོས་དང་།  རྒྱལ་སྤྱིའི་གློག་བརྙན་ལས་རིགས་ཁྲོད་གོ་བབ་མཐོ་ཤོས་བླངས་ཡོད་མཁན་ཞིག་རེད།  ཉེ་ཆར་གདོང་དེབ་དྲ་ཚོམས་ལས་ཁོ་མོ་དང་འཕྲད་དེ་གླེང་མོལ་བྱ་རྒྱུ་བྱུང་ཞིང་།  ཁོ་མོའི་གློག་བརྙན་ལས་རིགས་དང་འབྲེལ་བའི་བཅར་འདྲི་ཞིག་ཀྱང་དང་ལེན་ཐོབ་ཡོད།

 

ངེད་དྲ་བས་ཆོག་མཆན་མེད་པར་གཞན་དུ་འགོད་མི་ཆོག 

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།